ཞང་ཞུང་རྒད་པོའི་སྐྱིད་སྡུག་མཐོང་ཐོས་མཇུག
ཀྱེ་མ། མི་ཚེ་གློག་གི་རི་མོ།
སྐྱིད་སྡུག་ཉི་ཟླ་ཤར་ནུབ།
དགའ་བ་དིག་མའི་བུ་རམ།
སྐྱོ་བ་དམྱལ་བའི་རྨི་ལམ།
འཇིག་རྟེན་ཆུ་ཟླའི་དཀྱིལ་འཁོར།
སྣོད་བཅུད་མེ་ལོང་གཟུགས་བརྙན།
འགྱུར་ལྡོག་ཆུ་ཡི་གཉེར་མ།
བསྟན་སྲིད་ཆུ་ཡི་ལྦུ་བ།
ཤེས་རིག་འཇའ་ཚོན་རི་མོ། །
ལོ་རྒྱུས་བྲག་ཆའི་དཔེ་ཟླ།
སྲིད་དོན་རི་དྭགས་སྨྲིག་རྒྱུ།
དཔལ་འབྱོར་རྩ་མགོའི་ཟིལ་ཕྲེང་།
སྒྱུ་མའི་འཇིག་རྟེན་ཁམས་འདི།
བདག་རྒྱལ་གཞན་ཕམ་རྩོད་ས།
ཆོས་སྲིད་དཀར་ནག་བསྲེ་ས།
གྲུབ་མཐའི་ཆགས་སྡང་ཚང་ཆེན། ཡ་མ་བརླའི་འཇིག་རྟེན་གྱི་ཁམས་འདི་བརྟག་ན་རིག་པས་འཇིག་ཅིང་དཔྱད་ན་སྙིང་པོ་མེད་པའི་ཀུན་རྫོབ་སྒྱུ་མའི་བཙོན་ར་ཞིག་ཏུ་མཆིས་ཏེ། འདས་པའི་དུས་རབས་བདུན་པ་ནས་བཟུང་ད་བར་ལོ་ཟླ་ཕྲེང་བའི་ནང་། སྡུག་བསྔལ་གྱི་ཕུང་པོ་ཁུར་དུ་ལྕི་བའི་ཞང་ཞུང་རྒད་པོའི་འདས་པའི་རྨི་ལམ་རྣམས་ཀུན་རྟོག་དྲན་པའི་ཕོ་ཉས་ཡིད་ལ་ལྷང་ངེར་དྲངས་པས་སྐྱོ་བའི་མཆི་མ་ཐིགས་ཕྲེང་བཞིན་དུ་བབས་ཏེ། ངའི་གཅེས་པའི་ཕ་ཡུལ་ཞང་བོད་ལྗོངས་ཆེན་འཆི་མེད་ལྷ་ལམ་གྲོང་དུ། བསམ་ནག་སྲིད་དོན་ཆུ་འཛིན་ལང་ལང་དུ་འཁྲིགས་ཏེ། བན་བོན་འཕྲག་དོག་གི་གློག་དམར་འཁྱུག་པས་མིག་ལ་གཟན། ཆོས་ལུགས་ཕྱོགས་ཞེན་གྱི་འབྲུག་སྒྲ་ལྡིར་བས་རྣ་བར་གཙེས། རྒྱལ་འབངས་ནང་འཁྲུགས་ཀྱི་ཐོག་མདའ་རྒྱབ་པས་སྙིང་ལ་གཟེར། རྙིང་གཏོར་གསར་འཛུགས་ཀྱི་སེར་བ་ཕབས་ནས་མེས་པོའི་ཆོས་རིག་གོམ་གསུམ་གྱི་ལོ་ཏོག་བཅོམ་པས་བློ་ཕམ་གྱི་སེམས་སྐྱོན་ཞུགས། བཙན་དབང་དུག་སྦྲང་མཆུ་རྣོན་གྱིས་ལུས་ཀྱི་ཟུངས་ཁྲག་འཇིབ་པས་ཁྲག་རླུང་ན། ཁས་ཞན་དབང་ཆུང་ལ་ཁྲིམས་མེད་ཀྱི་ཁུར་པོ་ལྕི་བས་རྒྱབ་ནས་གཟེར། དྲག་ཞན་ཕྱུག་དབུལ་གྱི་ལམ་ཐག་རིང་བས་རྐང་པ་ན། ཀྱེ་ཧུད་ཤིན་ཏུ་ཡ་ང་བའི་སྤྱི་ཚོགས་ཀྱི་ཁྲོད་དུ་དགུན་གྱི་གྲང་ལྷག་ལྟ་བུའི་སྡུག་བསྔལ་རབ་ཏུ་གཟིར་ཞིང་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་མྱོང་ནས་ལྷག་བསམ་ཀུ་མུད་དཀར་པོའི་འདབ་མ་ཟུམ་ལ་ཉེ་བའི་སྐབས་དེར་འདས་པའི་ལོ་ཟླ་རིང་མོའི་དཀའ་སྡུག་སེམས་ངལ་རྒྱང་དུ་བསྲིངས་ཏེ། དཔལ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་། དཀའ་སྡུག་བཟོད་པའི་རྣམ་དཔྱོད་ཀྱི་གོ་ཆ་མེད་ན། མདུན་བསྐྱོད་བྱེད་བཞིན་པའི་རྒྱལ་ཁའི་ལོ་རྒྱུས་ཀྱི་གོམ་ཆེན་བགྲོད་མི་ཐུབ་པར་བརྟེན། གནས་སྐབས་ཕམ་ཉེས་ཀྱི་བསླབ་བྱ་རྣམས། མཐར་ཐུག་རྒྱལ་ཁའི་བདེན་དཔང་ཡང་ཡིན་ལ། དཀའ་བ་ཁྱད་བསད་ཀྱི་ཉམས་མྱོང་དེ་བདེན་དོན་སྒྲུབ་བྱེད་ཀྱི་བསྐུལ་མ་ཞིག་ཡིན་སྙམ་ནས་འཇིགས་མེད་སྙིང་སྟོབས་ཀྱི་སྤོབས་པས་རང་སེམས་ལྐོག་ཏུ་མ་གྱུར་ནས་མི་རིགས་ཀྱི་བླ་ཡིད་སེམས་གསུམ་ལོ་རྒྱུས་ཀྱི་རི་མོ་ཡིད་ལ་མངའ་བས་ཇི་སྲིད་ཞང་ཞུང་རྒད་པོའི་ལུས་རྒྱ་མ་ཞིག་བར་དུ་དེ་སྲིད་ཞང་བོད་ཆོས་རིག་ལོ་རྒྱུས་ཀྱི་སྲོག་དབང་འགགས་པའི་དུས་སྐབས་ག་ལ་གནས་སྲིད། མི་རིགས་ཀྱི་སྲོག་རྒྱུན་མཉམ་དུ་ཁོ་བོའི་ལྷག་བསམ་བརྩེ་ཞགས་ཀྱི་འཆིང་བ་ནམ་ཡང་འབྲལ་མེད་ཡིན་ལ།རྒྱུ་ལུས་ཟག་བཅས་ཀྱི་ཕུང་པོ་འདི་ཡང་ཞང་བོད་མི་དམངས་ཀྱི་ཆོས་རིག་དང་སངས་རྒྱས་ཀྱི་བསྟན་པ། འགྲོ་བའི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཀུན་བཟང་མཆོད་པའི་སྤྲིན་དུ་ལུས་སྦྱིན་འབུལ་དགོས་བྱུང་ནའང་འགྱོད་པ་ཡོད་པའི་རྒད་པོ་ཞིག་མིན། ས་ལེ་སྦྲམ་ས་ཡི་རུམ་ན་གནས་ཀྱང་། རང་མདངས་འོད་ཀྱི་སྣང་བ་མཁའ་ལ་གཡོ་བ་ཇི་བཞིན་དུ། ཞང་ཞུང་རྒད་པོའི་སྣོད་བཅུད་གཉིས་ལ་གོད་ཆགས་ཆེན་པོ་བྱུང་ནས་སྐབས་ཤིག་བག་ལ་ཞ་བའི་ཚུལ་དུ་ས་ཡི་ལྷུམ་དུ་གཟིམས་ཀྱང་རིང་མིན་ཁོད་ཡངས་པའི་འཛམ་གླིང་ས་སྟེང་འདི་ན་བདེན་དཔང་དམ་པ་ང་ཡིན་གྱི་དྲང་བདེན་ལོ་རྒྱུས་ཀྱི་གད་རྒྱངས་སྒྲོགས་པའི་དབྱར་གསང་དར་མའི་རྔ་སྒྲ་སྲིད་པ་གསུམ་དུ་ཁྱབ་པ་ལ་གོར་མ་ཆགས། རྒད་པོར་བགྲང་བྱའི་ལོ་ཕྲེང་དུས་རབས་བཅུ་གསུམ་ལྷག་གི་རིང་དུ་ཉེས་བརྒྱའི་ཁུར་པོས་མནན་ནས་གྲོགས་མེད་མྱ་ངམ་ཐང་དུ་སེམས་སྐྱོའི་མྱ་ངན་མཆི་མས་གདོང་ལ་ཁེངས་ཤིང་སྨྲ་བསམ་བརྗོད་མེད་ངག་གི་འདབ་མ་ཟུམ་སྐབས། སྲིད་དོན་གྱ་མ་གྱུ་ཡི་འཕྲུལ་འཁོར་མ་ཤེས་ནས་མདུན་བསྐྱོད་ཀྱི་བགྲོད་ལམ་འགག་ལ། སྲིད་པའི་ཡིད་འཕྲོག་ཀུན་དགའ་དོན་འགྲུབ་མེད་པས་ཚད་མའི་མིག་ལ་རྣམ་པར་གཟན་དུས། རྒོལ་བའི་ཤ་གཟན་སྤྱང་མོ་རྣམས་ཀྱིས་གད་རྒྱངས་ཧ་ཧ་རྒོད་ཅིང་རྔམ་པའི་ང་རོ་སྒྲོག་པ་ནི་ཕམ་ཉེས་ཀྱི་སྤྱི་ལུགས་དང་། འཛམ་བུ་གླིང་གི་རང་གཤིས་སུ་ལགས་པས་ཡ་མཚན་དགོས་པའི་གནས་ནི་ཅི་ཞིག་ཡིན། ཁོ་བོའི་སྐྱེ་བ་གཅིག་ཐོག་ལ་དུས་ཆེན་གྱི་ལ་ཚིགས་གསུམ་དང་། ཀེགས་ཆེན་གྱི་ཕམ་ཉེས་གསུམ་བྱུང་སྟེ། སྔར་ཞང་ཞུང་སྨར་གྱི་དུས་དང་། བར་དུ་བོད་སྒང་པའི་དུས། མཐར་རྒྱ་ནག་པོའི་དུས་དང་གསུམ་སྟེ་ཞང་བོད་རྒྱ་དུས་གསུམ་གྱི་ཚིགས་དང་། ཀེགས་ཆེན་གསུམ་ནི། དང་པོར་གྲི་གུམ་རྒྱལ་བློན་དང་། གཉིས་པར་མཁན་སློབ་ཆོས་གསུམ། གསུམ་པར་རིག་གནས་གསར་བརྗེ་གསུམ་གྱིས་ལོ་རྒྱུས་ཀྱི་རྦ་རླབས་་དྲག་པོའི་ཁྲོད་དུ། མེས་པོའི་གཤེན་བསྟན་རིང་ལུགས་རྟ་བདུན་འབུམ་གྱི་གཟི་འོད་མངོན་པར་རྒྱས་པ་དེ་ཉེར་འཚེའི་རྐྱེན་ངན་སྲིད་གསུམ་རྣམ་རྒྱལ་གྱིས་ཁྱུར་མིད་བཏང་ནས་གྱེར་བསྟན་ལོ་རྒྱུས་ནུབ་རིའི་འཕྲག་ནས་ཆུ་ལྷའི་རུམ་དུ་ཡིབས་ཀྱང་། རིང་མིན་དུ་གྲོལ་བ་གཟའ་སྐར་འཁོར་བགྲོད་ཀྱི་རང་བཞིན་དང་། གདུལ་བྱའི་བསོད་ནམས་ཀྱི་དཔལ་ཡོན་གཉིས་འཛོམས་པས་དེང་འདིར་གཤེན་བསྟན་ལོ་རྒྱུས་ཤར་རིའི་རྩེ་ནས་ཁྲི་གདུགས་གཞོན་ནུ་སྟོང་གི་རང་ཞལ་མངོན་པར་བསྟན་པས་དུས་ཀྱིས་གདུང་བ་བརྒྱ་ཡི་དུ༔ཁའི་བློ་མུན་སེལ་ཞིང་། ལོ་རྒྱུས་བྱེ་བའི་གཟི་འོད་ས་གསུམ་ཁྱབ་པའི་དགའ་བ་འདི་མཚན་མོའི་རྨིན་ལམ་ཞིག་མིན་ནམ་སྙམ།
ཚེ་སྟོད་བདེ་སྐྱིད་དབྱར་གྱི་སྒེག་མོའི་དཔལ།
འཛམ་གླིང་སྲིད་པའི་མིག་གི་བདུད་རྩི་གྱུར།
ཚེ་སྨད་སྡུག་བསྔལ་མྱ་ངན་མུན་པའི་གླིང་།
བརྒྱ་བྱིན་མིག་གིས་བལྟས་ཀྱང་ག་ལ་མཐོང་།
གཞན་དབང་མཚོ་མོའི་རླབས་ཕྲེང་སྟོང་གཉེར་བས་ །
རང་དབང་མེད་པའི་དེད་དཔོན་རྒད་པོའི་གཟིངས།
བགྲོད་པའི་ཐབས་ཚུལ་དབེན་པས་རྒྱ་མཚོའི་ངོགས།
ཙ་མོ་ཉ་དང་ཁྱིམ་མཚེས་བཙལ་ནས་བསྡད། །
སྐྱིད་སྡུག་ཇི་ཙམ་མྱོང་བས་དེ་ཙམ་དུ། །
བཟོད་པའི་གོ་ཆ་གྱོན་ནས་རྒྱལ་རྔ་བརྡུང་།
ལོ་ཟླ་རིང་མོའི་ཕམ་ཉེས་བསྐུལ་མ་རྣམས།
འདས་པའི་ལོ་རྒྱུས་དྲན་གསོ་མིན་ན་ཅི།
མེས་པོའི་ཆོས་རིག་རྫོགས་ལྡན་གསར་པའི་དཔལ།
ལོངས་སུ་སྤྱོད་པའི་སྐལ་བཟང་ཞང་བོད་ལྗོངས།
གཙུག་ལག་བྱེ་བའི་ངོ་མཚར་རི་མོ་འབུམ།
ཆོམ་རྐུན་ཨར་པའི་ལག་ཤོར་སུ་ཡིས་ནོངས།
ཞེས་མགོ་སྐྱེས་སྐྲ་དང་སྨ་ར་ནི་སྤྲ་བ་ལྟར་དཀར་བའི་རྒད་པོ་ང་ནི་ཤ་ཁྲག་གཅིག་པའི་ལོ་གཞོན་རྣམས་དང་དམ་ཚིག་གོང་བུ་གཅིག་སྒྲིལ་ཡིན་པས་རྣམ་པ་ཀུན་ཏུ་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཁ་བྲལ་མི་རུང་སྙམ་ལ། ཅི་ཕྱིར་ཞེ་ན་རྒན་རབས་ཉམས་མྱོང་གི་དེད་དཔོན། གཞོན་སྐྱེས་བློ་གྲོས་ཀྱི་མིག་གསར་ལྟ་བུ་ཡིན་པས། གཞོན་ནུའི་ལྷག་བསམ་སྙིང་སྟོབས་ཀྱི་བློ་སྒོ་དབྱེ་བ་ལ། རྒན་པས་སློབ་གསོའི་ལམ་སྟོན་གྱི་སྒྲོན་མེ་འདེགས་དགོས་ལ། གཞོན་སྐྱེས་རྣམས་སྐྱིད་སྡུག་མང་པོའི་རྒྱ་མཚོ་བརྒལ་བ་ལ་ རྒན་རབས་ཉམས་མྱོང་ཅན་གྱི་དེད་དཔོན་ལ་བསྟེན་དགོས། དེར་བརྟེན་ཉམས་མྱོང་རྒན་རབས་ལ་ཡོད་པས་ལེགས་ཆ་གཞོན་སྐྱེས་ཀྱིས་བླངས་ན་སྙམ་པའི་ཀུན་རྟོག་གི་ཚོར་སྣང་ཞིག་སྐྱེས་བྱུང་། མེས་པོའི་རྒན་རབས་རྣམས་ཀྱིས་དཀའ་བ་དང་དུ་བླངས། ལྗི་མོ་ཕྲག་ཏུ་ཁུར་ཏེ་འབད་བརྒྱས་བསྐྲུན་པའི་སྔར་སྲོལ་བཟང་པོའི་སྙིང་ཁྲག་རྣམས། དེང་དུས་ཀྱི་རྫས་སྦྱོར་མཉམ་དུ་བསྲེས་ན་མེས་པོའི་སྲོག་དབང་འགག་པའི་ཉེན་ཁ་ཡོད་ལ། དུས་རབས་གསར་པའི་རིག་ལམ་སྒོ་འཕར་བརྒྱ་ཕྲག་འབྱེད་པ་ལ། དེང་དུས་གཞོན་ནུའི་བློ་གྲོས་ཀྱི་ལྡེ་མིག་གསར་པ་མེད་ན་ག་ལ་འགྲིག རྒན་བཀུར་གཞོན་བྱམས་དང་ རྒན་ཁ་གཞོན་ཉན་ རྒན་གཞོན་ཐུགས་མཐུན་དམ་གཙང་དགོས་པའི་དམིགས་ཡུལ་གྱི་བསྒྲུབ་བྱ་གཅིག་ནའང་། ལྟ་བའི་འཛིན་སྟངས་ངོས་ནས་རྒན་རབས་རྣམས་སེམས་གཙོའི་ལྟ་བ་ཤས་ཆེ་བས་གནའ་བོའི་ལམ་ལུགས་ལ་གོམས་འདྲིས་དང་ཐུགས་གཅེས་ཆེ་ཞིང་། གཞོན་སྐྱེས་རྣམས་དངོས་གཙོའི་ལྟ་བ་ཤས་ཆེའི་སྒོ་ནས་དེང་དུས་ཀྱི་ལུགས་ལ་ཐུགས་མོས་ཆེ་བས་ཀླད་པ་གསར་རྙིང་གི་ཐ་སྙད་ཅིག་ཡོད་ཀྱང་དོན་དུ་ཆོས་དང་ཚན་རིག་གི་ཐོག་ནས་བསམ་བློ་གཏོང་སྟངས་ཁྱད་པར་ཅུང་ཞིག་མཆིས། ཚན་རིག་གིས་ཕྱི་དངོས་པོའི་གནས་ཚོད་ལ་དཔག་ནས་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་གཞིར་བཟུང་སྟེ་ཕྱི་དངོས་སྲིད་པའི་རང་བཞིན་གྱི་སྒྱུ་རྩལ་ལ་མཁས་ཤིང་གཙོ་བོར་ཕྱིའི་གནས་ལུགས་གཏན་འབེབས་བྱེད་ལ། ཆོས་ཀྱི་ནང་སེམས་ཀྱི་གནས་སྟངས་དང་བྱེད་ལས་སོགས་རྣམ་དཔྱོད་ཕྲ་མོའི་རིག་རྩལ་གྱིས་སེམས་ཐོག་བདེན་དོན་བཙལ་ཏེ་གཙོ་བོར་ནང་གི་ཤེས་པའི་གནས་ལུགས་གཏན་འབེབས་བྱེད་པ་དེ་ནི་སེམས་ཁམས་རིག་པའི་ཚན་རིག་རླབས་པོ་ཆེ་ཞིག་ཡིན་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ་ལ། ཚན་རིག་གིས་ཕྱིའི་དངོས་པོ་འཛིན་སྐྱོང་གཙོ་ཆེར་བྱེད་པ་བཞིན་དུ། ཆོས་ཀྱིས་ནང་གི་རང་སེམས་འཛིན་སྐྱོང་གཙོ་བོར་བྱེད་པས་ལྟ་བ་དེ་གཉིས་རྟེན་འབྱུང་ཡ་མ་ཟུང་གི་འབྲེལ་བ་ཡོད་པ་མ་ཟད། ཡིན་ལུགས་ཀྱི་ངོས་ན་བློ་གྲོས་ཞིབ་མོས་བརྟག་དཔྱད་ཇི་ཙམ་བྱས་པ་དེ་ཙམ་གྱིས་བདེན་དོན་བཙལ་ཐུབ་པའི་ལོ་རྒྱུས་ཀྱི་རང་བཞིན་ཞིག་མཆིས། ད་ལྟའི་འཛམ་གླིང་གསར་པ་འདི་ཁ་ལོ་བསྒྱུར་མཁན་མི་རེད་མ་གཏོགས་འཛམ་གླིང་མིན་པར་བརྟེན། རང་རེའི་ཆོས་སྲིད་ཤེས་རིག་ལོ་རྒྱུས་གསར་རྙིང་གང་འདྲ་ཞིག་ཡིན་རུང་། འཛམ་གླིང་མི་གྲལ་དུ་མགྲིན་གཟིངས་ངོམས་པ་ལ་རྒན་གཞོན་གཉིས་ཀས་མ་བགྲོད་བསམ་པ་གཅིག་མཐུན་གྱིས་འགུལ་བསྐྱོད་མ་བྱས་ན་ཡུལ་གྱི་ངོས་ནས་རང་འགུལ་ཅི་ལ་རྒྱག་སྲིད། ད་ལྟའི་ལྟ་བ་གསར་པའི་རྣམ་དཔྱོད་ཀྱིས་འདས་པའི་ལོ་རྒྱུས་ཀྱི་རི་མོ་ཡིད་ལ་དྲན་གསོ་མ་བྱས་ན་མ་འོངས་གསར་བཏོད་ཀྱི་མདུན་ལམ་དེ་བས་ཀྱང་མཐོང་དཀའ་བས་ད་ལྟའི་འཇིག་རྟེན་གསར་པའི་ཐོག་རྐང་པ་བརྟན་པོ་ཞིག་འཛུགས་ཏེ། འདས་པའི་མེས་པོའི་ཆོས་རིག་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟ་ནས། མ་འོངས་པའི་མདུན་ལམ་སྐོར་ལ་བློ་གྲོས་ཀྱི་མིག་རྒྱང་རིང་པོར་གཟིགས་དགོས་པའི་དུས་ལ་སླེབས་ཡོད་པས། གཞོན་སྐྱེས་རྣམས་དེང་དུས་ཀྱི་ཤེས་ཡོན་གཅིག་པུར་བློ་ཡིད་ཚིམས་ནས་སྤོབས་པ་ཆེ་ན་ག་ལ་འགྲིག་སྟེ། རིན་ཐང་བྲལ་བའི་རྒན་རབས་ཀྱི་ཉམས་མྱོང་དང་དགོངས་འཆར་གྱི་བསླབ་བྱ་རྣམས་དང་དུ་ལེན་དགོས་ལ། རྒན་རབས་རྣམས་ཀྱིས་ཀྱང་གཞོན་སྐྱེས་ལ་ཉམས་མྱོང་་གི་སློབ་སྟོན་དང་ཤེས་ཡོན་གྱི་བསྐུལ་མ་གནང་དགོས། ཞང་བོད་ཀྱི་ལྗོངས་འདིར་བོན་ཆོས་མཁས་མང་རིམ་བྱོན་གྱི་ལྗགས་རྩོམ་རྒྱུ་སྐར་གྲངས་འདས་ཤིག་མི་རིགས་ལོ་རྒྱུས་ཀྱི་རྒྱན་དུ་བཀའ་དྲིན་ཆེ་མོད་ཀྱང་། རྩོམ་པ་པོ་རྣམས་ཆོས་ལུགས་ཀྱི་རྗེས་འཛིན་ཤ་སྟག་སོང་སྟབས། གྲུབ་མཐའི་ཕྱོགས་སུ་མ་སྷུང་བའི་སྐྱེས་བུ་དཀོན་པས་ཐུན་མོང་དུ་ཁས་ལེན་ཐུབ་པའི་ཚད་འཛིན་གྱི་ལོ་རྒྱུས་ཅུང་ཞིག་དཀོན་ལ། ལོ་རྒྱུས་དྲང་བདེན་གྱི་ལམ་ནས་རྣམ་དཔྱོད་ཕྲ་མོས་དཔྱོད་པ་དྲངས་བའི་ལེགས་བཤད་རྨ་མེད་རྣམས་རང་གཞན་ཀུན་གྱི་རྣ་བར་འཇེབས་ཤིང་། ཡིད་ཀྱི་འཆར་སྒོར་ལྷམ་མེར་གསལ་ཐུབ་པས་དེ་ལྟ་བུར་དགའ་རབ་ཏུ་བཏེགས་ལ་བསྔགས་འོས་ཀྱི་དཔལ་དུ་གྱུར། དེ་མིན་ལོ་རྒྱུས་ཀྱི་རི་མོ་ནག་ནོག་གིས་མིག་ལ་གནོད། དོན་དབེན་རྫུན་པོའི་འུད་གཏམ་གྱིས་རྣ་བར་རྩུབ་།། ཚིག་མང་ལོ་རྒྱུས་ཕུང་པོས་མགོ་བོར་འཐོམས། འཁྱོག་བཤད་ཚིག་མདའ་རྣོན་པོས་ཡིད་དབང་དཀྲུགས། ལོ་རྒྱུས་གཏམ་རྒྱུད་བསྲེས་པས་ཡིད་ཆེས་སྒྲིབ། ཆོས་ལུགས་ཕྱོགས་ཞེན་ཆེ་བས་མཐུན་ལམ་གཟན། བན་བོན་ཞེ་འཁོན་ཚིག་གིས་སེམས་ལ་གཙེས། མདོར་ན་གངས་ཅན་གྱི་ཁྲོད་འདིར་སྔར་དུས་རབས་བདུན་པ་ནས་བཟུང་ད་བར། བོན་ཆོས་གཉིས་ཀའི་ལོ་རྒྱུས་རྙིང་པའི་ཡིག་ཚང་དུ་བག་ཆགས་རྙིང་པའི་རྗེས་སུ་འབྲང་ནས་རང་གཞན་གཉིས་ཕུང་གི་གཏམ་ཚོགས་དུ་མ་ཞིག་མི་རབས་ནས་མི་རབས་བར་རྨོངས་དད་དབང་གིས་ལུང་འཛིན་རིང་ལུགས་ཁོ་ན་བྱས་པས། ཆོས་ལུགས་ཕན་ཚན་གྱི་མཐུན་ལམ་ལ་བཀག་རྒྱ་འབའ་ཞིག་གྱུར་ནས་གཅིག་གིས་གཅིག་ལ། ལྷ་དང་བདུད། བོན་དང་ཆོས་ ཕྱི་པ་དང་ནང་པ་སོགས་ཀྱི་ཀླན་ཀ་འཚོལ་རེས་ཀྱིས་དུས་འདས་ཏེ། ཆོས་དང་འཇིག་རྟེན་གཉིས་ཀར་མི་མཐུན་པའི་རང་ལུགས་དུ་མ་ཞིག་གསུངས་པ་འདི། ཚང་མས་བསམ་ཞིབ་ཅིག་གནང་དང་། སྤྱིར་ཆོས་སྲིད་གང་ཞིག་གཅིག་གཏོར་གཅིག་འཛུགས་ཀྱི་སྦྱོར་བ་ཞིག་བརྩམས་ཕྱིན་ཆད་འགལ་ཟླའི་རང་བཞིན་ལས་མི་འདའ་བ་ནི་འཇིག་རྟེན་གྱི་གཤིས་ལུགས་ཡིན་པར་བརྟེན། ཐོག་མར་མཁན་སློབ་ཆོས་གསུམ་གྱི་རིང་ “གདོན་གཟུགས་བོན་གྱི་བསྟན་པ་བསྣུབས”ཟེར་ནས་བོན་ཆོས་བསྣུབས་ནས་དམ་ཆོས་སྤེལ་བས། དེ་ནས་བཟུང་བན་བོན་འགལ་རྐྱེན་གྱི་ན་ཚ་ཤུགས་ཆེན་ཕོགས་པས་ དེའི་བརྒྱུད་འཛིན་རྣམས་ཀྱང་ཕྱོགས་ཞེན་གྱི་ན་ཚས་ཟིན་ནས་བྲིས་པའི་དེབ་ཐེར་ལོ་རྒྱུས་ཁག་ནང་། དཔེར་ན་ ཆོས་ཕྱོགས་ཀྱི་ལོ་རྒྱུས་བལྟ་སྐབས། བོན་གྱི་ཡིན་ལུགས་དང་། རྒྱུ་མཚན་ རྣམ་དབྱེ་གང་ཡང་མ་ཤེས་ནའང་མཁས་པ་རྣམས་ཀྱིས། དཀོན་མཆོག་གསུམ་ལ་ཡིད་མི་ཆེས་པའི་བོན་ལ་སོགས་པ་རྣམ་པ་ཀུན་ཏུ་བསྟེན་མི་རུང་ཟེར་བ་དང་། ལ་ལས་མུ་སྟེགས་པའི་གྲུབ་མཐའ་འཁྱར་བས་འཁྱར་བོན་དང་། བསྒྱུར་བོན་སྔ་ཕྱི་བར་གསུམ། བརྡོལ་བོན་སོགས་བཤད་པ་དང་། ལ་ལས་ཤ་ཁྲག་གི་མཆོད་པ་འབུལ་མཁན་བོན་མུ་སྟེགས་པ་བཤད་པ་བཞིན་དུ། བོན་གྱི་ལོ་རྒྱུས་ནང་། ཆོས་ལ་ ཡ་མ་་ར་ཙའི་ཆོས་ཟེར་བ་དང་། དུན་ཙེ་པར་བུའི་མགོ་ཅན་གྱི་ཆོས་སོགས་བཤད་པ་དང་། ཡང་ཆོས་རྒྱལ་མེས་དཔོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་རྣམས་དམ་ཆོས་སྤེལ་མཁན་གཙོ་བོ་ཡིན་པའི་ཆ་ནས་ཆོས་ཕྱོགས་ནས་སྤྱན་རས་གཟིགས་དང་ཀུན་བཟང་སོགས་ཀྱི་སྤྲུལ་པ་ཡིན་པ་བཤད་ལ། ཁོང་རྣམས་བོན་ཆོས་བསྣུབས་མཁན་ཡིན་པའི་ཆ་ནས་བོན་གྱི་ལུང་དུ་མ་ནས། ། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་དང་། སྲིན་པོ་འཕགས་སྐྱེས་སྤྲུལ་པ་སོགས་བཤད་ལ། ཡང་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ནང་། བོན་པོ་མུ་སྟེགས་པ་བཤད་པ་བཞིན་དུ་བོན་དང་རྙིང་མའི་ལུང་དུ་མ་ནས། ཙོང་ཁའི་ཡུལ་ནས་ལེགས་སྐར་གྱི་སྐྱེ་བ་དང་། མགོན་པོ་སྣ་རིང་གི་སྤྲུལ་པ་ཁ་ལག་འབྲེལ་ཚད་ངན་སོང་ལྟུང་བར་བཤད་པ་སོགས་ལུང་གི་གཡེམ་ལ་རྒྱུགས་ཏེ་རང་སྣང་གང་ཤར་གསུངས་མཁན་རྣམས་དོན་སྙིང་མེད་པར་སེམས་ལ། ཡང་བན་དེ་རྣམས་ཀྱིས་ཆོས་དུ་མ་ཞིག་བོན་དུ་བསྒྱུར་བར་བཤད་པ་དང་། བོན་པོ་རྣམས་ཀྱིས་བོན་དུ་མ་ཞིག་ཆོས་སུ་བསྒྱུར་བར་བཤད་པ་རྣམས་རྣམ་དཔྱོད་ཞིབ་མོའི་ཤེས་རབ་རལ་གྲིས་དཔྱད་པ་ཞིག་མ་ཐུབ་བར་དུ་དབེན་དཔང་སུ་ལ་འཛིན། གངས་རིའི་ཁྲོད་ཀྱི་གྲུབ་མཐའ་ཚང་མ་རང་རང་གི་དབུ་མ་པ། ཐེག་ཆེན་པ་སངས་རྒྱས་པ་འདོད་པ་མ་ཟད། རང་ཕྱོགས་ཀྱི་སྟོན་པ་དང་བསྟན་པ། གྲུབ་མཐའ་རྣམས་སྐྱོན་མེད་ཚད་མ་ཁོ་ན་ཡིན་ལ། གཞན་ཕྱོགས་ཀྱི་སྟོན་པ་དང་བསྟན་པ། གྲུབ་མཐའ་རྣམས་སྐྱོན་ཅན་ཚད་མིན་ཞེས་སྨྲ་མཁན་རྣམས་མཁས་བཙུན་བཟངགསུམ་ལྡན་པའི་སྐྱེས་བུ་ཞིག་ཡིན་ན་རྣམ་རྟོག་གི་ཕུང་པོ་དེ་འདྲ་མི་མངའ་སྟེ། མཁས་བཙུན་བཟང་གསུམ་ཟེར་བ་དེ། རང་གཞན་གཞུང་ལུགས་རྒྱ་མཚོར་སྤྱན་དཀྱུས་རིང་པོས་གཟིགས་ན་མཁས། ཐོས་དོན་ཚིག་ཕྱིར་མི་འབྲེལ་རང་རྒྱུད་ཀྱི་བདག་འཛིན་སྨད་ན་བཙུན། གྲུབ་མཐའི་ཕྱོགས་སུ་མ་ལྷུང་སངས་རྒྱས་ཀྱི་རྗེས་སུ་འཛིན་ན་བཟང་པོ་ཡིན་པས་གོང་གི་ལོ་རྒྱུས་རྩོམ་པ་པོ་རྣམས་སྐད་གྲགས་ཆེ་ཡང་མིང་དོན་མཚུངས་པ་དཀའ་བ་མིན་ནམ་སྙམ། གང་ལྟར་ཕྱོགས་འཛིན་ནི་རང་གཞན་ཀུན་ལ་ཐལ་ཆ་མ་གཏོགས་ཕན་པ་ཏིལ་འབྲུ་ཙམ་མེད་པའི་ཆ་ནས། སྟོན་མཆོག་གཤེན་རབ་མི་བོའི་ཞལ་ནས། “རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག” ཅེས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ “བདག་ནི་སངས་རྒྱས་ཕྱོགས་མི་འཛིན། སེར་སྐྱ་སོགས་ལ་མི་སྡང་ཡང་། གང་ཞིག་རིགས་པར་ལྡན་པའི་ཚིག་ དེ་ཉིད་སྟོན་པར་ཡོངས་སུ་འཛིན” ཞེས་གསུངས་པ་ལྟར་ཆོས་ཀྱི་སྙིང་པོ་བདག་གཞན་གཉིས་མེད་ཟེར་བ་འདི་འདྲ་ཞིག་ལ་གོ། དེ་ལྟར་ཚད་མའི་སྐྱེས་བུ་སྟོན་པ་བཀའ་དྲིན་ཅན་དམུ་རྒྱལ་ཐོད་དཀར་སྲས་་དང་། ཟས་གཙང་སྲས་གཉིས་ཀྱི་བཀའ་གསུངས་སོ་ཅོག། རང་རྒྱུད་ཀྱི་ཉོན་མོངས་ཞི་ཐབས་དང་རང་སེམས་ལས་སུ་རུང་ཐབས་འབའ་ཞིག་བསྟན་པས་དེའི་རྗེས་འཛིན་རྣམས་ཀྱང་ཐུགས་མཐུན་སེམས་ཐག་ཉེ་བའི་མཆེད་གྲོགས་ཤིག་མ་བྱུང་ནའང་། རང་ཕྱོགས་རྒྱལ་བར་འདོད་པའི་ང་རྒྱལ་དང་།། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་གྱིས་ཀུན་ནས་བསླང་སྟེ་ཆོས་ལུགས་ཆགས་སྡང་གིས་དུས་འདའ་ཐབས་ཅི་ལ་ཡོད། བོན་དང་ཆོས་ཞེས་པའི་ཐ་སྙད་འདི་གཉིས་བརྡ་གསར་རྙིང་གི་ཁྱད་པར་མ་གཏོགས་གཉིས་ཀ་བོད་སྐད་ཡིན་ནའང་། ཐ་སྙད་བེད་སྤྱོད་གཏོང་སྟངས། གྲུབ་མཐའི་དབང་གིས་ཆོས་པ་རྣམས་ཀྱིས་ཤེས་བྱ་ཀུན་ལ་ཆོས་ཞེས་འབོད་པ་མ་གཏོགས་བོན་ཞེས་ཐ་སྙད་མི་སྦྱར་བ་བཞིན་དུ་བོན་པོ་རྣམས་ཀྱིས་ཤེས་བྱ་ཡོད་དོ་ཅོག་ལ་བོན་ཞེས་ཐ་སྙད་སྦྱར་བ་མ་གཏོགས་ཆོས་ཞེས་འབོད་སྲོལ་མེད། ཁྱབ་ཚུལ་གྱི་དབང་དུ་བྱས་ན། ཡོད་པ་ཡིན་ན་བོན་གྱིས་ཁྱབ་པ་ནང་བཞིན་ཆོས་ཀྱིས་ཁྱབ་ལ། ཆོས་ཡིན་ན་དམ་པའི་ཆོས་ཀྱིས་མ་ཁྱབ་བ་བཞིན་དུ། བོན་ཡིན་ན་གཡུང་དྲུང་བོན་གྱིས་ཁྱབ་པ་མེད། ཕྱི་པ་དང་ནང་པའི་ཁྱད་པར་ནི་། གཙོ་བོར་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མི་ལེན་གྱི་སྒོ་ནས་བཞག་ལ། ནང་པ་ལ། གཙོ་བོར་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་སྒོ་ནས་བཞག་མཁན་གཅིག་དང་། བཅོམ་ལྡན་འདས་ཀྱི་ཆོས་སྤྱོད་མཁས་སྒོ་ནས་བཞག་མཁན་གཉིས་ཡོད་པས། བོན་པོ་ནི་གཙོ་བོར་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་སྒོ་ནས་ནང་པ་འདོད་མཁན་ཡིན་ཏེ། སྟོན་པ་སངས་རྒྱས་ཀྱི་བཀའ་ཚད་མ། མདོ་དྲི་མེད་གཟི་བརྗིདལས། “སྟོན་པ་བླ་མེད་སང༵ས་རྒྱས༵་དང་། དེས་གསུངས་ཞལ་ནས་བཅུད་འཐིགས་པའི། སྐྱོབས་པ་བླ་མེད་བ༵ཀའ༵་རྒྱུས་དང་། དེ་དག་བསྟན་པའི་གཉེར་འཛིན་པའི། འདྲེན་པ་བླ་མེད་སེམ༵ས་དཔ༵འ་གསུམ། དེ་ལྡར་ཡིད་བཞིན་ནོར་བུ་ལྟར། བླ་ན་མེད་པ་དཀོན་པའི་མཆོག” ཅེས་སྐྱབས་གནས་དཀོན་མཆོག་གསུམ་དངོས་སུ་བསྟན་ལ། བཀའ་ཚད་མ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། “ནང་པ་གཤེན་རབ་ཐེག་པ་བསྡུས་ན་གཉིས། རྒྱུ་དང་འབྲས་བུ་གཉིས་སུ་བཤད་པ་ཡིན།” ཞེས་ནང་པ་གཤེན་རབ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་བསྟན་པས། མདོ་རྒྱུད་འདི་དག་གི་དགོངས་དོན་དང་བསྟུན་ཏེ་ནང་པའི་མཚན་ཉིད་དེ་ལྟར་འདོད་པས་སོ། བོན་གྱི་ལྟ་སྤྱོད་ཡང་སྙིང་། སྟོན་པ་སངས་རྒྱས་ཀྱིས་ “ ལྟ་བས་ཡས་ཕུབས། སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་ནི་གཤེན་རབ་ལགས་སོ།” ཞེས་པས་ལྟ་སྤྱོད་ཀུན་གྱི་ཐོག་མར་ སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་སྒོ་ནས་ གཞི་སྙིང་རྗེ་ཆེན་པོ་སོགས་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱང་ བླ་མེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླང་སྟེ། ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱོད། ཕྱི་སོ་སོར་ཐར་པའི་སྡོམ་པ་སོགས་ལམ་བསླབ་པ་གསུམ་གྱིས་རྒྱུད་བསྡམ་ནས་སྤྱོད་མས་ཡར་འཛེགས། བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏང་ནས་ལྟ་བ་ཡས་ཕུབ་ཅིང་སྤང་ལམ་གཙོ་བོར་བསྟན་པ་ཕྱི་རྒྱུད་མདོ་ཡི་ལུགས་དང་། བསྒྱུར་ལམ་གཙོ་བོར་བསྟན་པ་ནང་རྒྱུད་སྔགས་ཀྱི་ལུགས། གྲོལ་ལམ་གཙོ་བོར་བསྟན་པ་གསང་རྒྱུད་སེམས་སྡེའམ་རྫོགས་ཆེན་གྱི་ལུགས་བཅས་མདོ་སྔགས་སེམས་གསུམ་གྱི་གཞི་ལམ་འབྲས་གསུམ་རྣམ་བཞག་བློ་ངོར་གྲུབ་པའི་ཚུལ་གྱིས་ལྟ་སྒོམ་སྤྱོད་གསུམ་གཏན་ལ་འབེབས་པའི་གྲུབ་མཐའ་ལ་ནང་པ་གཤེན་རབ་ཅེས་བརྗོད་པའོ། བོན་ཆོས་གཉིས་ཀྱི་ལུང་ནང་ གཅིག་གིས་གཅིག་ལ་ལྷ་བདུད་ཀྱི་རྣམ་བཞག་མང་ཞིག་གསུངས་མོད་ཀྱང་། རྟོག་དཔྱོད་ཞན་པའི་སྐྱེ་བོ་བདག་ལྟ་བུར་རྣམ་དཔྱོད་བློ་གྲོས་ཀྱི་འཇུག་སྒོ་དམན་པས་འདི་དང་འདི་ཞེས་ཁ་ཚོན་གཅོད་ཐུབ་པའི་སྤོབས་པ་ག་ལ་ལྡན་སྲིད་།།
སྨྲས་པ། རྒན་རབས་བྱེ་བའི་ལེགས་ཆ་ཟླ་་གཞོན་འབུམ།
གཞོན་སྐྱེས་སྟོང་གི་བློ་གྲོས་ཀུ་མུད་གཉེན། །
གཞོན་ནུའི་རིག་གསར་བརྒྱ་ཕྲག་རྣམ་དཔྱོད་འཕྲུལ།
འཇིག་རྟེན་གསར་པའི་སྒོ་འབྱེད་མིན་ན་གང་།
མཁས་པའི་ཐུགས་བཅུད་ལས་འོངས་ལོ་རྒྱུས་གཏམ།
རྣ་བའི་དཔྱིད་དུ་འབེབས་པའི་བདུད་རྩི་ལགས།
ཕྱོགས་འཛིན་བླུན་པོའི་ལྟས་ངན་གཏམ་སོ་ཅོག
སྒྲ་འཛིན་དབང་པོའི་ཡུལ་མིན་བཏང་སྙོམས་བཞག།
སེམས་ཅན་བློ་ཡི་རང་བཞིན་ཐ་དད་པས།
དགའ་དང་་མི་དགའ་སོ་སོར་འབྱུང་བ་བཞིན་།
ཁོ་བོས་བསྐྲུན་པའི་དྲན་གསོའི་ཚིག་གི་ཕྲེང་།
རྣ་བར་འཇེབས་མིན་འབྱུང་བ་དངོས་པོའི་གཤིས།