ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/9 23:44:00 | By: ཁྱུང་པོ་དཔལ་རྒྱལ། ]
 
ཆོས་འཛིན་ཕན་བདེ་དྭ་ཕྲུག་སློབ་གྲྭའི་སློབ་སྤྱི་དགེ་རྒན་བསྟན་འཛིན་དོན་གྲུབ་ལགས་ལྷ་སར་སྐུ་གཤེགས།

              གནས་འཕྲིན་འདི་ཐོག་མར་གུས་པས་ཆོས་གྲོགས་ཚང་ནས་མཐོང་ཐོས་བྱུང་སྐབས། མིག་ཆུ་དབང་མེད་དུ་ཤོར་སོང་།

གང་ཡིན་ཞེ་ན།  དོན་འགྲུབ་ལགས་ཁོང་ནི་རྣ་བས་ཐོས་པ་ཁོ་ན་ཙམ་མིན་པར་ངས་མིག་གིས་དངོས་སུ་མཐོང་མྱོང་བའི་བྱང་ཆུབ་སེམས་དཔའ་དེ་རེད།

ཁོང་གི་རང་སྒེར་གྱི་མདུན་ལམ་དང་།  ཁེ་ཕན།  ལས་གནས་སོགས་རིང་དུ་དོར་ཏེ་ཉམ་ཆག་དྭ་ཕྲུག་མང་པོའི་ཕ་དང་མ།  དགེ་རྒན་གསུམ་གྱི་འགན་འཁྲི་གཅིག་ལྕོགས་སུ་བཞེས་ཏེ་ལོ་མང་ཕྱིན་པ་རེད། ད་ལྟ་ཁོང་དེ་ལྟར་གྲོངས་པས་དྭ་ཕྲུག་དེ་ཚོ་དྭ་ཕྲུག་ནང་གི་དྭ་ཕྲུག་ཏུ་གྱུར་པ་རེད།   བྱམས་བརྩེས་ཀུན་ནས་བླངས་པའི་རླབས་ཆེན་མི་སྣ་འདི་ལ་ཚང་མས་མྱ་ངན་ཞུ་རོགས།།

                                             

           

དགེ་རྒན་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྐུ་པར་འདི་ནི་ཟླ་བ་སྔོན་མའི་ཚེས་༢༨ཉིན་སྒྲོན་པ་ཞིག་ཡིན་པས་ཁོང་གི་ཆེས་མཐའ་མཇུག་གི་སྐུ་པར་དེ་ཡིན།

 

བོད་ཟླ་གཉིས་པའི་ཚེས༡༦དང་སྤྱི་ཟླ༤ཚེས་༧ཉིན་ཆོས་འཛིན་ཕན་བདེ་དྭ་ཕྲུག་སློབ་གྲྭའི་སློབ་སྤྱི་དགེ་རྒན་བསྟན་འཛིན་དོན་གྲུབ་ལགས་སྨན་ཁང་དུ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ལྷ་སར་སྐུ་གཤེགས་སོང་།
      རྒན་ལགས་ཁོང་ནི་སྤྱི་ལོ་༡༩༦༨ལོར་བོད་ལྗོངས་རྒྱལ་རྩེ་རྫོང་མི་ཚང་དཀྱུས་མ་ཞིག་ཏུ་འཁྲུངས་པ་དང་ཆུང་དུས་ནས་སྔོན་མའི་བག་ཆགས་ཀྱིས་འཐུས་སློབ་སྦྱོང་འགྲིམ་ཚར་མ་ཐག་ཕ་ཡུལ་དུ་ལོག་སྟེ་རྒྱལ་རྩེ་ཁ་གདན་བཟོ་གྲྭའི་སྤྱི་ཁྱབ་བཟོ་འགོད་པ་དགེ་རྒན་ཆོས་འཛིན་ལགས་ཀྱི་དྲུང་ནས་བོད་ཀྱི་སྲོལ་རྒྱུན་ཐང་གའི་རི་མོ་མཐིལ་ཐོན་པ་སྦྱངས།
     སྤྱི་ལོ་༡༩༨༤ལོར་དགུང་ལོ་༡༦ལ་སོན་པའི་བསྟན་འཛིན་དོན་གྲུབ་ལགས་གྲོ་མོ་རྫོང་གི་ལམ་བཟོ་རུ་ཁག་གི་བཟོ་པ་ཞིག་ཏུ་འགྱུར།  སྐབས་དེར་ཡང་ཁོང་གིས་སྔར་བཞིན་རི་མོའི་སྒྱུ་རྩལ་གྱི་ལག་ལེན་དང་སློབ་སྦྱོང་ཆགས་མེད་དུ་ཉམས་བཞེས་གནང་བ་དང་།   ༡༩༩༠ལོར་ཁོང་གིས་རང་ཉིད་ཀྱི་ཆུང་དུས་ནས་བཅང་པའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་ཕྱོགས་གང་ཐད་ཀྱི་དཀའ་ངལ་རྣམས་ཁྱད་དུ་བསད་དེ་རང་ཉིད་ཀྱི་ནུས་པ་ཁོ་ནར་བརྟེན་ཏེ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་བསྐྱོད་རྒྱུའི་གོ་སྐབས་ཐོབ།  དེ་ནས་རི་མོའི་སློབ་དཔོན་ཆེན་མོ་དགེ་རྒན་བསྟན་པ་རབ་བརྟན་ལགས་ལོ་ངོ་གཅིག་དང་ཕྱེད་ལྷག་ཙམ་རིང་གུས་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བརྟེན་པས་ཁོང་གི་རི་མོ་སྟེ་ཐང་གའི་སྒྱུ་རྩལ་ལ་སྔོན་མེད་ཀྱི་ཡར་ཐོན་ཆེན་པོ་བྱུང་།
     སློབ་མཐར་ཕྱིན་རྗེས་རྒྱལ་རྩེ་རྫོང་ལམ་བཟོ་རུ་ཁག་གི་དྲིལ་བསྒྲགས་སྐོར་གྱི་ཕྱག་ལས་གནང་བ་དང་།  སྐབས་དེར་ཞིང་གྲོང་གི་ལོ་ཆུང་བུ་མོ་སྐོར་ཞིག་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་རྙེད་པ་གཟིགས་པས་ཁོང་གི་ཐུགས་ལ་ངས་ངེས་པར་དུ་བྱིས་པ་འདི་དག་ལ་རང་ཉིད་ཀྱི་རི་མོ་འབྲི་བའི་ལག་རྩལ་ཤེས་སུ་བཅུག་སྟེ་ཁོང་ཚོ་ཐུན་མིན་གྱི་ལག་རྩལ་དང་ལྡན་པ་ཞིག་བྱེད་ངེས་ཡིན་སྙམ་པའི་སྐུལ་སློང་འགོག་མེད་དུ་བསྐྱེད།
     སྤྱི་ལོ་༡༩༩༤ནས་བཟུང་ཁོང་གི་རང་ཉིད་ཀྱི་ཟླ་ཕོགས་ཅུང་ཟད་དང་། རང་གི་རི་མོའི་བརྩམ་བྱ་འགྲེམས་ཚོང་སོགས་བྱས་པའི་གླས་སློབ་གྲྭར་འགྲོ་མ་ཐུབ་པའི་བྱིས་པ་ཕོ་མོ་འགའ་ཉར་གསོས་གནང་།  ༢༠༠༤ལོར་ཁོང་གིས་རང་ཁྱིམ་ནས་དབུལ་ཕོངས་ཀྱིས་མནར་བའི་བུ་ཕྲུག་སྐོར་ཞིག་ལ་རི་མོ་དང་ཐང་གའི་ལག་རྩལ་སློབ་ཁྲིད་གནང་བའི་བྱ་བཞག་རླབས་ཆེན་འདི་མི་མང་པོས་ཤེས་རྟོགས་བྱུང་བས་ཁོང་གི་གཟིམ་ཁང་དུའང་མི་ཤོང་བའི་སློབ་མའི་ཁ་གྲངས་ཐོད་བརྒལ་བྱུང་།
     དེ་རྗེས་བསྟན་འཛིན་དོན་གྲུབ་ལགས་ནས་ལྷ་སའི་ཤར་རྒྱུད་བདེ་སྡོད་ཁང་ནས་ཁང་པ་གཉིས་གཡར་གནང་མཛད་དེ་སློབ་ཕྲུག་༥༣ལ་ཁྱིམ་ཚང་སློབ་གྲྭ་ཞིག་འཛུགས་གནང་སྟེ་སློབ་གྲའི་མིང་ཡང་རང་ཉིད་ཀྱི་དགེ་རྒན་དམ་པ་ཆོས་འཛིན་ལགས་ཀྱི་མཚན་གྱིས་བརྒྱན་ཏེ་ཆོས་འཛིན་ཕན་བདེ་སློབ་གྲྭ་ཞེས་གསོལ་ལོ།
    ཁོང་གིས་སྤྱི་ཚོགས་ཀྱི་དགོས་མཁོ་གནད་དུ་བཟུང་སྟེ་སློབ་མ་ཚོར་ཐང་གའི་རི་མོ་དང་།  བོད་སྨན།   བོད་ཀྱི་སྲོལ་རྒྱུན་རོལ་ཆ་བཅས་སློབ་ཚན་ཁག་གསུམ་དུ་དབྱེ་བ་མ་ཟད།  སྤྱི་ཚོགས་ཐོག་བོད་སྨན་མཁས་ཅན་དང་བོད་ཀྱི་སྲོལ་རྒྱུན་རོལ་ཆ་མཁས་ཅན་གྱི་དགེ་རྒན་གདན་འདྲེན་ཞུས་ཏེ་སློབ་ཕྲུག་ཚོར་དོན་དམ་གྱི་ཕན་འབྲས་མངོན་གསལ་ཐོན་པས་མཚན་སྙན་སྤྱི་ཚོགས་ཀུན་ལ་ཁྱབ་པའི་གཏམ་བཟང་མངོན་འགྱུར་བྱུང་། 

    ༢༠༠༩ལོར་ཨ་ཕོ་ལུག་རྫི་དམངས་ཁྲོད་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་རོགས་སྐྱོར་གནང་བ་བརྒྱུད་སློབ་མ་ཚོའི་སྲོལ་རྒྱུན་རོལ་དབྱངས་ཀྱི་བརྙན་འཁོར་ཐོག་མ་དེ་འགྲེམས་སྤེལ་བྱས་ཤིང་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་དགའ་བསུ་ཐོབ།

   བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱུན་དུ་ནས་གསུང་དོན་ངས་བྱིས་པ་དག་ལ་སྡོད་གནས་ཙམ་མཁོ་སྤྲོད་བྱེད་རྒྱུ་གཙོ་བོ་མིན་པར་ཁོང་ཚོར་ལག་རྩལ་ཕུལ་དུ་བྱུང་བ་ཞིག་འབྱོང་བར་བྱས་ཏེ་མ་འོངས་པར་འཚོ་བ་ཡག་པོ་ཞིག་རོལ་རྒྱུ་དེ་ཡིན་ལ། ཆབས་ཅིག་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་རྒྱུད་འཛིན་བྱེད་རྒྱུ་དེའང་ཡིན། ཞེས་པའི་དགོངས་པ་མངོན་དུ་མ་འགྱུར་གོང་༼ད་ཡོད་སློབ་མ་བདུན་ཅུ་ལྷག་ཙམ་ལུས་ཏེ༽ཁོང་སྐུ་གཤེགས་པ་ནི་ང་ཚོའི་སེམས་སུ་བཟོད་བླགས་བྲལ་བའི་གདུང་བ་ཞིག་ཅི་ལ་མིན་ཨང་།

                 

                      སློབ་མ་ཚོས་བོད་ཀྱི་སྲོས་རྒྱུན་རོལ་དབྱངས་ལ་ནང་སྦྱོངས་བྱེད་བཞིན་པ།

                  

                               དགེ་སློབ་ལྷན་འཛོམས་ཀྱི་འདྲ་པར།

ཟུར་ཞུ།  ཆོས་གྲོགས་ཚང་ནས་ཁྱེར་ཡོང་ནི་ཡིན།

 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/6/6 21:37:41 | By: གཡུང་སེམས་ནས་(སྐུ་མགྲོན) ]
 
གཡུང་སེམས་ནས་(སྐུ་མགྲོན)ད་ལྟའི་དུས་འདི་ཅི་འདྲ་ངན་པ་ལ་ ཕ་མ་མེད་པའི་དྭ་ཕྲུག་དེ་ཚོའི་བྱམས་སེམས་ཅན་གྱིས་དགེ་རྒན་ནམ་ཕ་ཞིག་བརྙད་པ་དེ་ཡང་ཞིང་ཁམས་གཞན་དུ་གཤེགས་འདུག་ ཁོང་ཡང་རྗེས་སུ་འགྲོ་བ་སེམས་ཅན་གྱི་དོན་དུ་བྱོན་པའི་སྨོན་ལམ་འདེབས་ དྭ་ཕྲུག་ཚོ་ཁོང་འདྲའི་གསོ་སྐྱོང་བྱེད་མཁན་ཡོང་བའི་སྨོན་ལན་བཅས་[
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/5/21 14:23:21 | By: སྐུ་མགྲོན་sWNa61(སྐུ་མགྲོན) ]
 
སྐུ་མགྲོན་sWNa61(སྐུ་མགྲོན)ཁྱོས་གཡུང་དྲུང་སེམས་དཔའ་ཞེས་པ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད། གོང་གི་དགེ་རྒན་དེ་གཡུང་དྲུང་སེམས་དཔའ་ཡིན་མིན་ཅི་ཞིག་གིས་ཤེས་སོང་། ཤེས་སོང་ཚད་གཡུང་དྲུང་སེམས་པ་ཡིན་པར་ཁས་བླང་ན་ནོར་བ་རེད། ཡིད་ཟབ་བྱོས།
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/12 23:31:26 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)བྱམས་སེམས་ཅན་གྱི་དགེ་རྒན་ཁོང་སྐུ་གཤེགས་པར་མྱ་ངན་ཞུ། ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་། །འགྲོ་བ་འདྲེན་པའི་སྟོན་པར་སྐྱེ་བར་ཤོག ། བོན་སྨྱུག་ནས།
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/12 18:30:43 | By: སྐུ་མགྲོན་uYPc62(སྐུ་མགྲོན) ]
 
སྐུ་མགྲོན་uYPc62(སྐུ་མགྲོན)སྙིང་ནས་མྱ་ངན་ཞུ་འོ་་་་་ང་ཚོའི་སྡུག་བསྔལ་དུས་རྒྱུན་མྱོང་བ་དེ་ཚོ་ཆུང་ཆུང་རེད་དྭ་ཕྲུག་དེ་ཚོ་བརྩེ་བའི་ཕ་མ་ཆུང་་དུས་ནས་ཁ་བྲལ་ཞིང་ཡང་དག་པའི་མགོན་སྐྱབས་མེད་པའི་གནས་ནས་བརྩེ་ཆེན་གྱི་གཟིགས་མཁན་ཁོང་ལྟ་བུ་ལ་ལོས་བསྔོ་སྨོན་འམ་མྱ་ངན་ཞུ་་་་་་་སོར་ནས་་
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/10 18:47:12 | By: danzengyixi ]
 
danzengyixi

དོན་དམ་དགེ་རྒན་ཁོང་ལ་སེམས་ཁོངས་རུས་པའི་གཏིང་ནས་མྱ་ངན་ཞུ་ཞུ། །
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/10 12:21:38 | By: སྐུ་མགྲོན་LPGs37(སྐུ་མགྲོན) ]
 
སྐུ་མགྲོན་LPGs37(སྐུ་མགྲོན)མི་ནི་མི་ཡིན་པའི་རྒྱུ་མཚན་གཙོ་བོ་བསམ་གཞིགས་བྱེད་ཐུབ་པས་ཡིན་ལ།མི་དང་སྲོག་ཆགས་གཞན་བར་གྱི་ཁྱད་པར་ཀྱང་བསམ་གཞིགས་བྱེད་ཐུབ་མིན་གྱི་སྟེང་ནས་ཕྱེ་བ་ནང་བཞིན་རྒན་བསྟན་འཛིན་ལགས་ཀྱིས་ལོ་མང་པོར་འདི་འདྲའི་བྱ་བ་རླབས་ཆེན་གཅེས་སུ་བཟུང་ནས་ཕ་ཡུལ་གྱི་གཞོན་ནུ་མང་པོར་སྙིང་སྟོབས་ཤིག་གི་སྔོན་འགྲོའི་ཆ་རྐྱེན་བསྩལ་གནང་ཡོད་པར་བལྟས་ན་རྒན་བསྟན་འཛིན་ལགས་ནི་བསམ་གཞིགས་ཀྱི་ཆེད་དུ་སྐྱེས་པའི་མི་བུ་ཞིག་ཡིན་པ་དང་ཁོང་གི་ཟིལ་ཤུགས་དང་རིན་ཐང་ཡོད་ཚད་བསམ་གཞིགས་ཀྱི་སྟེང་ནས་མངོན་པར་རྟོགས་ཐུབ་པ་ལ་རྗེས་སུ་དྲན་པར་ལགས་སོ། གཟེར་མིག་གིས།
 
 
Re:གཡུང་དྲུང་སེམས་དཔའ་ཞིག་ཚེ་ལས་འདས་འདུག
[ 2012/4/10 0:25:58 | By: སྐུ་མགྲོན་qvl8PC(སྐུ་མགྲོན) ]
 
སྐུ་མགྲོན་qvl8PC(སྐུ་མགྲོན)བྱམས་སེམས་ཅན་གྱི་དགེ་རྒན་ཞིག་ཉུང་དུ་ཕྱིར་པར་ཕངས་སེམས་རེད། ཨ་ཨཱོཾ་ཧཱུཾ་ཨ་ཨཱ་དཀར་སལེ་འོད་ཨ་ཡཾ་ཨཱོཾ་འདུ། ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཧཱ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.