སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྟོད་ལུང་འབྲི་ལུང་དགོན་དང་། སོག་གཡུང་དྲུང་གླིང་གི་ལོ་དུས་ལ་དཔྱད་པ། 
[ 2011/5/13 22:34:00 | By: འགོ་བ་དགེ་བཤེས། ]
 

སྟོད་ལུང་འབྲི་ལུང་དགོན་དང་། སོག་གཡུང་དྲུང་གླིང་གི་ལོ་དུས་ལ་དཔྱད་པ།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས།

འདིར་གཙོ་བོ་སྟོད་ལུང་འབྲི་ལུང་དགོན་དང་། སོག་གཡུང་དྲུང་གླིང་གཉིས་སོག་དམག་གིས་གཏོར་བའི་ལོ་དུས་ལ་དཔྱད་པ་གཏོང་རྒྱུ་ལས་རྩ་བའི་འབྲི་ལུང་དགོན་གྱི་ལོ་རྒྱུས་རྒྱས་པ་ཁོ་བོས་ཟུར་དུ་བྲིས་ཡོད་པས་འདིར་གླེང་རྒྱུ་མིན།

ལོ་རྒྱུས་ཐོག་སོག་པོའི་བདུད་དམག་གདུག་རྩུབ་ཅན་གྱིས་བོད་ལ་གཏོར་བཅོམ་འཕྲོག་གསུམ་དང་། བསད་རྨས་བསྲེགས་གསུམ་གྱི་བྱ་ངན་ཐེངས་མང་སྤེལ་ཡོད་ཀྱང་། གཙོ་བོ་དམག་ཤུགས་ཆེ་ཤོས་ཐེངས་གསུམ་ཙམ་སྤེལ་ཡོད་དེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། འཁོར་བ་གཏིང་ནག་སྤྲུལ་པ་ནི།  ཇིང་གིན་གེརརྒྱལ་པོ་བྱ་བ་འབྱུང་།  འབུམ་ཚོ་གསུམ་གིས་དེད་དཔོན་བྱེད།…….ཧ་ལ་གདོང་བརྒྱད་སྤྲུལ་པ་ནི།  དོར་ཏོ་ནག་པོ་བྱ་བ་འབྱུང།ཞེས་ལུང་གིས་ཟིན་པ་ལྟར། སོག་པོ་ཇིང་གེར་རྒྱལ་པོ་成吉思汗དང་དམག་དཔོན་དོར་ཏ་ནག་པོ་སོགས་དམག་འཐབ་གཡུལ་འཁྲུགས་ཀྱི་སྒོ་ནས་མི་བྱེ་བ་མང་པོའི་ཚེ་སྲོག་ལ་གནོད་འཚེ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་འཚེ་གཏོང་མཁན་གྱི་མི་སྣ་ཡིན་པའི་ཆ་ནས་སྔོན་གྱི་བྱང་འཕགས་རྣམས་ཀྱིས་མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་ལུང་བསྟན། སོག་དམག་ཐེངས་དང་པོ་དེ་དུས་རབས་བཅུ་གསུམ་པའི་ནང་ཡོན་རྒྱལ་རབས་ཀྱི་གོ་དན་རྒྱལ་པོས་ས་སྐྱ་པའི་གྲུབ་མཐའི་རྒྱབ་སྐྱོར་ལ་དམིགས་ཏེ་དམག་དཔོན་དོར་ཏ་ནག་པོའི་སོག་དམག་བོད་ལ་བཏང་ནས་གཏོར་བཅོམ་བསད་རྨས་ཀྱི་ལས་འགུལ་བརྩམས་ཏེ། མཁས་དབང་དུང་དཀར་གྱིས་མཛད་པའི་དེབ་ཐེར་དམར་པོའི་མཆན་འགྲེལ་༢༡༠ནང་འཁོད་དང་། ཁོང་གི་ཚིག་མཛོད་ཆེན་མོ་ལས།༡༢༤༠ལོར་གོ་དན་རྒྱལ་པོས་དམག་དཔོན་དོར་ཏ་ནས་སྣེ་ཁྲིད་པའི་སོག་དམག་བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་བཅས་བོད་མི་མཐོང་ཚད་གསོད་པ་དང་། ཁང་པ་མེར་བསྲེགས། རྒྱུ་དངོས་འཕྲོག་བཅོམ་བཅས་ཀྱི་དམག་ཇུས་ལག་བསྟར་བྱས་ཏེ་རིམ་བཞིན་འཕན་པོར་འབྱོར་ནས་རྒྱལ་ལྷ་ཁང་མེར་བསྲེགས། རྭ་སྒྲེང་གཙུག་ལག་ཁང་ལ་ཡང་གནོད་སྐྱོན་ཆེན་པོ་བཏང་། སྟག་ལུང་དགོན་པ་རྨུགས་པས་པསྒྲིབས་ནས་མ་མཐོང་། གྲྭ་པ་རབ་བྱུང་ལྔ་བརྒྱ་ཙམ་བསད།”⑾ཅེས་འཁོད་པའི་ནང་། སོག་ཆུ་ཁ།ཞེས་པ་དེ་སོག་གཡུང་དྲུང་གླིང་ཆགས་སར་ངོས་འཛིན་ཏེ་དགོན་དེ་སོག་ཆུ་དང་འཆམ་ཆུ་གཉིས་ཀྱི་འདུས་མདོའི་ཁ་ལ་ཆགས་ཡོད་པའི་གནད་ཀྱིས་དེ་ལྟར་ངོས་འཛིན་པ་ལྟར་བྱས་ན་དགོན་དེ་སོག་པོ་དོར་ཏ་ནག་པོས་གཏོར་ཟེར་ལ། དེ་ཙམ་མ་ཚད། ཁྱུང་རབས་རྣམ་དག་ཤེལ་ཕྲེང་ལས་བཤད་པ་ལྟར་བྱས་ན། ཐོག་མར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གནམ་མཚོའི་དོ་ལ་སྒྲུབ་པ་བཞུགས་སྐབས་མཚོ་ལ་གནས་པའི་ཀླུ་སྲིན་གྱིས་འཕྲག་དོག་བྱས་ཏེ་སྒྲུབ་ཕུག་བྲག་སྒོ་ཆུ་ཡིས་བཀག དེ་ཚེ་སྟོང་རྒྱུང་གིས་ཕྱག་ཆ་ཕུར་པ་འཕང་ནས་ཀླུ་སྲིན་ལ་བརྒྱབ་སྟེ་བསྒྲལ། དེ་འཆི་ཁ་ལ་ངས་ཁྱོད་སྲོག་ལན་ཐེངས་གསུམ་རྙོགས་ཟེར་ནས་དམོད་ངན་བོར་ནས་ཤི  དེའི་རྒྱུ་འབྲས་དང་འབྲེལ་བར། དཔོན་དགེ་དང་དཔོན་དབུས་གཉིས་སྟོང་རྒྱུང་གི་སྤྲུལ་པ་དང་། དོར་ཏ་ནག་པོ་སྔོན་ཀླུ་སྲིན་གྱི་སྤྲུལ་པ་ཡིན་པ་བརྟེན། དོར་ཏས་བླ་མ་གཉིས་བཀྲོངས་ཚུལ་ནི། ཁྱུང་རབས་ལས།སྟོང་རྒྱུང་རྒྱ་གར་ཡུལ་དུ་འདས། སྤྲུལ་པ་བོད་ཡུལ་སྐུ་གཉིས་འཁྲུངས། ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་ཞེས་གྲགས། དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། ཁྱུང་པོ་དགེ་བའི་མཚན་ཅན་འབྱུང་།  སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ཡིན། ཞེས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ངའི་མཆོག་གིས་སྤྲུལ་པ་ལས།  ཁྱུང་པོ་དཔོན་དགེ་བྱ་བ་འབྱུང་།  བསྐྱེད་རྫོགས་ས་ལམ་དོན་རྟོགས་ཅིང་།  གྲུབ་རྟགས་དུ་རུ་ཁ་ལ་སྟོན།  ཞེས་གསལ།ཀླུ་སྲིན་རྣམས་ཀྱི་རྣམ་ཤེས་ནི། ཧོར་གྱི་མི་ཆེན་དོར་ལྟོ་དང་། ཡེ་སྟོར་དམག་སྡེ་དཔུང་བཅས་སྐྱེ། དེ་ལྟར་སྔོན་གྱི་ལན་ཆགས་བསྙེགས།……མཚོན་གྱིས་དབུ་བཅད་མ་ཆོད་པས། ཁོང་གཉིས་ཐུགས་ཞི་དྲག་གི་ངང་དུ་བཞུགས་ཡོད་པ་ལ། དཔོན་དགེས་ན་རེ། ཕྱག་གི་སྲིན་མཛུབ་ལ་ཁྲག་བཏོན། ཁྲག་མཆོད་ནམ་མཁར་གཏོར་ནས་སུ། གཡུང་དྲུང་བོན་གྱི་བསྟན་བསྣུབས་ལ། སྲིད་པ་རྒྱལ་མོས་ར་མདའ་བཟློག ཅེས་གསུངས། དཔོན་དབུས་ན་རེ། དེ་རིང་ཐུགས་བསྐྱེད་མ་ལོག་ཐུགས་ཉིད་ཞི་བ་མཛོད། འདི་སྔོན་གྱི་སྲོག་གི་ལན་ཆགས་ཡིན་འདུག་པས། དགོངས་པ་ལྷོད་ལ་ལུས་སྦྱིན་པ་ཐོངས་ཤིག་གསུངས་ནས། དབུ་ཞྭ་གཉིས་ཕྱག་གཉིས་ཀྱིས་ཕུད་ནས་ཐང་དུ་བཞག དགོངས་པ་ལྷོད་ནས་བཞུགས་ཏེ། དེ་ནས་དབུ་ཆོད་དོ།……དེ་ནས་ཁྱུང་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས། མདོ་བ་རྟ་རྗེ་ལྡིང་ཁྱུང་ཆིབས། མདོ་སྨད་ཕྱོགས་སུ་བྱོན་ནས་སུ། ཞབས་ཀྱི་བཅག་པའི་ས་མལ་དུ། མེ་ཏོག་རེ་རེ་འཁྲུངས་སུ་བྱུང་།  དེ་རྗེས་ཧོར་དམག་བྱུང་བ་ལ། འོ་བརྒྱད་ལུག་རྫིས་མཐོང་ནས་སུ། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་མ། ནམ་མཁར་གང་བའི་སྤྲུལ་པ་ཆགས། དེ་རྗེས་ཤེས་རབ་རྒྱལ་མཚན་གྱིས། ཁྱུང་དཔོན་དབུས་དཔོན་དགེ་ཧོར་གྱིས་བཀྲོངས། ཁྱུང་པོ་ཨ་བླ་ཧོར་གྱིས་ཁྱེར། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། སྲིད་པ་རྒྱལ་མོས་ར་མདའ་བཟློག གསུངས་པས་ལུག་རྫི་ཡང་སྐྲག་ནས་དེ་བཞིན་བཟླས། རྡོ་སེར་བྱ་སྒོང་ཙམ་རེ་དང་། ཐོག་རྒོད་ཆར་བཞིན་ཕབ་ཏུ་བྱུང་། ཧོར་དམག་མི་རྟ་ཐམས་ཅད་ནི། གཅིག་ཀྱང་མ་ལུས་བསད་ནས་བརླག ཁྱུང་པོ་སྐུ་མཆེད་སྐུ་གདུང་གཉིས། འོ་བརྒྱད་ཡུལ་གྱི་མི་སྡེ་ཡིས། ལུག་རིལ་ནང་དུ་ལྷན་བཞུས་པས། ཞག་དང་ཟླ་བ་མང་པོ་ལ། མེ་ཏོག་ཆར་བབ་གཞའ་ཚོན་ཟུག ཤ་རྐྱང་འབྲོང་རྒོས་བསྐོར་བ་བྱས། མི་མ་ཡིན་གྱིས་མཆོད་པ་ཕུལ། ཕྱིས་སུ་འོ་བརྒྱད་ཡུལ་སྡེ་ཡིས། གདུང་ཐལ་སློག་པས་རྟེན་གསུམ་ལ། ཞལ་གཅིག་ཕྱག་གཉིས་ཞི་ཁྲོ་ནི། རྒྱབ་སྤྲོད་གྲགས་ཅན་གྱི་རྟེན་ཞི་ཁྲོ་རྒྱབ་སྤྲོད་ཟེར་བ་དེ་བླ་མ་རྣམ་གཉིས་སོག་དམག་གིས་བཀྲོངས་དུས་གཅིག་ཐུགས་ཞི་བ་དང་། གཅིག་ཐུགས་དྲག་པོར་བཞུགས་ཤིང་སྐུ་གདུང་གཉིས་མཉམ་དུ་ཞུགས་འབུལ་བྱས་རྗེས་རྟེན་ཞི་ཁྲོ་རྒྱབ་སྤྲོད་བྱུང་ཟེར།སྟོང་རྒྱུང་ཞི་དྲག་པོ། རི་རྩེར་སྐུ་འབུམ་བཞེངས་པ་ཡང་། འོ་བརྒྱད་ཀྱིས་བཞེངས་བྱིན་ཆེ་གྲགས།”⑿ཞེས་གསལ་བ་ལྟར་ན་ཁྱུང་པོ་དཔོན་དགེ་དང་དཔོན་དབུས་གཉིས་ནི་སོག་གཡུང་དྲུང་གླིང་གི་བླ་བརྒྱུད་ནང་ཡིན་པ་དང་། དེ་དོར་ཏའི་དམག་གིས་བཀྲོངས་པའི་ལོ་རྒྱུས་ལྟར་བྱས་ན་སོག་གཡུང་དྲུང་གླིང་གཏོར་དུས་དེ་དུས་རབས་བཅུ་གསུམ་པའི་ནང་ཡིན་དགོས།        དེ་བཞིན་སོག་དམག་ཐེངས་གཉིས་པ་དེ་དུས་རབས་བཅུ་བདུན་པའི་ནང་གུ་ཤྲི་ཧན་གྱིས། རི་བོ་དགེ་ལྡན་པའི་གྲུབ་མཐའི་རྒྱབ་སྐྱོར་ལ་དམིགས་ཏེ། སྤྱི་ལོ་༡༦༣༧་ལོར་ཐོག་མར་མཚོ་སྔོན་དུ་ཡོད་པའི་སོག་པོ་ཆོག་ཐུའི་དཔུང་དམག་ཁྲི་བཞི་མ་ཟིན་ཙམ་ཡོད་པ་རྣམས་ཚར་བཅད་ནས་ལྷ་སར་ཕེབས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་མཇལ་ཏེ་འབུལ་རྟེན་རྒྱ་ཆེན་པོ་ཕུལ་ནས་ཆོས་འབྲེལ་ཞུས། ཏཱ་ལའི་བླ་མས་གུ་ཤི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་བསྟོད་གནང་། དེ་ནས་སོག་ཡུལ་ཕྱིར་ལོག་སྟེ་ལོ་ཤས་བསྡད། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ངའི་བྱིན་གྱིས་བརླབས་པའི་བུ།  བེ་རི་རྒྱལ་བའི་མཚན་ཅན་འབྱུང་།  གསལ་སྟོང་འཛིན་མེད་ལྟ་བ་ཡི།  སྤྱོད་ཚུལ་ཟབ་མོས་འགྲོ་བ་འདྲེན། ཞེས་ལུང་གི་བསྔགས་པའི་བེ་རི་དོན་ཡོད་རྒྱལ་པོ་ནི་སྐབས་དེར་བོད་ཀྱི་ཁམས་ཕྱོགས་ལ་སྟོབས་འབྱོར་མངའ་ཐང་ཅན་གྱི་རྒྱལ་པོ་དང་། མཁན་ཆེན་ཉི་མའི་རྣམ་ཐར་ལས། ཁམས་བེ་རི་རྒྱལ་པོའི་མངའ་རིས་སུ།  བོན་གཡུང་དྲུང་གི་བསྟན་པ་མེ་ལྟར་འབར།ཞེས་པ་ལྟར། གཡུང་དྲུང་བོན་གྱི་བསྟན་པའི་སྡོང་གྲོགས་རྒྱ་ཆེར་མཛད་པས། སོག་པོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་སེམས་ལ་འཕྲག་དོག་དང་ཞེ་སྡང་གི་བརྣག་པ་ཆེན་པོར་སྐྱེས་ཏེ། ༡༦༣༩ལོར་དམག་དྲངས་ཏེ། མཁན་ཆེན་ཉི་མའི་རྣམ་ཐར་ལས། སོག་དམག་དང་འཁྲུགས་འཐབ་འགའ་ཞིག་བྱས་མཐར།  བེ་རིའི་རྒྱལ་ས་ཡང་སོག་པོར་ཤོར།  དགོན་སྡེ་ཆེ་ཆུང་ཐམས་ཅད་འགའ་ཞིག་གཏོར།  འགའ་ཞིག་ཞྭ་བསྒྱུར།  ཡབ་རྒྱལ་པོ་དོན་ཡོད་ནི་བཀྲོངས་བས།  སྲས་སྟོབས་རྒྱལ་གཙོས་པའི་བེ་རི་མི་བརྒྱ་རྟ་བརྒྱ་ལི་ཐང་ཕྱོགས་སུ་བྲོས།”⒀ ཞེས་གསལ་བ་ལྟར། གོ་ཤིས་བེ་རི་དོན་ཡོད་རྒྱལ་པོ་གཏོར་ཕམ་བཏང་ཞིང་། ཁམས་ཁུལ་བོན་གྱི་དགོན་ཆེན་བཅོ་བརྒྱད་དང་། དགོན་ཆུང་གྲངས་མང་གཏོར་བཅོམ་འཕྲོག་བསད་ཀྱི་སྒོ་ནས་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཞྭ་ བསྒྱུར། དུས་དེ་ནས་བཟུང་ཁམས་ཁུལ་གྱི་བོད་མི་རྣམས་ཀྱི་སེམས་ནང་དུས་ནམ་ཡང་བསུབ་ཏུ་དཀའ་བའི་ཁྲག་གི་རི་མོ་ཞིག་བྲིས་ཡོད་པའི་གནད་ཀྱིས་དུས་རྒྱུན་མི་རྣམས་ཁོང་འཁྲོ་ཟ་བའི་སྐབས་སུ་དགྲ་ནག་པོ་སོག་པོ་སྟག་ཁྲིད་ཅན་གྱི་ལག་ཏུ་ཕོགས”﹙སོག་རྟ་ཁྲ་ཅན་དང་། རྟ་ཁྲབ་ཅན། སྟག་ཁྲིད་ཅན་སོགས་ཟེར་སྲོལ་དང་འབྲི་སྲོལ་མང་ཡང་དོན་དངོས་མིང་དེ་དག་ཚུལ་ཇི་ལྟར་ཐོགས་མིན་སྐོར་ལོ་རྒྱུས་ནང་གསལ་པོ་མ་མཐོང་ཡང་སྔོན་དུས་སོག་པོ་ལ་རྟ་ཁྲལ་འབུལ་དགོས་པའི་གནད་ཀྱིས་མིང་དེ་ལྟར་ཐོགས་པ་མིན་ནམ་སྙམ།ཟེར་བའི་ཐ་ཚིག་གི་དམོད་མོ་དེ་ད་བར་གནས་ཡོད་པའོ།

དེ་ནས་སོག་དམག་ཐེངས་གསུམ་པ་དེ། དུས་རབས་བཅོ་བརྒྱད་པའི་ནང་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་༡༧༡༦ལོར་སོག་དམག་དྲུག་སྟོང་ཙམ་ཞིག་བོད་དུ་བཏང་། དགེ་ལུགས་པར་རྒྱབ་སྐྱོར་ཡིན་ཁུལ་བྱས་ཏེ་སྤྱི་ལོ་ ༡༧༡༧ ལོར་སོག་དམག་ལྷ་སར་འབྱོར་ཏེ་སྐབས་དེའི་བོད་ཀྱི་སྲིད་སྐྱོང་ལྷ་བཟང་བཀྲོངས། དེའི་ཕྱི་ལོ་ནས་བཟུང་ཇུན་གར་བའི་དཔུང་དམག་གིས་བོད་དབུས་གཙང་ཁུལ་ལ་གཙོ་བོ་ཪྙིང་མའི་དགོན་པ་དང་། བོན་པོའི་དགོན་པ། བཀའ་རྒྱུད་ཀྱི་དགོན་པ་ཁག་ལ་ཧ་ཅང་གི་སྡང་ཟུག་ཆེན་པོས་གཏོར་བཅོམ་བསད་རྨས་ཀྱི་གཏོར་བཤིག་ཚབས་ཆེན་བཏང་ནས་ལོ་གསུམ་རིང་རང་སྣང་གང་དྲན་གྱི་བྱ་སྤྱོད་སྤེལ་ཡོད་ཀྱང་། ༡༧༢༠ལོར་བོད་ཀྱིས་ཇུན་དམག་རྒོལ་ལན་གྱིས་ཕྱིར་བསྐྲོད་བཏང་ཐུབ་ཡོད།

       བོན་དགོན་དུ་མ་ཞིག་སོག་པོའི་དམག་གིས་གཏོར་ཚུལ་བཤད་རྒྱུན་དང་ལོ་རྒྱུས་གཉིས་མཐུན་ཡང་། ལ་ལས་སོག་པོ་དོར་ཏ་ནག་པོས་གཏོར་ཚུལ་དང་། ལ་ལས་གོ་ཤྲིས་དམག་གི་གཏོར་ཚུལ། ལ་ལས་ཇུན་གར་བའི་དམག་གིས་གཏོར་ཟེར་བ་བཅས་ཅུང་མི་མཐུན་ལ། དེ་དག་གི་བར་ལོ་རབས་ཀྱི་ཁྱད་པར་དཔེར་ན་དོར་ཏ་དང་ཇུན་གར་གཉིས་བར་ལོ་བཞི་བརྒྱ་བརྒྱད་ཅུ་ཙམ་གྱི་ཁྱད་ཆེ་བས་གནད་དོན་འདི་དག་ལོ་རྒྱུས་མང་པོ་ཞིག་ལ་འབྲེལ་བ་ངེས་ཅན་ཡོད་པའི་ཆ་ནས་དཔྱད་པ་ནན་པོ་ཞིག་བྱེད་དགོས་པ་གལ་ཆེ། ཁོ་བོའི་ལྟ་ཚུལ་བྱས་ན།  ལྷ་སའི་སྟོད་ལུང་འབྲི་ལུང་དགོན་གཏོར་ཤུལ་དེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཞང་སྟོན་གྲོང་ཚོའི་ལུང་པའི་ནང་དུ་ཡོད།དང་། བོན་སྟོད་གླང་མ་ལུང་གི་བོན་གྱི་དགོན་ཆེན།གཏོར་ཤུལ་དེང་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་བོན་ཐ་ཤང་ནང་ཡོད།ཧོར་ཡུལ་བོན་གྱི་དགོན་ཆེན་སོག་གཡུང་དྲུང་གླིང་།གཏོར་ཤུལ་དེང་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་ནང་འཆམ་མདའ་ཟེར་སར་ཡོད།བཅས་བོན་གྱི་དགོན་ཆེན་ཁག་གསུམ་དེ་སོག་དམག་གིས་གཏོར་བའི་དགོན་ཤུལ་ཁག་གསུམ་ཡིན་པ་ལ་ཐེ་ཚོམ་མེད་ཀྱང་། དགོན་ཆེན་དེ་དག་ཐོག་མར་ཆགས་དུས་དང་། བར་དུ་གནས་དུས། ཐ་མར་གཏོར་དུས་སོགས་དུས་ཚོད་གཏན་ཁེལ་ཅན་ཞིག་ད་བར་མ་རྙེད་ཀྱང་། ལོ་རྒྱུས་སྤྱི་འགྲོས་ཀྱི་ཚུལ་དུ་དཔྱད་གཏམ་ཁ་ཤས་ཞིག་གླེང་ན།  སྟོད་ལུང་འབྲི་ལུང་དགོན་པ་ནི་གོང་བཤད་ལྟར་ཞང་སྟོན་དམ་པ་ཚུལ་ཤེས་ཀྱིས་སྔར་ཡོད་ཀྱི་སྔགས་དགོན་དེ་ཉིད་རྨང་གཞི་བྱས་ཏེ་དུས་རབས་བཅུ་གཉིས་པའི་དུས་མགོར་ཙམ་ལ་དགོན་འདི་རྣམ་དག་འདུལ་བའི་དགོན་སྡེ་གསར་དུ་བཙུགས་ལ། དགོན་དེ་གཏོར་དུས་ནི། དུས་རབས་བཅོ་བརྒྱད་པའི་དུས་མགོར་ཇུན་གར་དམག་གིས་༡༧༡༨ལོར་གཏོར་བར་ངེས་ཏེ། གཅིག་ན་ཇུན་དམག་གིས་ལོ་གསུམ་རིང་ལྷ་སའི་སྐོར་གཙོས་དབུས་གཙང་ཁུལ་ལ་གཙོ་བོ་རྙིང་མ་དང་བོན་པོའི་དགོན་པ་གཏོར་བཤིག་བྱས་པའི་ལོ་དེ་ནས་འགོ་བརྩམས་པ་དང་། གཉིས་ན་ད་ལྟ་སྟོད་ལུང་འབྲི་ལུང་དགོན་པའི་ཡུལ་མི་རྒན་པ་རྣམས་ཀྱིས་དགོན་པ་དེ་སོག་པོ་ཇུན་གར་དམག་གིས་གཏོར་ཟེར་བ་ལས་དོར་ཏ་དང་གོ་ཤྲིས་གཏོར་བའི་ལོ་རྒྱུས་གླེང་རྒྱུ་མེད་པས་སོ།

སོག་གཡུང་དྲུང་གླིང་དང་། བོན་སྟོད་གླང་མ་ལུང་གཉིས་ནི། དཔལ་ཚུལ་བསྟན་འབྱུང་ལས། དགོན་འདི་དང་པོ་ནམ་ཆགས་མ་ཤེས་ཀྱང་རབ་བྱུང་གསུམ་པའི་ནང་དུ་ངེས་པར་ཡོད།ཅེས་པའི་རབ་བྱུང་གསུམ་པ་ནི་དུས་རབས་བཅུ་གཉིས་པའི་ནང་ཡིན་ལ། བོན་བསྟན་ཕྱི་དར་སྐབས་བོན་གྱི་འདུལ་དགོན་ཆགས་སྔ་ཤོས་ནི་འདུས་སྡེ་ཆེན་མོ་གཡས་རུ་དབེན་ས་ཁ་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་ལ། སོག་གཡུང་དྲུང་གླིང་སོགས་དེ་ཚུན་ཆད་ཆགས་དགོས་པ་དངོས་ཡོད་གནས་ཚུལ་རེད། དེས་ན་དགོན་པ་དེ་དུས་རབས་བཅུ་གཉིས་པའི་ནང་ཡོད་པ་ཤེས་ཐུབ་ལ་དེ་སྐོར་ཕྱག་བཏབ་ཡོད་སྲིད། སོག་གཡུང་དྲུང་གླིང་གི་ལོ་རྒྱུས་ཟུར་ཙམ་འཁོད་པ་ཧོར་གྱི་རྒྱལ་རབས་ཉི་ཟེར་དྲ་བ་དང་། མཁར་དམར་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱིས་མཛད་པའི་བཀའ་འགྱུར་དཀར་ཆག་དག་ལས་འཁོད་པ་ལྟར་བྱས་ན། ཐོག་མར་ཧོར་གྱི་ཨ་ཆེན་འཐོར་བ་སྐྱ་བདུན་བྱ་བ་གཙང་ས་སྐྱ་ལ་གཏེར་ལེན་ཟེར་བ་ལ་གསེར་ལེན་ཞེས་པ་གོ་ནས་སོག་ཡུལ་ནས་རིམ་བཞིན་ཡོང་སྟེ་མཐར་སོག་ན་ར་ཁུག་དེང་སོག་གྲུ་ཁུག་ཟེར།ལ་འབྱོར། དེ་ནས་མར་ཡོང་སོག་གཡུང་དྲུང་གླིང་ལ་འབྱོར་དུས། དགོན་པ་དེ་ཁྲིམས་བཙན་པོ་ཡོད་སྐད་ཁོང་ཚོས་དགོན་པའི་ཁྲིམས་དང་ལེན་མ་བྱས་ཏེ་ཁོ་ཚོས་དགོན་པར་འཁྲུགས་རྩོད་བསླང་ཞིང་མདའ་རྩལ་འགྲན་རེས་བྱས་པས་མཐར་ཁོ་ཚོ་རྒྱལ་ནས་སོག་གཡུང་དྲུང་གླིང་གི་མར་ཁར་ལྷ་རྩེ་རྫོང་རྒྱབ་པའི་གནས་ཚུལ་ལ་གཞིགས་ན། འཐོར་བ་སྐྱ་བདུན་ཡོང་བའི་དུས་དེ། མཁར་སྤྲུལ་གྱི་བཀའ་འགྱུར་དཀར་ཆག་ལས། དུས་དེ་ཙམ་ན་སྟོད་དུ་གཙང་པ་རྒྱལ་པོ་ས་སྐྱས་བོད་དབང་བསྒྱུར་སྐབས་བཤད། དང་། སྨད་དུ་རྒྱ་ནག་རྒྱལ་པོ་དང་། བར་དུ་ཇིང་གེར་རྒྱལ་པོ་གསུམ་ཙམ་མ་གཏོགས་པའི་གཞན་གྱི་མི་དཔོན་རྣམས་ལ་དཔོན་མིང་ཆེར་མི་གྲགས།ཞེས་འཁོད་པ་ལ་གཞིག་ན་ཨ་ཆེན་འཐོར་བ་སྐྱ་བདུན་སོག་གཡུང་དྲུང་གླིང་ལ་སླེབ་པའི་དུས་ཚོད་དེ་སྟོད་དུ་གཙང་པ་རྒྱལ་པོ་ཞེས་པ་ས་སྐྱས་བོད་ལ་དབང་བསྒྱུར་བྱས་པའི་སྐབས་སུ་བཤད་པས་དེ་ལྟར་ན། བོད་ས་སྐྱས་བཟུང་བའི་དུས་ཐོག་མ་འགྲོ་མགོན་ཆོས་རྒྱལ་འཕགས་པས། སྤྱི་ལོ་ ༡༢༥༣ ལོར་སྲིད་དབང་བཟུང་བའི་ལོ་ནས་བརྩིས་པས་དུས་རབས་བཅུ་གསུམ་པའི་ནང་ཡིན་དགོས་པའོ།

དེས་ན་སོག་གཡུང་དྲུང་གླིང་སོག་དམག་གིས་གཏོར་བའི་དུས་ཚོད་ལ་དཔྱད་པ་འགའ་ཞིག་དགོས་པའི་དུས་ལ་བབས།  གོང་དུ་བཤད་པའི་སོག་དམག་སྔ་ཕྱི་བར་གསུམ་ནང་དམག་དཔོན་དོར་ཏའི་སྐབས་སུ་བྱས་ན། དོར་ཏའི་དམག་བོད་ལ་སྔ་ཕྱི་ཐེངས་གཉིས་བྱུང་བའི་སྔ་མ་ནི། ༡༢༤༠ལོ་ཡིན་ལ། ཕྱི་མ་ནི་༡༢༥༢ལོ་ཡིན་པས་དེ་ལྟར་ན་དགོན་དེ་དུས་རབས་བཅུ་གསུམ་པའི་ནང་གཏོར་དགོས་པར་བརྟེན། དེ་ལྟར་བྱས་ན་སོག་གཡུང་དྲུང་གླིང་གི་བླ་རབསརྣམས་ཀྱི་དུས་ཚོད་དང་མི་འགྲིག་ལ། གཉིས་ན་དུས་རབས་བཅོ་བརྒྱད་པའི་དུས་བར་ཕལ་ཆེར་ལོ་ལྔ་བརྒྱ་ཡན་མན་རིང་ཧོར་ཡུལ་སྦྲ་ཆེན་ཁུལ་དུ་དགོན་པ་གཅིག་ཀྱང་མེད་པར་འགྱུར་བའི་སྐྱོན་ཡོད། གསུམ་ན་དགོན་དེ་ཆགས་པ་དང་ཞིག་པའི་བར་ཐག་ཐུང་ལ། ས་སྐྱའི་དབང་བསྒྱུར་སྐབས་ཡོད་ཟེར་བ་དང་མི་མཐུན།

མཁས་པ་དཔལ་ཚུལ་སོགས་ཀྱིས་སོག་གཡུང་དྲུང་གླིང་དེ་འགོང་པོ་ཇུན་གར་དམག་གིས་གཏོར་ཞེས་པ་དེ་ལ་མི་འཐད་པ་ཡོད་དེ། ཇུན་གར་དམག་གིས་གཏོར་བཤིག་བཏང་ས་དབུས་གཙང་ཁུལ་མ་གཏོགས་ཁམས་ཕྱོགས་ལ་དེ་ཙམ་འབྲེལ་བ་མེད་ལ། གལ་སྲིད་ཡིན་ན་༡༧༡༨ལོར་ཡིན་དགོས་པས་དེ་ལྟར་ན་དུས་རབས་བཅོ་བརྒྱད་པའི་ནང་ཡིན་དགོས་ལ། དེ་ལྟར་བྱས་ན། ཡོངས་གྲགས་སོག་གཡུང་གླིང་གཏོར་རྗེས་ཧོར་ཡུལ་དགོན་པ་མེད་ནས་ཧོར་ཆོས་འབུམ་གྱི་སྲས་པོ་ཧོར་བླ་མུ་ཁྲིས་སྤྱི་ལོ་ ༡༧༡༥ ལོར་དགོས་པའི་དབང་གིས་ལུང་བཟང་ཤེལ་བྲག་གི་རི་ཁྲོད་བཏབ་ཟེར་བ་སོགས་མི་འགྲིག་ལ། གཉིས་ན་ཡུལ་མིས་ཤོད་རྒྱུན་ལ་གོ་ཤྲིས་དམག་གིས་གཏོར་ཚུལ་ལས་ཇུན་གར་བས་གཏོར་ཚུལ་བཤད་རྒྱུ་མེད་པའོ།

དོན་དངོས་ཐོག་སོག་གཡུང་དྲུང་གླིང་གཏོར་བའི་དུས་ཚོད་དེ་དམག་དཔོན་དོར་ཏའི་སྐབས་སུ་བྱས་ན་ཅུང་སྔ་བའི་སྐྱོན་དང་། ཇུན་གར་བའི་སྐབས་སུ་བྱས་ན་ཅུང་ཕྱི་བའི་སྐྱོན་ཡོད་ལ། ཕལ་ཆེར་དུས་ཚོད་ལ་གཞིག་ན་གོ་ཤྲི་ཧན་གྱི་དུས་ལ་འཚམས་པོ་ཡོད། དེ་ལྟར་བྱས་ན། སྤྱི་ལོ་༡༦༣༩ལོར་གོ་ཤྲི་ཧན་གྱི་དམག་དཔུང་ཁམས་ཕྱོགས་ལ་དྲངས་སྐབས་བོན་གྱི་རྒྱལ་པོ་བེ་རི་དོན་ཡོད་རྒྱལ་པོ་བཀྲོངས་ཤིང་ཁམས་ཕྱོགས་ཀྱི་བོན་དགོན་རྣམས་གཏོར་བཤིག་དང་རྩ་མེད་བཏང་བའི་ལོ་དེ་ཡིན་པས་དེ་ལ་འབྲེལ་བ་ངེས་ཅན་ཞིག་ལྡན་ཡོད། སོག་གཡུང་དྲུང་གླིང་དེ་སོག་རྫོང་དང་སྦྲ་ཆེན་རྫོང་གཉིས་ཀྱི་བར་མཚམས་ལ་གནས་ཡོད་ལ། ཡུལ་དེའི་ཡུལ་མི་རྒན་རབས་རྣམས་ཀྱིས་ཤོད་རྒྱུན་ལ་དགོན་དེ་སོག་པོ་གོ་ཤྲིས་དམག་དྲངས་ཚུལ་དང་། ལྷག་ཏུ་སྐབས་དེར་སོག་གཡུང་དྲུང་གླིང་གི་དབུ་བླ་ཁྱུང་པོ་ཡིན་པས་དེའི་རིགས་ཡིན་པ་ཤེས་ན་སོག་དམག་གིས་འཛིན་བཟུང་བྱེད་དེ་དམར་གསོད་གཏོང་བའི་ཉེན་ཁ་གཡོལ་ཆེད་ཁྱུང་པོ་དེ་འབྲུག་སྟག་ཅེས་པའི་མིང་བཏགས་ཚུལ་དང་། སོག་པོས་དགོན་དེ་གཏོར་རྗེས་དགོན་དེའི་རྟེན་གཙོ། དངུལ་སྐུ་སྟོན་པ་གཤེན་རབ་དང་། གསུང་རྟེན་ཁམས་ཆེན་པོད་དགུ། ཚོགས་དུང་རག་གཤོག་ཅན་རང་འཕུར་བྱུང་བ་ཞེས་པ་གཅིག གན་ཇི་ར་ཞེས་གསེར་འཕྲུ་བཀོར་བཞག་པ་གཅིག ཚོགས་ཟངས་ལྕགས་ཐག་རྒྱབ་པ་གཅིག་བཅས་སོག་ཙན་དན་དགོན་པའི་ནང་རྟེན་གཙོ་བོར་གྱུར་པ་དང་། གཞན་ཡང་སྔར་སོག་གཡུང་དྲུང་གླིང་གི་ལྷ་སྡེ་ཡིན་ཡང་དེང་ཙན་དན་དགོན་པའི་ལྷ་སྡེར་གྱུར་པ་ཡོག་ནག་ཁུག་འབྲུག་སྟག་ཁག་གི་ནང་ལ་མཚོན་ན། སྔར་སོག་གཡུང་དྲུང་གླིང་གཏོར་དུས་ནས་བཟུང་། ལྷ་གེ་ཁོད་དང་། མི་འབྲུག་སྟགཅེས་པའི་ཐ་སྙད་ཆགས་པ་ནས་བཟུང་འབྲུག་སྟག་ཁག་གི་མི་རབས་དུ་མའི་རིང་ཡི་དམ་གེ་ཁོད་བརྟེན་ནས་གསང་སྔགས་བསྒྲུབ་པའི་ཕྱག་ཆ་གཙོ་བོ། གྲི་སྲིའི་ཤུག་སྡོང་ལས་བཟོས་པའི་རྔ་ཆེ་འབྲིང་ཆུང་གསུམ་དགུ་ཡོད་པའི་ནང་ནས་བྱིན་ཆེ་བའི་རྔ་གསུམ་སྟེ། འབྲུག་སྟག་གི་གཤིན་རྗེ་ལང་ཡོ་ཞེས་པ་དང་། གཞན་ཡང་གཙང་ཚྭའི་དཀར་མོ་ལྷ་འབོད། སྨར་རྩའི་དམར་ནག་འཁྱིལ་བ་སོགས་ཅུང་གྲགས་ཆེ་བའི་རྔ་གསུམ་དང་། མདོར་ན། སྔར་ཕ་དགོན་གྲགས་པ་ཅན་ནས་བཟུང་། འབྲུག་སྟག་མི་རབས་དུ་མའི་རྟེན་སྐལ་དུ་གྱུར་པ། སྐུ་རྟེན་གཤེན་ལྷ་འོད་དཀར་དང་། གསུང་རྟེན་ཁྲོ་བོ་སེར་འབོ། ཐུགས་རྟེན་ཞི་ཁྲོ་རྒྱབ་སྤྲོད། ཡོན་ཏན་གྱི་རྟེན་ཀོན་དུང་རྭ་ཁ་མ། འཕྲིན་ལས་ཀྱི་རྟེན་རྔ་གཤིན་རྗེ་ལང་ཡོ་སོགས་རྟེན་རྫས་བྱིན་ཅན་བརྩི་བ་དེ་དག་འགའ་ཞིག་རིག་གསར་སྐབས་བརླག་གཏོར་སོང་ལ། ཁ་ཤས་དེང་སྐབས་མཇལ་ཡུལ་དུ་བཞུགས་ཡོད་ལ། གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་གཡུང་དྲུང་གླིང་ཙམ་མ་ཚད་སོག་རྫོང་གི་རེ་དཀར་སོག་གསུམ་ཞེས་པའི་རེ་ཤོད་དུ་རོང་པོ་བཀའ་དགོན་དང་། དཀར་ཤོད་དུ་གཅུང་པ་བཀའ་དགོན། སོག་ཤོད་དུ་གྲྭ་ཕུག་བཀའ་དགོན་སོགས་སྔར་བཀའ་རྒྱུད་པ་ཡིན་པས་དེ་དག་ཞྭ་བསྒྱུར་བྱས་ཞིང་། དེ་བས་ཀྱང་སྐབས་དེར་སོག་རྫོང་ཉེ་སྐོར་ལ་བཀའ་རྒྱུད་ཀྱི་དགོན་པ་མང་ཡང་དེ་དག་ཀུན།  ཕྱི་གོ་ཤྲིའི་དམག་གིས་དྲག་ཤུགས་ལ་བརྟེན། ནང་རྒྱལ་བ་སྐུ་ཕྲེང་ལྔ་པས་སོག་ཉེ་སྐོར་བོན་རྙིང་བཀའ་གསུམ་གྱི་དགོན་རྣམས་མེད་པར་བཟོས་ཏེ་མཐར་གཅིག་བསྡུས་ཀྱི་ངོ་བོ་སོག་འཕེལ་རྒྱལ་གླིང་ངམ་ཙན་དན་དགོན་ཞེས་དགེ་ལུགས་པར་བསྒྱུར་ཏེ་བོད་ས་གནས་སྲིད་གཞུང་གི་ཕོགས་དགོན་དང་པོ་དང་། མ་དགོན་གཉིས་པར་བཟོས་ཤིང་། སྐབས་དེར་ཧོར་སྦྲ་ཆེན་ཁུལ་ཡོངས་བོན་པོ་ཡིན་ཀྱང་། གྲྭ་ཁྲལ་ཞེས་པ་འདོད་པ་ཡོད་མེད་ལ་མ་ལྟོས་པར་ཧོར་ཕྲུག་སུམ་ཅུ་ཙམ་ཙན་དན་དགོན་ལ་གྲྭ་ཁྲལ་འགྲོ་དགོས་པའི་ཆབ་སྲིད་ཀྱིས་རྒྱས་གདབ་པ་བཅས་ཞར་བྱུང་གི་ཚུལ་དུའོ།

གཞན་ཡང་སོག་དམག་གིས་སོག་གཡུང་དྲུང་གླིང་གཏོར་སྐབས་བོན་གྱི་བསྟན་སྲུང་གཙོ་མོ་སྲིད་རྒྱལ་གྱིས་ར་མདའ་བཟློག་ཚུལ། འདིའི་སྐོར་གཏམ་རྒྱུད་བཤད་སྲོལ་མི་འདྲ་བ་དུ་མ་ཡོད་ལ།  ཡོངས་གྲགས་སོག་པོས་དགོན་པ་གཏོར་རྗེས་ལུག་རྫི་རྒད་མོ་ཞིག་གིས་སྲིད་རྒྱལ་མཆོད་བསྟོད་བྱས་ཏེ། བསྟན་དགྲ་སོག་པོ་སྟག་ཁྲིད་ཅན། མ་སྲིད་པ་རྒྱལ་མོས་ར་མདའ་ཟློགཅེས་ཟེར་བ་ལ་སྲིད་རྒྱལ་གྱི་ར་མདས་རྡོ་ཡི་སེར་བ་ཕབས་ནས་སོག་དམག་གཏོར་ཕམ་བཏང་། གཏོར་ས་དེ་དེང་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་ཆུ་གཉིས་ལ་ཟེར་སར་གཏོར་བས། དེ་མཚོན་བྱེད་དུ་ཆུ་གཉིས་ལའི་མེ་རྡོ་ཤེལ་དཀར་ཟེར་བ་དེ་རྡོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དེ་ཡིན་པར་གྲགས། དེ་བཞིན་སྟོད་ལུང་འབྲི་ལུང་དགོན་དེ་ཇུན་གར་དམག་གིས་གཏོར་ནས་ལོ་སུམ་བརྒྱ་ཙམ་གྱི་དུས་ཡུན་ལ་ས་ཆ་དེ་དེང་བར་འཚོ་གནས་ཐུབ་པ་དེ་བོན་པོའི་མི་སྣས་སྲུང་སྐྱོབ་ཐུབ་པ་ཞིག་གང་ཡང་མིན་ལ་དེ་ནི་སྲིད་པ་རྒྱལ་མོའི་ནུས་མཐུ་ཁོ་ནས་དགོན་གནས་དེ་ད་བར་སྲུང་སྐྱོབ་བྱེད་ཐུབ་པ་དེ་ཆེས་ངོ་མཚར་ཅན་གྱི་གནས་ཚུལ་ཞིག་རེད། གཞན་ཡང་གནའ་དུས་ནས་ཧོར་གྱིས་བོན་ལ་སྡང་བའི་གནས་ཚུལ་ཡོད་དེ། བོན་སྐྱོང་ཕོ་རྒྱུད་ཀྱི་གཙོ་བོ་མི་བདུད་ཀྱི་བསྐུལ་པའི་ནང་ནས། བོན་གྱི་མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ཡོང་བའི་དཔེ་རྙིང་། ནག་པོ་བདུད་ཀྱི་ལྡ་ཟོར་སྲམ་ཞོན་མའི་བསྐུལ་པ་ལས། ཧོར་ཡུལ་རྔམ་པའི་གླིང་བཞི་ན། ཧོར་འཛུམ་མུལ་བསམ་པ་ལག་རིང་དེས། ནག་པོ་བདུད་ལ་དོ་བསྡོས་སོ། བོན་པོ་བདག་ལ་འགྲན་བཙལ་ལོ། བོན་ལ་དགྲ་དང་རྐུ་དར་ན། དགྲ་ལ་ལྟས་ངན་བྱ་ཕོབས་ཤིག དེ་སྐད་ཞལ་ནས་གསུངས་པ་དང་། འབྱམས་པ་ཁྲག་མགོ་ཆས་ཏེ་སོང་། ཧོར་འཛུམ་མུལ་ཡུལ་གྱི་མཁར་ལ་བབས། ཞལ་ནས་གདུག་པའི་ཐོག་རྡོ་འཕང་། ཧོར་འཛུམ་མུལ་བསམ་པ་ལག་རིང་སྙིང་ལ་རྒྱབ། སྲོག་རྩར་བདུད་ཀྱི་དཔའ་ཟས་བྱས། སྙིང་ཁྲག་བདུད་ཀྱི་དཔའ་སྐྱེམས་བྱས། མགོ་བོར་བདུད་ཀྱི་རྔམ་ཟས་བྱས། གཡང་གཞི་བདུད་ཀྱི་རུ་མཚོན་བྱས། དེ་རིང་དགྲ་ལ་བདུད་སྦད་ན། དགྲ་ལ་ལྟས་ངན་བྱ་ཕོབས་ཤིགཞེས་པ་ལྟར་སྔར་ཧོར་ཡུལ་ན། ཧོར་འཛུམ་མུལ་བསམ་པ་ལག་རིང་དེས་བོན་ལ་དགྲ་དང་གནོད་པ་བྱས་པས་མི་བདུད་ར་མདའ་སོང་སྟེ་ཧོར་གྱི་དགྲ་བོ་དེ་བཏུལ་བའི་གནས་ཚུལ་ཐོག་ནས་ཆེས་གནའ་དུས་ནས་ཧོར་གྱིས་བོན་ལ་གནོད་འཚེ་ཡོད་པ་གསལ་པོ་ཤེས་ཐུབ་པ་ཡིན་ནོ།

མཐའ་མའི་སྐབས་ཀྱི་དོན་ནི་སྟོད་ལུང་འབྲི་ལུང་དགོན་དེ་སོག་དམག་གིས་ཇི་ལྟར་གཏོར་ཚུལ་སྐོར་ཡིན་པས་སོག་པོ་ཇུན་གར་བའི་དམག་གིས་འབྲི་ལུང་དགོན་དེ་སྤྱི་ལོ་༡༧༡༨ལོར་གཏོར་བ་ནས་བཟུང་ད་བར་མི་ལོ་ཉིས་བརྒྱ་དགུ་བཅུ་ཙམ་གྱི་་དུས་ཡུན་ཞིག་རེད་སྙམ། དུས་ཡུན་དེའི་རིང་ལ། དུས་རབས་དང་། སྤྱི་ཚོགས་ཆོས་ལུགས་སོགས་ཀྱི་ངོ་བོ་མི་འདྲ་བ་དུ་མ་འགྱུར་བ་ལྟར།  ས་གནས་འདིའི་མིང་ལའང་དེ་བཞིན་འགྱུར་བ་དུ་མ་སོང་ཡོད་དེ་ཐོག་མར་གནས་འདིའི་མིང་ལ། རྗེའི་མགུར་ལྷ་སྔར་བོད་རྗེ་རིམ་པས་མགུ༵ར་ལེན་པའི་སྐབས་མཆོད་བསྟོད་ཞུ་སའི་ཡུལ་བོད་ཀྱི་ཡུལ་ལྷ༵་གཙོ་བོ།བཅུ་གསུམ་གྱི་ནང་ནས་སྟོད་ལྷ་ཟེ་ཟེའི་གནས་དང་། དེ་ནས་བོན་གྱི་འདུ་གནས་སོ་བདུན་ནང་ནས་སྟོད་རོལ་ལུང་གསུམ་ཟེར་ལ།  བར་དུ་སྟོད་ལུང་འབྲི་ལུང་དགོན་ཟེར། དེང་ས་གནས་འདི་ཞང་སྟོན་ལུང་ངམ་ཞང་སྟོན་གྲོང་ཚོ་ཟེར། ཞང་སྟོན་ཟེར་དོན་ནི་ལོ་རྒྱུས་ཐོག་འབྲི་ལུང་དགོན་པའི་དགོན་བདག་ཞང་ཞུང་སྟོན་པ་ཚུལ་ཁྲིམས་ཤེས་རབ་བམ་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་གདན་ས་ཡིན་པའི་གནད་ཀྱིས་སོ། ས་གནས་འདིར་སྔར་སྲོལ་ད་གནས་ཐུབ་པ་གཅིག་ནི། དེང་གི་ཆར་ཡང་གྲོང་མི་ཀུན་གྱིས་བོན་གྱི་སྲུང་མ་སྲིད་པ་རྒྱལ་མོའི་བསྐང་གསོལ་དང་འཕྲིན་བཅོལ་གཏོང་རྒྱུའི་སྲོལ་རྒྱུན་མ་ཉམས་པ་ཡོད་ལ། གཞན་ཡང་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ལོ་མཆོད་སྐབས་ལ་ཡུལ་མི་ཚང་མ་བོན་བསྐོར་དུ་འགྲོ་བའི་སྲོལ་རྣམས་སྔར་སྲོལ་ད་གནས་བྱུང་ཐུབ་པ་དེ་དག་རེད། གཞན་ཡང་སྔར་འབྲི་ལུང་དགོན་པའི་རིག་དངོས་རྩ་ཆེན་ལྷག་ལུས་གྲལ། གཤང་རྟ་བརྒྱ་མཛོ་བརྒྱ་མ་དང་། ཐོད་རུས་ལས་གྲུབ་པ་རིན་ཆེན་གྱི་ཐོད་ཌར།  རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རིན་ཆེན་ཕུར་པ་ཁྲུ་གང་ཅན། གཡུའི་ལྕོགས་ཙེ། རྡོ་ནག་སྐུ་འདྲ་བཅས་རིག་གནས་གསར་བརྗེའི་སྔོན་དུ་དེ་དག་ཡོད་ཀྱང་། དེང་སྐབས་གཤང་རྟ་བརྒྱ་མཛོ་བརྒྱ་མ་གཅིག་པུ་མ་གཏོགས་གཞན་རྣམས་རིག་གསར་སྐབས་གཏོར་བརླག་སོང་། གཤང་དེ་ནི་ལོ་རྒྱུས་ཀྱི་རིན་ཐང་དང་། བླ་རབས་དུ་མའི་བྱིན་རླབས། མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རྩིས་སྤྲོད་རྒྱུའི་ཡུལ་མིའི་སྤྱི་ནོར་ལྟ་བུ་ཡིན་པར་བརྟེན། ཚོང་ན་རིན་པ་རྟ་བརྒྱ་དང་མཛོ་བརྒྱ་སྤྲད་ཀྱང་མི་ཚོང་རྒྱུའི་རིག་དངོས་རྩ་ཆེན་ཞིག་དུ་བརྩི་བའོ།  ཞང་སྟོན་གྲོང་ཚོའི་གཤམ་དུ་མཆོད་རྟེན་ཞིག་ཤུལ་ཞིག་ཡོད་པ་དེ་ནི་འབྲི་ལུང་དགོན་ཇུན་གར་བས་གཏོར་དུས་དགོན་པའི་དབུ་བླ་མར་ཁྲིད་དེ་ས་ཆ་དེར་བཀྲོངས་ཟེར། དེ་རྗེས་ས་ཆ་དེར་དྲན་རྟེན་གྱི་ཚུལ་དུ་མཆོད་རྟེན་གཞི་རྒྱ་ཆེ་ལ་ཐོག་ཉིས་བརྩེགས་ཅན་ཞིག་བཞེངས་པས་མཆོད་རྟེན་ཤེས་རབ་བུམ་པ་ཟེར། རིག་གསར་སྐབས་གཏོར་བས་དེང་ཞིག་ཤུལ་ཙམ་ཞིག་ཡོད།  གཞན་ཡང་ཞང་སྟོན་ལུང་པའི་ཕུགས་ལ་ཞང་སྟོན་གྱི་སྒྲུབ་ཕུག་དང་སྲིད་རྒྱལ་བླ་མཚོ་སོགས་ལོ་རྒྱུས་ཅན་གྱི་རང་བྱུང་གི་ཡུལ་ལྗོངས་དུ་མ་ཡོད་པའོ།  

 

མཆན་འགྲེལ་སྐོར།

   དེབ་ཐེར་དམར་པོའི་མཆན་འགྲེལ། དུང་དཀར་གྱིས་མཛད།  མི་རིགས་དཔེ་སྐྲུན་ཁང་། དེབ་ཀྱི་ཤོག་གྲངས། ༣༡༥ ཕྲེང་ ༢༠ ལས་གསལ།

དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ ༢༠༠༩ལོའི་ཟླ་༩པར་པར་གཞི་གཉིས་པའི་དཔར་ཐེངས་དང་པོ་བཏབ། དེབ་གཟུགས་ཤོག་གྲངས་༥༢༦ཕྲེང་༩ ལས་གསལ།

   ཁྱུང་རབས། དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་། དཔེ་རྙིང་ལག་བྲིས། དཔེ་གཟུངས་ཤོག་གྲངས་བཞི་པའི་རྒྱབ་ངོས་ཕྲེང་གསུམ་པ་ནས། ཤོག་གྲངས་དྲུག་པའི་རྒྱབ་ཕྲེང་དང་པོའི་བར་དུ་གསལ་བའོ།

   མཁན་ཆེན་ཉི་མའི་རྣམ་ཐར། མཚན་དངོས། དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ། མཛད་པ་པོ་མཁན་ཆེན་ཉི་མ་བསྟན་འཛིན།  ༢༠༠༩ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་སྐྲུན་བྱས་པ། དེབ་གཟུགས་ཤོག་གྲངས་ ༡༧༩ ཕྲེང་ ༡༧ ལས་གསལ།

   མཁར་དམར་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱི་བཀའ་འགྱུར་དཀར་ཆག བྲིས་མ་དཔེ་གཟུགས་བོད་གྲངས། ༢༥༡ རྒྱབ་ངོས་ཕྲེང་ ༤ ལས། དེ་བདུན་ནི། རྒྱལ་པོ་གུ་རོན་ཨོ་ལོན་ཉིད་དང་། གི་ཁྱིམ་ཁོར་གྷུ་རུ་ར་དང་། གི་ཁྱིམ་དོན་ར་དུར་གུ་སུ་དང་། གི་ཁྱིམ་རོང་པོ་འཕྲུ་དམར་ཅན་དང་། ཁྰ་ཇུ་མུར་ཐུ་རན་ཆི་དང་། ཁྰ་དུར་ཁོན་ཨ་རོ་དྷ་དང་། ཁྰ་ཚོར་རྒན་ཨུང་ཝ་ཤིས་དང་བདུན་ནོ། ཞེས་གསལ།

   དཔལ་ཚུལ་བསྟན་འབྱུང་སྐལ་བཟང་མགྲིན་རྒྱལ་ལས།སོག་གཡུང་དྲུང་གླིང་ནི་དང་པོ་ཞུ་ཚང་གིས་བཏབས་པ་མིན་ཀྱང་བར་དུ་གདན་སར་གྱུར་ཅིང་ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་བཞུགས།  དགོན་འདི་དང་པོ་ནམ་ཆགས་མ་ཤེས་ཀྱང་རབ་བྱུང་གསུམ་པའི་ནང་དུ་ངེས་པར་ཡོད། གྲྭ་ཚང་གླིང་བཞི་དང་འདུས་གྲྭ་སྟོང་ཕྲག་གཉིས་ལྷག་འཚོགས་ཤིང་ཚོགས་དུང་ཡང་གླིང་བཞིར་བཞི་གཏོང་དགོས་པར་གྲགས། ཞུ་ཚང་དང་ཁྱུང་གི་བླ་བྲང་ཁག་བཞུགས་ཁར་འབྲུག་སྟག་ཚང་གི་བླ་མ་རྣམས་སོགས་གཞན་གྱི་མཁས་གྲུབ་ཀྱང་མང་དུ་བྱོན་ཏེ་རགས་རིམ་གྱི་མཚན། མཁས་བཙུན་ནམ་མཁའ་འོད་ཟེར། མངའ་རིས་བསོད་ནམས་རྒྱལ་མཚན། ཁྱུང་སྒོམ་དཔལ་འབྱོར་ལྷུན་གྲུབ། ཞུ་བཙུན་གཡུང་དྲུང་ཁྲི་འོད། ཁྱུང་སྟོན་གཡུང་དྲུང་འོད་ཟེར། ཞུ་ཁྲི་འོད་རྒྱལ་མཚན། ཁྱུང་པོ་དཔོན་དགེ། དཔོན་རིན་སོགས་བཞུགས་ཤིང་དར་རྒྱས་ཆེ་སྒང་འགོང་པོ་ཇུན་གར་བའི་དཔུང་གིས་གཏོར་བཤིགས་མི་གནས་པར་བྱས།ཞེས་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སམ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དཔལ་ཚུལ་ལམ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ ༢༠༠༦ལོའི་ཟླ་༧པར་དཔར་ཐེངས་༢པར་བཏབ། དེབ་གཟུགས་ཤོག་གྲངས་༣༨༣ཕྲེང་༣ལས་དྲངས།

 
 
Re:སྟོད་ལུང་འབྲི་ལུང་དགོན་དང་། སོག་གཡུང་དྲུང་གླིང་གི་ལོ་དུས་ལ་དཔྱད་པ།
[ 2011/5/15 13:50:54 | By: qongsang ]
 
qongsangཐོག་མར་དགེ་བཤེས་རིན་པོ་ཆེ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས་སྐུ་ཉིད་ཀྱི་ལྗགས་རྩོམ་དག་གིས་ཡིད་དྲངས་ཏེ་ལྟ་འདུན་ཆེ་ཡང་ལ་ལའི་ཡི་གེ་ཆུང་འདུག་པས་ཀློག་སྟབས་བདེ་བོ་མི་འདུག དེའི་ཕྱིར་ཡིག་གཟུགས་ཅུང་ཆེ་རུ་གཏོང་བའི་དོན་འདི་ཐུགས་ལ་འཛིན་རོགས་ཞུ། ཁྱུང་བཟང་གིས་ཕུལ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.