ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
ཉི་ཟླ་སྐར་གསུམ་རེ་སྒུག
སྒང་པ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་།།
རྒྱང་རིང་ལྷོ་མཐར་གཤེགས་ནས་ཡུན་རིང་ཕྱིན་སོང་།།
ཞི་བདེའི་འོད་སྣང་རེ་བའི་དད་འབངས་ངེད་ཅག །
སྐུ་མཆོག་ཉི་མ་འཆར་ལ་རེ་སྒུག་བྱས་ཡོད།།
ལྔ་རིག་ཤེས་བྱ་ཀུན་གཟིགས་སྣང་བ་མཐའ་ཡས།།
ཤར་གྱི་སྤྲིན་ནག་ཀློང་དུ་ལོ་མང་བཞུགས་སོང་།།
སྨག་རུམ་སྟུག་པོའི་ཁྲོད་ཀྱི་ཀུན་དྷའི་ཁྱུ་ཚོགས།།
གསུང་སྙན་ཟླ་བ་བཞད་ལ་རེ་སྒུག་བྱས་ཡོད།།
སྐྱེ་ཕྲེང་ཚར་དུ་དངར་བའི་རིག་པའི་དབང་ཕྱུག །
བྱང་གི་གངས་ལ་བརྒལ་ནས་སྔ་མོར་ཕེབས་སོང་།།
ཁ་ཆར་བུ་ཡུག་ཀློང་གི་གངས་ཕྲུག་ངེད་ཅག །
ཐུགས་རྗེའི་སྐར་ཚོགས་བཀྲ་ལ་རེ་སྒུག་བྱས་ཡོད།།
གངས་རིའི་ལྗོངས་ཀྱི་གྲོགས་པོ་ཞིག་གིས་རེ་སྐུལ་བཞིན་བྲིས།
- ཟིན་ཐོ་གོང་མ།འོད་སྡེར་ཞིག་གི་གླེང་བརྗོད།
- ཟིན་ཐོ་འོག་མ།ཁེར་རྐྱང་གི་སྐྱོ་གཏམ།།
