སྲིད་ནས་དོག་ལ་འཁྱིལ་བའི་གཤེན་གྱི་མཚོ་མོའི་ནང་དུ་འཁྱུག་འགྲོས་ལ་རྩེན་པའི་
གསེར་ཉ་དྲུང་མུའི་རིས་ཅན་དང་། མཚོ་མོ་དེ་ལས་འཁྲུངས་ལ་བྱང་ཕེབས་ལྷོ་ལོག་པད་མའི་
རིས་ཅན། པད་མ་དེ་ལ་འཁོར་བའི་འཁོན་གྱི་སྦྲང་མ་དུང་གྱི་མདོག་ལྡན། པད་མ་བཤམས་
སའི་བུམ་པ་བརྒྱུད་ལུང་བརྒྱད་ལྡན། བུམ་པ་སྦས་ཡུལ་རི་བོ་གདུགས་ཀྱི་དབྱིབས་ཅན་སོགས་
གངས་རིའི་ལྗོངས་འདིའི་དད་དང་མོས་པའི་ལུགས་ཀྱི་བསྟན་པའི་རྒྱལ་མཚན་བསྣམས་པའི་
སྐྱེས་ཆེན་དག་དང་རྗེས་འབྲང་པ་གང་ན་སུ་བཞུགས་པ། ཡང་སྒོས་སུ་ནམ་ཞག་རྒྱུན་དུ་རྩིས་
འཕྲུལ་འཁོར་ལོའི་ནང་གི་གློག་དྲའི་པ་ཏྲར། མགོ་བོ་གདུགས་ལྟར་འཁོར་བའི་དྲ་གྲོགས་
ཡོངས་ལ་གནམ་ལོ་གསར་པ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། འོན་ཀྱང་ཕྲན་ནས་ཁྱེད་ཅག་
རང་རང་གི་མོས་སྣང་ལ་བརྩི་འཇོག་ཞུ་རྒྱུ་མ་གཏོགས་མཐའ་གཅིག་ཏུ་སུ་ལ་ཡང་དགའ་ཁ་
རྣ་བར་གཏུག་རྒྱུ་དང་། ཡང་ན་སྐྱོ་མིག་སྣ་ལ་གཏུག་པར་སྐུལ་སློང་ཞུ་ཆེད་མིན་པར། གསར་
དུ་བཞད་པའི་བོད་ཆུ་འབྲུག་ལོའི་གནམ་ལོ་གསར་པ་དེའི་ནང་དུ་ཅི་བསམ་བསམ་དོན་འགྲུབ་
ཅིང་ཅི་བྱས་ལམ་དུ་འགྲོ་བའི་སྨོན་འདུན་ཞུ་བྱེད་དུ་གོང་གི་སྨོན་ཚིག་སྦྲགས་མའི་འབྲུག་རིས་
དེ་ཐོལ་བྱུང་དུ་བྲིས་ཏེ་དྲ་གྲོགས་ཡོངས་ལ་ལོ་གསར་པར་ལག་རྟགས་ཀྱི་ཚུལ་དུ་ཕུལ་བ་ཡིན་ནོ།།