ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཐོན་ལ་ཉེ་བའི་སློབ་གྲྭ་ཆེན་མོ་བ་དྲུག་ཅུའི་རྩོམ་དེབ་ཅིག
[ 2012/3/24 23:55:00 | By: ཁྱུང་པོ་དཔལ་རྒྱལ། ]
 

༄༅།།  འཚོ་བྱེད་དྲུག་ཅུར་བགྱིད་པའི་ལག་གཡོབ།

       ཉེ་ཆར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་ཐིག་དགུ་ལོའི་མཐོ་རིམ་ཆེད་ཚན་འཛིན་གྲྭའི་

སློབ་མ་རིག་རྒོད་ཁ་ཤས་ཀྱིས་བདག་ལ་"སློབ་གྲྭ་ཐོན་ལ་ཉེ་བའི་སློབ་མ་དྲུག་ཅུ་ཡིས་རང་རང་གི་

ཚབ་མཚོན་རྩོམ་ཡིག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེབ་གཅིག་དཔར་རྩིས་ཡོད་པས།  རྩོམ་གྱི་མ་ཕྱི་

དེ་དག་ལ་བལྟ་ཞིབ་དང་སྦྲག་སྔོན་འགྲོའི་གཏམ་ཞིག་འབྲི་རོགས་""ཞེས་སྐུལ་མ་བྱས་བྱུང་བར་

ཕྲན་ནས་ཀྱང་ཐད་ཀར་ཁས་བླངས་པ་ཡིན།དེ་རྗེས་བསམ་བློ་ཞིབ་པར་བཏང་བ་ན་སློབ་ཆུང་ཡང་

ཆ་ཚང་བ་ཞིག་འགྲིམ་མ་མྱོང་བའི་ཐོས་ཆུང་བདག་ལྟ་བུ་ཞིག་གིས་སློབ་ཆེན་སློབ་མའི་རྩོམ་ལ་བལྟ་

ཞིབ་དང་སྔོན་འགྲོའི་གཏམ་འབྲི་བ་ནི་གད་མོ་སློང་བའི་རྒྱུ་རུ་འགྲོ་མོད།    སྤྱིར་དེང་སང་སློབ་ཆེན་

སློབ་མ་རུ་ཁས་འཆེ་བ་མང་པོས་ཕ་སྐད་མ་ཡིག་གི་ཐོག་ནས་རིག་རྩལ་རྩོམ་ཡིག་ལྟ་ཅི།ཐ་ན་གཡར་

བྱུང་གི་འཛིན་ཡིག་ཚད་ལྡན་ཞིག་ཀྱང་འབྲི་མི་ཤེས་པ་ནི་རང་ཅག་ཀུན་གྱི་མཐོང་ལམ་དུ་མངོན་པ་

སོགས་ཀྱིས་རྐྱེན་བྱས་ངས་ཁ་སང་སྣང་ཆུང་ལྟ་བུས་ཁོང་ཚོར་ཁས་ལེན་དེ་ཐལ་སོང་ནའང་།  བསམ་

ཡུལ་ལས་འདས་པ་ཞིག་ལ་ད་ལྟ་ཁོང་ཚོའི་རྩོམ་ལ་ཞིབ་ཏུ་བལྟ་དུས་སྐབས་དེར་ངས་རྩིས་ལོག་ཐེབས་

པ་གཞི་ནས་རྟོགས་བྱུང་ན་ཡང་། མ་ཧ་ཙི་ནའི་གཏམ་དཔེར། ཕོ་ཡི་གཏམ་ཤོར། རྟ་བཞིས་མི་ཟིན།

ཟེར་བ་ལྟར་ལགས་ཤིང་། ཡང་སྒོས་སུ། རྩོམ་དེ་དག་གིས་བདག་ལ་སྟེར་བའི་ཚོར་བ་ནི། ཕ་སྐད་

ཀྱི་སྐེ་རྩ་ད་དུང་འཕར་བཞིན་ཡོད་པ་དང་། མ་ཡིག་གི་དྲོད་ཁོལ་ད་དུང་ཉམས་མེད་པར་རེ་བ་དང་

ཡིད་ཆེས་ཀྱིས་ཕྱུག་པའི་ཚོར་འདུ་ཟབ་མོ་ཞིག་ཁྲག་དྲོན་དང་བསྡོངས་ནས་རྩ་ལམ་བརྒྱུད་ལུས་ཀྱི་སྟོད་

སྨད་ཡོངས་ལ་ཁྱབ་པས་སྨྱུ་གུ་ཡང་མ་བཟུང་བར་ཐད་ཀར་སྔོན་འགྲོའི་གཏམ་འདི་གློག་ཀླད་ནང་དུ་

གཏགས་པ་ཡིན།  རྩོམ་དེ་དག་ཚང་མར་གལ་སྲིད་ཕྲན་དཔྱད་རེ་བྲིས་ན་དེབ་གཅིག་གི་ནང་དུ་ཡང་

ཤོང་དཀའ་བའི་ཚོད་དུ་སྣང་མོད།  དུས་ཚོད་ལ་སོགས་པའི་དབང་དུ་བཏང་སྟེ་འདིར་ཕྱོགས་བསྡུས་

རང་བཞིན་གྱི་ཚིག་རེ་ཟུང་གིས་འཐུས་པར་བྱ་བ་སྟེ།      འདི་དག་གི་ནང་དུ་བརྡ་རྙིང་སོགས་གོ་དཀའ་

བས་བསླད་མེད་ཅིང་ཚིག་སྦྱོར་བཟང་བས། ཀློག་ན་ཁ་ལྕེར་བདེ་བ་དང་། ཉན་ན་རྣ་བར་སྙན་པ། བསམ་

ན་བག་ཆགས་ཆེ་བ། དཔྱད་ན་སློབ་གསོའི་རང་བཞིན་ཆེ་བ་སོགས་མདོར་ན་ཕ་མ་དང་དགེ་བའི་བཤེས་

ཀྱི་དྲིན་ལན་ལ་བསམ་ཤེས་ཐུབ་པའི་ཡ་རབས་བུ་ཕྲུག་གི་སྤྱོད་བཟང་དང་།  བཅུ་ཕྲག་རིག་གནས་ལ་

བརྩོན་སེམས་ཀྱི་སྙིང་སྟོབས།  ཕ་སྐད་མ་ཡིག་ལ་གཅེས་འཛིན་གྱི་སྨྲེང་གཏམ། རྩོམ་རིག་གི་ལམ་ཆེན་

ཐོག་ཏུ་བསྐྱོད་པའི་རྡོག་སྒྲ་སོགས་ཀྱང་ཐོས་རྒྱུ་འདུག མདོར་ན། རྩོམ་འདི་དག་གིས་ཁོང་ཚོ་ནི་མ་འོངས་

པར་ཐུན་མིན་བོད་ཀྱི་ཤེས་རིག་གི་འཛིན་སྐྱོང་ངམ་བདག་ཏུ་འཛིན་ཐུབ་པའི་རེ་བ་ཆེ་ཙམ་ལྡན་པའི་ངེས་

དོན་གྱི་སློབ་གཉེར་བའི་གྲས་ཤིག་ཡིན་པའི་ངེས་ཤེས་ཀྱང་སྐྱེ་རུ་བཅུག་བྱུང་། གཞན་ཡང་། ཁོང་ཚོ་ལྟ་བུའི་

གཞོན་སྐྱེས་ཚོའི་རྩོམ་ཡིག་ངོས་ནས་བཤད་ན།   ཤོར་ཡང་སྲིད་ལ་ཡོད་ཀྱང་ཆོག་པའི་ཚིག་དོན་གྱི་སྐྱོན་ཆ་

ཅུང་ཟད་རེ་འདུག་མོད།ཁོང་ཚོའི་རྩོམ་རིག་གི་སྙིང་སྟོབས་མི་ཉམས་པའི་སླད་དུ་ད་ཐེངས་གཏམ་དེ་མངོན་

པར་མ་གླེང་ན་བཟང་བར་སྙམ་ལ།  དེ་ལས་མ་འོངས་པར་མུ་མཐུད་རྩོམ་རིག་གི་ནམ་འཕང་གཅོད་པར་

འབོད་སྐུལ་གྱི་ཚབ་ཏུ་ཁོང་ཚོའི་རྩོམ་གྱི་ཡོངས་ཁྱབ་དགེ་མཚན་ཆེ་ཁག་གསུམ་ཟུར་དུ་བཏོན་ཏེ་གླེང་བས་ན།

  རང་གཞན་གྱི་ལོ་རྒྱུས་དང་ཤེས་རིག་ལ་སྔོན་གོམས་ཀྱི་བློ་ཟིན་བག་གྲོ་བ་ཞིག་བཞག་མ་ཐུབ་པ་སོགས་

རྒྱུ་རྐྱེན་ཅི་ཞིག་ཡིན་མིན་ཆ་མི་འཚལ་མོད།    དེང་གི་བློ་ཁ་ཡང་བའི་གསར་སྐྱེས་མང་པོས་སྲོལ་རྒྱུན་གྱི་ཆོས་

རིག་ནི་ཅོལ་ཆུང་གི་བསམ་སྦྱོར་དུ་བསྙད་ནས་དགག་གཞག་ཚིག་གི་འཁོར་ལོ་གང་བྱུང་དུ་བསྐོར་ཞིང་།

ཕྱོགས་རིས་རྩོམ་གྱི་རླུང་ཡན་གང་སར་ལྡང་བཞིན་འདུག་ན་ཡང་། སློབ་མ་འདི་ཚོའི་སྤགས་རིལ་འདྲ་བའི་

རྩོམ་གྱི་མགོ་འཇུག་བར་གསུམ་ནས་མར་དཀར་ལྟ་བུའི་སྲོལ་རྒྱུན་ཆོས་རིག་གི་སྣུམ་འོད་ཀྱང་ཆེ་ཙམ་འཚེར་

བཞིན་འདུག་པར་བལྟས་ན་དགའ་བ་འཕེལ་བའི་དགེ་མཚན་ཞིག་ཅི་ལ་མིན། 

ཚིག་བཅད་ལྷུག་སྤེལ་གསུམ་ལས་གྲུབ་པའི་རྩོམ་གང་ཞིག་ཡིན་རུང་། དོན་དང་བྱ་བ། གནས་ལུགས་དང་

ལྟ་གྲུབ་ཅི་ཞིག་བརྗོད་བྱར་བྱས་ཀྱང་ཆོག་ན་ཡང་།   གནད་ཀྱི་རྡོག་པོ་ནི་བདེན་པའི་དུངས་སེམས་དྲང་པོའི་

ལམ་ནས་མཚོན་པར་འབད་རྒྱུ་ནི་ཆེས་རྩ་བའི་འགན་འཁྲི་ཞིག་ཡིན་པ་དེ་ཁོང་ཅག་ཕལ་མོ་ཆེས་ཤེས་ཀྱི་ཡོད་

པའང་རྩོམ་ཟུར་ནས་ཚོར་ཡོང་བ་དེ་ཡང་མངོན་ཆ་དོད་པའི་དགེ་མཚན་ཞིག་ཏུ་བརྩི་ཆོག

རྩོམ་པ་པོ་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་རང་རང་ལ་རྒྱུས་མངའ་དམར་རྗེན་དུ་མཆིས་པའི་སྤྱི་ཚོགས་

ཁོར་ཡུག་གི་གྲུ་ཟུར་ལ་སྨྱུག་ཁ་གཏད་ན། ད་གཟོད་ཀློག་པ་པོར་མགོ་བསྐོར་བའི་ཉེས་པ་ཆུང་སར་ཕྱོགས་ཐུབ་

ལ། རང་ཉིད་ལ་རྩོམ་གྱི་རྒྱུ་ཆའི་ཐོན་ཁུངས་ཆེ་སར་བཅར་ཐུབ་པ་ནི་གནས་ལུགས་ཀྱི་གཤིས་སུ་སྣང་ལ། འདིར་

ཡང་སྤྱིའི་ཆ་ནས་རྩོམ་མཁན་ཚོའི་ལས་ཐོབ་གསལ་བཤད་མ་བྱས་ཀྱང་། རང་ཤུགས་ཀྱིས་རྟོགས་ཐུབ་པ་འདུག

གང་ལགས་ཤེ་ན། དེབ་འདིའི་ནང་གི་རྩོམ་འདི་དག་ལས་བདུད་རྩི་སྨན་གྱི་དྲི་བསུང་འཐུལ་བཞིན་འདུག་པ་སྟེ།

ཚེ་རིག་འཛིན་པ་ཚོའི་ཕྲག་ཏུ་བབས་པའི་གསོ་རིག་དང་འབྲེལ་བའི་ཨར་བར་སྐྱུར་གསུམ་གྱི་རྗེས་ཤུལ་ལྡན་པའི་

རྩོམ་མང་དག་ཅིག་མཆིས་པས་སོ།། དེ་བཞིན་གྱི་དགེ་མཚན་ནམ་ལེགས་ཆ་མང་པོ་འདུག་པ་དེ་དག་ཕྲན་ནས་

རེ་རེ་བཞིན་མི་བགྲང་བར་རྒྱ་ཆེའི་ཀློག་པ་པོ་ཚོར་ཐད་ཀར་རོལ་མྱོང་བྱ་རྒྱུར་འབུལ་བ་ལགས་ཤིང་།     དེ་དང་

ཆབས་ཅིག་ཁོང་ཚོ་ལྟ་བུའི་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དུངས་བ་ཆེ་ཞིང་མིང་དོན་མཚུངས་པའི་སློབ་

ཆེན་སློབ་མ་ཇི་སྙེད་ཅིག་ཁྱུ་ནས་ཁྱུ་རུ་ཐོན་རྒྱུའི་རེ་སྨོན་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བའོ།།

ལང་ཚོའི་ཟེར་ཐིག་འགྱེད་པའི་ཉི་གཞོན་ཏེ།།

གངས་རིའི་ལྗོངས་ཀྱི་ན་ཆུང་ཁྱེད་ཅག་གིས།།

ཡིད་ལ་ཝ་ལེར་བཀྲ་བའི་ཕུགས་རེའི་ཆེད།།

ཤེས་བྱའི་ཨ་མ་ཡི་གེར་ཧུར་བརྩོན་མཛོད།།

        ཅེས་པའི་དབྱངས་གསལ་ཀུན་ཚང་གི་ཤོ་ལོ་ཀ་འདི་རྫོགས་ཚིག་གི་ཚབ་ཏུ་བཀོད་པའི་སྔོན་གླེང་འདི་ཡང་

ཁྱུང་པོ་དཔལ་རྒྱལ་ཞེས་འབོད་པ་དེས་ལྕགས་རི་འགྲོ་ཕན་གླིང་གི་ཤུལ་འདབས་ནས་སྦྱར་བ་དགེའོ།།

 

 
 
Re:ཐོན་ལ་ཉེ་བའི་སློབ་གྲྭ་ཆེན་མོ་བ་དྲུག་ཅུའི་རྩོམ་དེབ་ཅིག
[ 2012/4/22 15:49:58 | By: སྐུ་མགྲོན་NRIu4Y(སྐུ་མགྲོན) ]
 
སྐུ་མགྲོན་NRIu4Y(སྐུ་མགྲོན)རྩོམ་དེ་འགྲིམ་སྤེལ་ཐུབ་རྗེས་ཁྱེད་ནས་སྟེང་ཆེན་གྱི་ས་ཕྱོགས་སུ་སྤེལ་འོང་བའི་རེ་བ་ཆེ།
 
 
Re:ཐོན་ལ་ཉེ་བའི་སློབ་གྲྭ་ཆེན་མོ་བ་དྲུག་ཅུའི་རྩོམ་དེབ་ཅིག
[ 2012/4/5 13:24:50 | By: སྐུ་མགྲོན་138Kc5(སྐུ་མགྲོན) ]
 
སྐུ་མགྲོན་138Kc5(སྐུ་མགྲོན)གསར་བུ་དཔལ་རྒྱལ་སྙིང་སྟོབས་ཆེ།།
ཁྱོད་ཀྱི་གྲགས་པ་སྔར་ནས་ཐོས། །
ད་ཐེངས་འདི་ཡང་རབ་ལེགས་པས ། །
མུ་ནས་མུ་རུ་འབད་པ་བྱོས ། །
འཕན་བུས
 
 
Re:ཐོན་ལ་ཉེ་བའི་སློབ་གྲྭ་ཆེན་མོ་བ་དྲུག་ཅུའི་རྩོམ་དེབ་ཅིག
[ 2012/4/1 15:55:56 | By: སྐུ་མགྲོན་H40Nfr(སྐུ་མགྲོན) ]
 
སྐུ་མགྲོན་H40Nfr(སྐུ་མགྲོན)ཨ་མའི་བུ་རྒོད་དཔལ་རྒྱལ་ལགས་ངོ་སོ་ཡར་ལ་བསྟོད་ད་དུང་་་་མུ་མ
སོར་བསྟན་གྱིས་་་་།
 
 
Re:ཐོན་ལ་ཉེ་བའི་སློབ་གྲྭ་ཆེན་མོ་བ་དྲུག་ཅུའི་རྩོམ་དེབ་ཅིག
[ 2012/3/30 20:01:21 | By: སྐུ་མགྲོན་8Dt2WK(སྐུ་མགྲོན) ]
 
སྐུ་མགྲོན་8Dt2WK(སྐུ་མགྲོན)ཁྱུང་པོ་དཔལ་རྒྱལ་དང་བོད་ལྗོངས་མཐོ་རིམ་གསོ་རིག་སློབ་གྲྭ་ཆེན་མོ་ཁྱེད་རྣམས་པ་མ་འོང་པའི་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཁ་གཡང་འབོད། ཁྱུང་པོའི་སྤྲང་ཕྲུག་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.