བླ་རི་གངས་རྒྱལ་ཏི་སེའི་སྐོར།
སྤྱིར་འཛམ་གླིང་ཐོག་གྲགས་ཅན་གྱི་གངས་རི་དང་། སྒོས་སུ་ཆོས་ལུགས་ཁག་མང་པོས་དད་པ་ཡིད་ཆེས་བྱ་ཡུལ་གྱི་གནས་རི་ཁྱད་འཕགས་ཅན་ཞིག་ཏུ་ངེས་ཤིང་དེའང་གཞི་དམིགས་ཡུལ་གནས་རི་གཅིག་ལ་བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་ཆེས་ལུགས་སོ་སོའི་འདོད་སྲོལ་ལྟར་ལྟ་བའི་འཛིན་སྟངས་ཐ་དད་དུ་གྲུབ་སྟེ། དཔེར་ན་རྒྱ་གར་བ་རྣམས་ཀྱི་ལྷ་ཆེན་དབང་ཕྱུག་སོགས་ཀྱི་གནས་རི་ངོས་འཛིན་ལ། ཐུབ་བསྟན་རིང་ལུགས་འཛིན་པ་རྣམས་ཀྱིས། སེང་གདོང་དང་། བདེ་མཆོག་གི་ཕོ་བྲང་སོགས་བརྩི་ལ་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱི། མེ་རི་དང་གེ་ཁོད། ཡི་དམ་མགོན་པོ་རྣམ་གསུམ་གཙོས་གཙང་མ་ཞང་ཞུང་ལྷ་ཚོགས་ཀྱི་གནས་རི་ངོས་འཛིན་གྱི་རེད། གངས་རྒྱལ་ཏི་སེ་དེ་ཚུལ་ཇི་སྟར་ཞང་ཞུང་དང་འབྲེལ་བ་གང་ཡོད་ཞེ་ན། བཤད་པར་བྱ་སྟེ་གདོད་མའི་འཛམ་གླིང་ཤར་ཕྱོགས་གླིང་ཆེན་གྱི་དཀྱིལ་དུ་ཆེས་སྟོབས་ལྡན་གྱི་རྒྱལ་ཁབ་ཞང་ཞུང་གི་སྐབས་སུ་སྲིད་འཛིན་ཁྱབ་ཁོངས་སུ་གཏོགས་པ་སྤྱིར་ཞང་ཞུང་སྒོ་ཕུགས་བར་གསུམ་དང་། ནང་གསེས་སུ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ་ལ་ཡུལ་ཁམས་དྲུག་ཅུ་དང་ཁྲི་སྡེ་བརྒྱད་ཅུ་ཡོད་ཚུལ། བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། “ཡུལ་ནི་ཞང་ཞུང་སྒོ་ཕུགས་བར་གསུམ་སྟེ། ཕུགས་པ་རྟག་གཟིགས་བར་པ་ཨོ་རྒྱན་ཏེ། བོན་ཁུངས་ཕྱིར་ན་གསུངས་རབ་དགོངས་པ་འགར། ཞང་ཞུང་ཕུགས་པར་ཞེས་བཟུང་དེ་ལྟར་དང་། ཕྱི་མ་ཞང་ཞུང་སྒོ་པ་དངོས་ཀྱི་ཡུལ། སྟོད་ནས་ཁ་ཆེའི་ཡུལ་མཚམས་སེང་གི་ཚུན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། སྦལ་ཏེ་རྐང་ཕྲན་ལ་དྭགས་ཟངས་དཀར་དང། གར་ཞ་ཉུང་ཏི་སྤི་ཏི་ཞུ་ནུ་དང་། ཚང་དྲུག་ཉི་རི་ཀྱོ་ནམ་ཤ་ཁོག་དང་། ཝོམ་གློ་སེ་རིབ་དོལ་པོ་ཀྲུག་སྐྱེས་དང་། ཀོར་ཁ་མང་ཡུལ་མན་གྱི་ལྷོ་རྒྱུད་དང་། རུ་ཐོག་གུ་གེ་སྤུ་ཧྲོང་བསྐོར་གསུམ་དབུས། བཟུང་བའི་ཁ་ཡུག་ཁ་སྐྱེར་ཁ་རགས་ཡུལ། ཅི་ཤང་ཅི་ན་གུ་རུབ་ཚོ་བཅུ་དང་། ར་སངས་ནག་ཚང་ཤངས་གྱེར་བྱང་རྒྱུད་བཅས། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་། བྱར་ཐོག་རྒྱལ་པོ་བཅོ་བརྒྱད་ལ་སོགས་བྱོན” ཞེས་གསལ་བ་ལྟར་སྔར་ཞང་ཞུང་གི་ཡུལ་ལ་ཡུལ་ཁམས་མི་འདྲ་ཁག་དྲུག་ཅུ་ལྷག་དང་། ཁྲི་སྡེ་བརྒྱད་ཅུ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སོགས་ཀྱི་རིང་ལ། ཆོས་ལུགས་ཀྱི་དབང་དུ་བྱས་ན། གཡུང་དྲུང་བོན་གྱི་བསྟན་པ་ཁོ་ན་དང་། དེ་ཡང་དར་རིམ་དུས་ཚོད་ཀྱི་དབང་དུ་བྱས་ན་སྟོན་མཆོག་གཤེན་རབ་མི་བོ་གཤེན་གྱི་ལོ་ཉི་ཤུ་བཞེས་སྐབས་ཞང་བོད་ཀྱི་ཡུལ་དུ་ཕེབས་ནས་ཐོག་མར་ཞང་ཞུང་གི་རྒྱལ་པོ་དང་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ལ་མདོ་ཁྲི་རྗེ་ལུང་བསྟན་ལ་སོགས་བསྟན་པ་བཞག་པ་ནས་བཟུང་། ཞང་རྒྱལ་ཐ་མ་ལིག་མི་རྐྱ་སྟེ་ཕྱིས་དུས་རབས་བརྒྱད་པ་བོད་རྒྱལ་ཁྲི་སྲོང་དང་དུས་མཉམ་པར་བྱོན་པའི་བར་དུ་ཞང་བོད་གཉིས་ཀར་བོན་གྱི་བསྟན་པ་དར་ཞིང་རྒྱས་སོ། རྒྱལ་བསྟན་རྒྱས་པའི་བསྟི་གནས། འཛམ་གླིང་གནས་ཀྱི་རྒྱལ་པོ། ཞང་ཞུང་བོན་གྱི་བླ་རི། རི་བོ་གང་རྒྱལ་ཏི་སེ་ནི་རྩེ་མོ་གངས་དང་། རྩ་བ་བྲག། དབྱིབས་ཤེལ་གྱི་མཆོད་རྟེན་ལྟ་བུའི་གཟུགས་སུ་གནས་ལ། དེ་ཡང་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལས། “རྣིལ་དང་རྭང་གི་ཕ་རོལ་ན། ཤིམ་ཕོད་ནོམ་པའི་ཚུ་རོལ་ན། དྭང་ར་མལ་དྲོས་མུར་ཟངས་གནས།” ཞེས་གསལ་བ་ལྟར། དབུས་གངས་རྒྱལ་ཏི་སེ་ཤིན་ཏུ་བརྗིད་ཉམས་ལྡན་པ་གནས་ལ་དེའི་ཕ་རོལ་དུ་སྤོས་རི་ངད་ལྡན་དང་ཚུ་རོལ་དུ་མཚོ་མ་པང་སྟེ་མཚན་སྙན་རླུང་སྟར་འབར་བའི་གང༵ས་རི༵་མཚོ༵་གསུམ་ནི་ལུང་གི་བསྔགས་ཤིང་འཛམ་གླིང་དབུས་ཀྱི་ལྟེ་བའི་ས་ཚིགས་ཀྱིས་དམིགས་འཛིན་ལ། དོན་གྱི་ངོ་བོའི་གནས་སྟངས་ཀྱི་ལོ་རྒྱུས་ནི། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། “ལྷོ་འཛམ་བུ་གླིང་གི་དབུས། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་བོ། ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ། ཞང་ཞུང་བོན་གྱི་ཡུལ། གནམ་འཁོར་ལོ་རྩི་བརྒྱད་ཀྱི་འོག། ས་པད་མ་འདབ་བརྒྱད་ཀྱི་སྟེང་། འདུ་གནས་སོ་བདུན་མེ་ཏོག་བཀྲ་བ་ལྟ་བུའི་དྭངས་མ། གནས་མཆོག་ཉི་ཤུ་རྩ་བཞི་གྲལ་བསྒྲིགས་པ་ལྟ་བུའི་གཙོ་བོ་དུར་ཁྲོད་ཆེན་པོ་གནས་བརྒྱད་གླིང་བདལ་བ་ལྟ་བུའི་དབུས། ཡང་དག་སྒྲུབ་པའི་གནས་དགུ་གཡུང་དྲུང་དགུ་བརྩེགས་ལྟ་བུའི་མཆོག སྐུ་གསུང་ཐུགས་ཀྱི་གནས་གསུམ་ནོར་བུ་གསུམ་བརྩེགས་ལྟ་བུའི་ཐོག་མ། གཡུང་དྲུང་བོན་གྱི་བླ་རི་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་ཞེས་བྱ་བ། ཕྱི་ལྟར་ན་གངས་ཤེལ་གྱི་མཆོད་རྟེན་ལྟ་བུ་ཚངས་པ་ལྷ་ཡི་སྲིད་རྩེ་དང་མཉམ་པ། ནང་ལྟར་ན་ཡི་དམ་མགོན་པོ་རྣམ་གསུམ་གྱི་ཕོ་བྲང་སྟོང་གསུམ་གྱི་གཏོས་དང་མཉམ་པ། གསང་བ་ལྟར་ན་མ་སྲིང་མཁའ་འགྲོའི་ཚོགས་ཞིང་རྒྱ་ཆེ་ལ་གཏིང་ཟབ་པ”ཞེས་སོགས་འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་ཏི་སེའི་ཆགས་དབྱིབས་དང་ཡི་དམ་རྒྱལ་བའི་ལྷ་ཚོགས་ཀྱི་གནས་རི། བསོད་ནམས་ཚོགས་ཆེན་བསགས་སའི་གནས་མཆོག། སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྒྲུབ་གནས། ཁ་ལ་རག་ཆོག་གི་ཆུ་བོ། ཐོད་པ་བོར་ཆོག་གི་དུར་ཁྲོད། སྨོན་ལམ་བཏབ་ཆོག་གི་ཞིང་ས། གོམ་པ་སྤོས་ཆོག་གི་གནས་རི་སོགས་ཁྱད་དུ་འཕགས་པའི་ངོ་མཚར་ཅན་གྱི་རི་བོར་བསྔགས་པའོ། དེས་ན་གངས་རྒྱལ་ཏི་སེ་དེ་སྔར་ཞང་ཞུང་གི་རྒྱལ་རབས་རིམ་བྱོན་གྱི་སྐབས་སུ། བླ་རི་གངས་རྒྱལ་ཏི་སེ་དང་བླ་མཚོ་མ་པང་གཡུ་མཚོ། བླ་བྲག་རྟ་སྒོ་བྲག་ཆེན་ཞེས་ཞང་ཞུང་གི་བླ་གནས་རི་མཚོ་བྲག་གསུམ་དེ་ཤིན་ཏུ་རྩ་ཆེན་འཛིན་ལ། ཏི་སེ་གངས་ཀྱི་ཕྱོགས་བཞི་ན། འཁྱིལ་བའི་མཚོ་མོ་རྣམ་བཞི་དང་། འབབ་པའི་ཁ་འབབ་རྣམ་བཞི་ཞེས། བོན་གྱི་ལོ་རྒྱུས་ཁག་ནང་ཡོང་སུ་གྲགས་ཏེ་ཞང་ཞུང་གི་བོན་སྐོར། མེ་རི་གྱད་ཕུར་གྱི་བསྒྲུབ་གཞུང་དཔེ་ཨང༢༩༠་ལས། “ཏི་སེ་ཤེལ་གྱི་མཆོད་རྟེན་ནི། མ་བརྩེགས་དཔང་མཐོ་བོན་གྱི་རི། མ་པང་གཡུ་མཚོ་མཎྡལ་ནི། མ་བརྐོས་གཏིང་ཟབ་ཁྲུས་ཀྱི་མཚོ། སྤོས་རི་ངད་ལྡན་བསྒྲུབ་གནས་ནི། ཉམས་དགའ་ཡིད་འོང་བཞུགས་པའི་གནས། རི་བོ་དེ་ཡི་ཕྱོགས་བཞི་ལ། འཁྱིལ་བའི་མཚོ་བཞི་མེ་རེ་རེ། གཅིག་ནི་གུང་རྒྱུད་དངུལ་མོ་མཚོ། གཅིག་ནི་མ་པང་གཡུ་མོ་མཚོ། གཅིག་ནི་ལ་ངག་གསེར་མོ་མཚོ། གཅིག་ནི་ཟོམ་ཤང་ལྕགས་མོ་མཚོ།”ཞེས་དང་མེ་རི་གྱད་ཕུར་བསྐང་བ་སོགས་ལས། “བླ་རི་གངས་རྒྱལ་ཏི་སེ་ལ། གསེར་གྱི་མེ་དཔུང་སེར་པོ་འབར། བླ་མཚོ་དྭང་ར་མ་པང་ལ། གཡུ་ཡི་དུད་པ་སྔོན་པོ་འཐུལ། བླ་བྲག་རྟ་སྒོ་བྲག་ཆེན་ལ། གསེར་གྱི་མེ་སྟག་འཁྲུགས་ཤིང་འཕྲོ། རི་བྲག་མཚོ་ལས་སྤྲུལ་པའི་གསས། གེ་ཁོད་དབུ་གསུམ་ཕྱག་དྲུག་པ།” ཞེས་གསལ་བ་ལྟར་རིམ་བཞིན་མཚོ་མོ་རྣམ་བཞི་དང་རི་བྲག་མཚོ་གསུམ་ནི། ཞང་ཞུང་ཡུལ་དབུས་སུ་གྲགས་ཆེ་བའི་མཚོ་དང་གངས་རི་བསྒྲུབ་གནས་ཡིན་ཞིང་། ལྷག་པར་དུ་གངས་ཏི་སེ་ནི་གེ་ཁོད་གསང་བ་དྲག་ཆེན་གཙོས་ཡི་དམ་མགོན་པོ་རྣམ་གསུམ་ལ་སོགས་གཙང་མ་ཞང་ཞུང་ལྷ་ཚོགས་ཀྱི་གནས་རི་ཡིན་པ་གོང་དུ་དྲངས་པའི་ལོ་རྒྱུས་ཁག་ལ་གཞིགས་ན་གསལ་ཁ་བྱུང་བས་མ་ཚད། སྔར་སྟོན་པ་གཤེན་རབ་ཞང་ཞུང་དུ་ཕེབས་སྐབས། གངས་རིན་པོ་ཆེའི་ཕྱོགས་བཞི་ལ་སྟོན་པའི་ཞབས་རྗེས་རེ་དང་། གངས་རིའི་མདུན་དེང་སང་རྒྱང་གྲགས་དགོན་ཞེས་པའི་ས་གནས་སུ། སྔར་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ནས་དང་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་ཞིང་། སྐབས་དེར་རྒྱལ་པོ་འདི་ཡིས་སྟོན་པ་སངས་རྒྱས་བླ་ཡི་མཆོད་གནས་སུ་བཀུར་ནས་མདོ་ཁྲི་རྗེ་ལུང་བསྟན་ལ་སོགས་བོན་ཞུས་ནས་སྟོན་པས་བསྟན་པ་བཞག་སྟེ། སྟོན་པའི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་ནང་ཚན་ཁབ་བཞེས་ཀྱི་མདོ་ལས། “ལྷོ་འཛམ་བུ་གླིང་དུ་སངས་རྒྱས་ཀྱི་བསྟན་པ་ཆགས་ཕེབས་པའི་གནས། ཞང་ཞུང་གི་ཡུལ། པད་མ་རྒྱས་པའི་དཀྱིལ། རི་བོ་གངས་ཅན་ཏི་སེའི་དྲུང་། དྲི་ཞིམ་ངད་ལྡན་གྱི་ཚལ་དུ། གསས་ཁང་རིན་ཆེན་གླིང་བརྩེགས། (དེང་སང་རྒྱང་གྲགས་དགོན་ཞེས་པའི་ས་གནས་དེར་ཡིན།) ཞེས་བྱ་བ་བཞེངས་སུ་གསོལ་ནས་ཞང་ཞུང་གི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་ལ་བསྟན་པ་བཞག” ཞེས་སོགས་གསལ། ཡང་བོན་ཆོག་སྟག་ལའི་བཟློག་ཟོར་ལས། “སྔོན་སྟོན་པ་གཤེན་རབ་མི་བོ་དེ། ལྷོ་རྒྱལ་འཛམ་བུ་གླིང་ལ་བྱོན་པའི་དུས། གངས་དཀར་ཏི་སེར་ཞབས་ཀྱིས་བཅག། འཛམ་གླིང་ལྷོ་ཡི་སྣང་སྲིད་རྣམས། བོས་ན་འོང་ཞིང་སྦད་ན་འགྲོ། བསྟན་པ་བསྲུང་བར་ཐ་ཚིག་བགོས།” ཞེས་པའི་ལོ་རྒྱུས་འདི་དག་ལ་གཞིགས་ན། གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱིས། གངས་རིན་པོ་ཆེ་ལ་བྱིན་རླབས་ཁྱད་པར་ཅན་དང་། གནས་རི་རྩ་ཆེན་འཛིན་དགོས་པའི་རྒྱུ་མཚན་ནི། དང་ཐོག་སྟོན་པ་གཤེན་རབ་མི་བོ་མཆོག་སྐུ་དངོས་སུ་གངས་ཏི་སེ་ལ་ཞབས་བཅག་ནས། གཤེན་ཞལ་གཙང་མའི་བོན་གསུང་ཤིང་ཐུགས་རྗེའི་འོད་ཟེར་གྱི་བྱིན་གྱིས་བརླབས་པ་དང་། གཉིས་སུ་བྱས་ན། བོན་གྱི་བསྟན་པའི་བྱུང་ཁུངས་ཞང་ཞུང་སྨར་ཡུལ་ཀྱི་ལྟེ་བའི་ས་དམིགས་འཛིན་ཏེ། ཞང་ཞུང་ལྷ་ཚོགས་ཀྱི་གནས་རི་དང་། བོན་གཤེན་རིག་འཛིན་རྣམས་ཀྱི་བསྒྲུབ་གནས། ཞང་ཞུང་རྒྱལ་རབས་རིམ་བྱོན་གྱི་བླ་རི་ཡིན་པ་དང་། གསུམ་ན། གངས་དཀར་ཏི་སེ་གཙོས། རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་་ཞང་བོད་འཛིན་མའི་ཁྱོན་གྱི་གནས་རི་དང་ཡུལ་རི་གཞི་བདག་ཀུན་གྱི་རྗེ་བོ་ཡིན་པ་དང་། བཞི་ན། ཡོན་ཏན་དབུས་ཀྱི་དག་ཞིང་འོལ་གླིང་མིན་ཡང་ས་ཚིགས་ཀྱིས་དམིགས་འཛིན་ཞིང་། སྲིད་པའི་མཛོད་ཕུགས་ལས། རྣིལ་དང་རང་གི (ཞང་སྐད་ལ་རྣིལ་རྭང་ནི་གངས་རི་ལ་ཟེར)ཕ་རོལ་ན། ཤིམ་ཕོད་ནོམ་པའི་ (ཞང་སྐད་ལ་ཤིམ་ཕོད་ནོམ་པ་ཞེས་པ་སྤོས་རི་ངད་ལྡན་)ཚུ་རོལ་ན། དྭང་ར་མལ་དྲོས་ ( ཞང་སྐད་ལ་དྭང་ར་མལ་དྲོས་ནི་མཚོ་མ་པང་ལ་ཟེར) མུ་ཟངས་གནས། དེ་ནས་འོག་ཏུ་མར་བཅལ་གྱི། དཔག་ཚད་སྟོང་ཕྲག་ཉི་ཤུ་ན། མནར་མེད་པ་ཡི་དུ་ཏི་ཡོད། ཞེས་མཛོད་ལུགས་ལྟར་ན། གངས་ཏི་སེའི་ཕ་རོལ། སྤོས་རི་ངད་ལྡན་གྱི་ཚུ་རོལ། མཚོ་མ་པང་གི་འོག་ཏུ་གདུལ་བྱ་བཀྲི་དྲངས་དང་ལྡེམ་དགོངས་ཀྱི་ཚུལ་དུ་དམྱལ་བའི་གནས་ཡོད་པར་གསུང་པའི་ས་གནད་གཙིགས་ཆེར་འཛིན་པ་བཅས་ལ་སོང་ལོ་རྒྱུས་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་གངས་རིན་པོ་ཆེ་ལ་གལ་འགངས་ཆེ་བའི་བླ་རི་དང་། ཕྱག་བསྐོར་སྒྲིབ་སྦྱང་བྱ་སའི་གནས་རི་བསྙོན་དུ་མེད་པ་ཞིག་ངོས་འཛིན་གནང་གི་ཡོད་པ་རེད། འོན་ཀྱང་ཕྱིས་སུ་བོད་མི་ཆེ་གེ་མོ་ཞིག་གི་དོན་དངོས་ཀྱི་ལོ་རྒྱུས་མཐུན་མིན་ལ་མ་སྟོས་པར་གྲུབ་མཐའི་ཕྱོགས་ཞེན་ཨ་འཐས་ཀྱི་ཀུན་ནས་བསླང་སྟེ་གངས་རིན་པོ་ཆེ་ལ། མི་ལ་རས་པ་དང་ན་རོ་བོན་ཆུང་ཟེར་བ་གཉིས་རྟག་ཏུ་རང་རྒྱལ་གཞན་ཕམ་གྱི་རྩོད་པ་དང་། ང་ཡིན་ཁྱོད་མིན་གྱི་ཀླན་ཀའི་གཏམ་འཆལ་དུ་མ་ཞིག་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་མ་དག་རྒྱུན་འབྱམས་སུ་སོང་བའི་བཤད་སྲོལ་ལྷག་ཡོད་པ། དེ་དང་བཅོམ་ལྡན་འདས་ཀྱིས་གངས་རིའི་ཕྱོགས་བཞི་ལ་རྫུ་འཕྲུལ་གྱིས་ཞབས་རྗེས་བཞག་ཟེར་བ་དེ་དག་ལུང་རིག་གང་གི་སྒོ་ནས་དཔྱད་ན་སྒྲུབ་བྱེད་ཀྱི་ལྟོས་ཆུང་ལ། དོན་དངོས་བརྟག་ན་རིག་པས་འཇིག་པའི་རྒྱུ་རུ་འགྲོ་བར་མཐོང་། ལོ་རྒྱུས་ཐོག་གངས་རིན་པོ་ཆེ་དེ་གནས་སྟངས་གང་ཡིན་གོང་དུ་དྲངས་པའི་རྒྱུ་མཚན་ཁག་ལ་ཏོག་ཙམ་གཟིགས་ན་མཁྱེན་རྟོགས་འབྱུང་ངེས་དང་། ལར་རྗེ་བཙུན་མི་ལ་རས་པ་ཟེར་བ་ཉམས་རྟོགས་ཁྱད་པར་ཅན་གྱི་གྲུབ་ཐུབ་ཞིག་རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་སྟེ་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་ཕུང་པོ་དེ་འདྲ་མི་སྲིད་དེ། ཉམས་ལེན་གྱི་མཐའ་དོན། ཆོས་ཀྱི་སྙིང་པོ་བདག་གཞན་གཉིས་མེད་ཀྱི། རྣལ་འབྱོར་པ་ལ་བདག་དང་བདག་གིར་འཛིན་པའི་རྣམ་རྟོག་དེ་འདྲ་ཡོད་མེད་ཚང་མས་བསམ་ཞིབ་ཅིག་གནང་དང་། དོན་དངོས་ཁོང་ལ་བསྟོད་པའི་སྨད་པ་སོང་ཞིང་། རྫུན་ཕུང་གི་གཏམ་ཚོགས་དེ་དག་རྗེས་སུ་ཕྱོགས་འཛིན་པ་འགའ་ཞིག་གིས་ཡིག་ངག་གཉིས་ཐོག་ནས་སྒྲོ་བཏགས་དང་བསྐུར་འདེབས་བྱས་པ་ཤིན་ཏུ་གསལ། ཕྱོགས་གཅིག་ན་ན་རོ་ཟེར་བ་བཀའ་རྒྱུད་སོགས་ཀྱི་ཐ་སྙད་ལས། རབ་འབྱམས་བོན་གྱི་གཞུང་ལུགས་རྒྱ་མཚོ། རྒྱུད་ལུང་མན་ངག མདོ་འབུམ་རྒྱུད་མཛོད་རྒྱལ་རབས་ལོ་རྒྱུས་སོགས་ཕྱོགས་གང་ལ་བལྟས་ན། ན་རོ་བོན་ཆུང་ཟེར་བ་མིང་ཙམ་ཞིག་མཐོང་རྒྱུ་མེད་སྟབས། མི་ལ་རས་པར་འགྲན་ཟླ་བྱས་ཟེར་བ་དེ། མོ་གཤམ་ཀྱི་བུ་མོ་ལ། མ་ནིང་བུ་ཞིག་མག་པ་བླངས་ཟེར་བའི་འུད་གཏམ་དང་ཅི་མི་མཚུངས། བཅོམ་ལྡན་འདས་ཀྱིས་གངས་རིར་རྫུ་འཕྲུལ་གྱི་ཞབས་རྗེས་བཞག་ཟེར་བ་དེ་ནི་དག་སྣང་སྦྱོང་ཆེད། རང་སྣང་རྣམ་པར་དག་པའི་ཞིང་ལ་སྐུ་དངོས་སུ་བྱོན་པ་ལ་སོགས་ཀྱི་ཡིད་སྨོན་དང་དད་པ་འདུ་ཤེས་བཞག་ཆོག་ཀྱང་། དོན་དངོས་ལོ་རྒྱུས་ཀྱི་ཐོག་ཏུ་དཔྱད་ན་ལུང་རིག་གཉིས་དང་འགལ་ཏེ། དང་པོ་ལུང་དང་འགལ་བ། རང་ཅག་ཐུབ་བསྟན་རིང་ལུགས་འཛིན་པ་ཀུན་གྱིས་ཞལ་བཞེས་ཤིང་གཙུག་ཏུ་བཞག་རྒྱུའི་ལུང་། མ་ཎི་བཀའ་འབུམ་ལས། “བོད་ཁ་བ་ཅན་གྱི་རྒྱལ་ཁམས་བཅོམ་ལྡན་འདས། ཤྭཀྱ་ཐུབ་པས་ཞབས་ཀྱིས་མ་བཅགས། གསུང་གི་འོད་ཟེར་གྱི་མ་ཁྱབ། ཐུགས་ཀྱི་བྱིན་གྱིས་བརླབས་པ་དེ་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འདུལ་བར་འགྱུར།” ཞེས་བཅོམ་ལྡན་འདས། བོད་ལ་ཞབས་ཀྱིས་མ་བཅག། གསུང་གི་བོད་ཟེར་གྱིས་མ་ཁྱབ། ཐུགས་ཀྱི་བྱིན་གྱིས་མ་བརླབས་ཟེར་བཞིན་དུ་ད་དུང་རྫུ་འཕྲུལ་གྱིས་ཞབས་རྫེས་བཞག་ཟེར་བ་དགོས་མེད་དང་ལུང་ཚིག་དང་འགལ་བས་སོ། གཉིས་པ་རིག་པ་དང་འགལ་ཏེ། བཤད་པ་ལྟར་ཡིན་ན་གངས་རིན་པོ་ཆེའི་ཕྱོགས་བཞིར། གཤེན་རབ་དང་ཤག་ཐུབ་གཉིས་ཀའི་ཞབས་རྗེས་རེ་རེ་ཡོད་དགོས་པ་ལས། དེ་མེད་པ་མངོན་སུམ་ཚད་གྲུབ་དང་། ལོ་ཚིགས་ཀྱི་ཐོག་ན་ཤག་ཐུབ་མ་འཁྲུངས་ལོ་སྟོང་ཕྲག་མང་པོའི་སྔོན་ན་སྟོན་པ་གཤེན་རབ་བོད་དུ་ཕེབས་སྐབས་ཀོང་པོ་བོན་རིར་བཞག་པའི་བྲོ་གར་ཞབས་རྗེས་དང་། ཞང་ཞུང་དུ་ཕེབས་སྐབས། གངས་ཏི་སེར་བཞག་པའི་ཞབས་རྗེས་དང་། རྟ་མཆོག་ཁ་འབབ་ཀྱི་བརྒྱུད་གཙང་ཆུའི་ཕར་ངེས་དེང་སང་གུང་དུམ་ཟེར་བའི་ཞང་ཞུང་དུམ་པ་ཚལ་དུ་ཡོད་པའི་གཤེན་རབ་ཀྱི་ཞབས་རྗེས་དེ་དག་ཀུན་ཆེ་ཆུང་ཚད་ཁྲུ་གང་ལས་ལྷག་ཙམ་ཡོད་པ་དང་། དབྱིབས་སོགས་གཅིག་ཏུ་མཚུངས་པ་དབང་པོ་མངོན་སུམ་གྱིས་སྤྱོད་ཡུལ་དུ་གྱུར་པས་རྣམ་དཔྱོད་ཤེས་རབ་རྒད་པོའི་ར་མདའ་མ་ཕྱིན་ནའང་། དོན་དབེན་རྫུན་ཕུང་གཏམ་ཚོགས་གཡའ་གྲིབ་ཀྱིས་ཡང་དག་གྱི་ལོ་རྒྱུས་མེ་ལོང་འོད་པོ་ཆེར་སྒྲིབ་པ་དེ་དག། དེང་འདིར་དངོས་ཡོད་ལོ་རྒྱུས་མེ་ལོང་གི་ནང་ནས། དངོས་དོན་ཏི་སེའི་རང་ཞལ་གསར་པའི་བྱུང་བ་འགོག་མེད་དུ་ཤར་བས་ཁོ་བོའི་བསམ་བློར་རྩེ་གཉིས་ཀྱི་རྒྱ་མདུད་གྲོལ་ཞིང་རྩེ་གཅིག་རྣམ་དཔྱོད་དཔལ་མོའི་ཕྱོགས་ལ་དེངས་པར་གྱུར་རོ།