གཉན་ཆེན་ཐང་ལྷའི་སྐོར།
གཉན་ཆེན་ཐང་ལྷ་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི་འཛམ་གླིང་སྤྱི་བསང་སོགས་ལས།“ཐང་ལྷ་ཡར་བཞུགས་ལ་སོགས་མདོ་སྟོད་ས་བདག་ཀྱུ་གཉན།”ཞེས་པ་ལྟར་བོད་ཡུལ་ས་ཆ་སྟོད་སྨད་བར་གསུམ་གྱི་ནང་ནས་བར་མདོ་སྟོད་ཀྱི་ཡུལ་ས་གཞི་བདག་ཕལ་གྱི་རྗེ་བོ་དང་།ཀླུ་གཉན་ས་བདག་སོགས་ཀྱི་ནང་ནས་གཉན་ཆེན་གྱི་སྲས་ཡིན་པས་ན་གཉན་སྲས་ཐང་ལྷའམ་གཉན་ཆེན་ཐང་ལྷ་ཞེས་ཟེར།དེ་ས་གནས་གང་ལ་ཡོད་ཞེ་ན།ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་ཕུར་པའི་གཏེར་སྲུང་དྲུག་གི་བསྐུལ་པ་ལས།“ཡབ་ནི་གཉན་རུམ་ལྷ་རབ་སྲིད་པའི་རྗེ་དང་ཡུམ་ནི་སྨན་ཡོད་གྲགས་རྒྱལ་མ་གཉིས་ཀྱི།ཐུགས་ཡིད་འདྲེས་པའི་སྲས་གཉན་ཆེན་ཐང་ལྷ་གནམ་ནས་ས་ལ་བྱོན།ཡུལ་དང་ས་བཙལ་བས་འདམ་ཤོད་དམར་མོ་བཙལ།”ཞེལ་གསལ་བ་ལྟར།བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་དབུས་རུ་བཅུ་གསུམ་གྱི་ནང་ནས་བྱང་གི་གནམ་མཚོ་ཕྱུག་མོ་དང་འདམ་ཤོད་སྣར་མོ་ཐང་ངམ་འདམ་གཞུང་ཞེས་པ་ནག་ཆུ་དང་ལྷ་ས་གཉིས་ཀྱི་ལམ་བར་དུ་ཡོད་པའི་ཡོང་གྲགས་འདམ་གཞུང་ཟེར་བའི་སར་གནས་ཡོད་ལ།འདམ་གཞུང་འདི་སྔར་བོན་གྱི་འདུལ་བསྟན་སྔ་དར་སྐབས།བོད་ཡུལ་རུ་བཞིའི་ནང་ཚན་ཐོག་མར་དབུ་རུ་འདམ་ཤོད་སྣར་མོ་རུ་ག་ཆུ་གཙུག་ཕུད་རྒྱལ་བས་འདུལ་བའི་དགོན་ཆེན་གཡུང་དྲུང་ཁྲི་འདུས་འོད་གླིང་ཞེས་པ་ཕྱག་བཏབས་ནས་རྣམ་དག་འདུལ་བའི་བསྟན་པ་ཤིན་ཏུ་དར་བའི་གནས་ཞིག་ཀྱང་རེད།གཉན་ཆེན་ཐང་ལྷའི་མདུན་ཕྱོགས་ལ་འདམ་གཞུང་དང་རྒྱབ་ཕྱོགས་ལ་གནམ་མཚོ་ཕྱུག་མོ་ཞེས་པ་ཡུམ་སྲས་ཀྱི་གནས་དང་། གནམ་མཚོ་འདི་ཡང་སྔར་བོན་གཤེན་རིག་འཛིན་རྣམས་ཀྱི་བསྒྲུབ་གནས་ཁྱད་འཕགས་ཅན་བསྔགས་ཤིང་ལྷག་པར་དུ།“གནམ་མཚོ་དོ་རིང་ཡང་དབེན་དུ།ཞང་ཞུང་སྟོང་རྒྱུང་མཐུ་ཆེན”ཞེས་ཡོང་སུ་གྲགས་པ་ལྟར།གཉན་ཆེན་ཐང་ལྷའི་ཕྱོགས་ནས་གནམ་མཚོའི་ནང་དུ་ཟུག་པའི་སྲིབ་ཀྱི་དོ་ཡི་ནང་ཚན“དོ་རིང་།” ཞེས་པ་དེ་ཞང་བོད་ཀྱི་མཁས་པ་མི་བཞིའི་ནང་ཚན་ཞང་ཞུང་གི་མཁས་གྲུབ་ཆེན་པོ་སྟོང་རྒྱུང་མཐུ་ཆེན། (སྤྱི་ལོའི་སྔོན་ཤིང་འབྲུག་ལོར་༩༧༦འཁྲུངས།)གྱི་བསྒྲུབ་གནས་དང་། བོན་གྱི་འདུ་གནས་སོ་བདུན་གྱི་ནང་ནས་དབུས་རུའི་ནང་ཚན་ཡང་ཡིན་ལ། མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ནས། དབུས་ཕྱོགས་གཉན་ཆེན་ཟིལ་མངར་མཁའ་འགྲོ་མ་ཡི་གནས་རི་ཡང་ཡིན་པར་གྲགས། གནམ་མཚོའི་དོ་གླིང་འདིར་རང་བྱུང་གི་མཆོད་ཁྲི་དང་རང་བྱུང་གི་བསྒྲུབ་ཕུག་སོགས་ངོ་མཚར་ཅན་མང་པོ་དང་། དུས་རབས་རིམ་བྱུང་གི་བླ་མ་སྐྱེས་ཆེན་དམ་པ་དུ་མས་བྱིན་གྱིས་བརླབ་པའི་གནས་ཤིག་ཀྱང་རེད། བོན་གཞུང་ཤུགས་མགོན་ལ་སོགས་ལུང་འགའ་ཞིག་ལས། “གངས་དཀར་གཉན་གྱི་གསས་མཁར་ན། ཀླུ་གཉན་དྲི་ཟའི་རྗེ་བོ་མཛད། གཉན་ཆེན་ཐང་ལྷ་ཡར་བཞུགས་དང་། ལྕམ་ཞི་གནམ་མཚོ་ཕྱུག་མོ་ལགས། སྲས་ནི་ཐང་སྲས་འབྱོར་བ་ཡིན། ལྕམ་ནི་ལྕམ་མཐིང་མཐིང་བཞུགས་ལགས། གཅུང་མོ་འབྲིང་ལ་གངས་བཟང་མ། ལྷ་གཉན་འབུམ་གྱི་དམག་དང་ཆས།” ཞེས་གསལ་བ་ལྟར་ན། ཐང་ལྷ་དང་གནམ་མཚོ་གཉིས་ལ་སྲས་ལྕམ་དྲལ་གསུམ་དྲལ་པོ་ཐང་སྲས་འབྱོར་བ་དང་། ལྕམ་ནི་ལྕམ་མཐིང་དང་འབྲི་ལ་གངས་བཟང་གཉིས་སོ། གཞན་ཡང་གཉན་ཆེན་ཐང་ལྷ་འདི་སངས་རྒྱས་ཀྱི་བསྟན་སྲུང་དང་། བོན་གྱི་ཡི་དམ་དུ་མའི་བཀའ་ཉན་ལས་བྱེད་ཀྱི་འཁོར་དུའང་གཏོགས་ཏེ། ཡི་དམ་སྟག་ལ་མེ་འབར་གྱི་འཁོར། ཕོ་ཉ་དྲེགས་པ་བཅོ་བརྒྱད་ཀྱི་ནང་ནས་གཉིས་པ། “གཉན་གྱི་དྲེགས་པ་ཐང་ལྷ་གཉན་སྲས”ཞེས་དང་། ཡི་དམ་ཕུར་པ་འབྲུག་གསས་ཆེམས་པའི་གཏེར་སྲུང་དྲུག་གི་ནང་ཚན་དྲུག་པ། “ལྷ་རབ་ཐང་ལྷ་གཉན་གྱི་བུ”དང་། ཞང་ཞུང་བོན་གྱི་ལྷ་ཚོགས་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་ལས་ཀྱི་ལྷ་འཁོར་སྡེ་བཞིའི་ནང་ནས་གསུམ་པ། “ཐང་ལྷ་མྱུར་མགྱོགས་གཉན་གྱི་བུ”དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་ནང་ནས་ཡུམ་སྲས་སྡེ་ལྔའི་ནང་ཚན་གཉིས་པ། “ཀླུ་བདུད་ཐང་ལྷ་གཉན་སྲས་”ཞེས་བྱ་བ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན། བོད་ཡུལ་བར་གྱི་ཡུལ་ལྷ་གཞི་བདག་ཀུན་གྱི་གཙོ་བོ་དང་། ལྷ་འཁོར་གཞན་གྱི་གྲལ་དུ་མཆོད་བསྟོད་བྱེད་པ་སོགས་མང་ལ། བསམ་གཏན་གངས་བཟང་དང་གཉན་ཆེན་ཐང་ལྷ་གཉིས་གཙོས་ཁ་བའི་རྡུལ་བརྩེགས་ཀྱི་རི་བོ་བར་གྱི་གངས་རི་ལྷུན་པོའི་གཏོས་ལྟར་འགྲན་པར་གྱུར་པ་བཅས་སོ།