ཁེར་རྐྱང་གི་སྐྱོ་གཏམ།།
མཐོ་སྒང་བོད་ཀྱི་གཏེར་རྫས་གྲགས་ཅན་དབྱར་རྩྭ་དགུན་འབུ།།
མེས་པོའི་དགེ་བའི་སྟོབས་ལས་ཐུན་མོང་བསོད་སྐལ་སྨིན་ཡང་།།
དཔུང་པ་སྦོམ་མདོག་ཁ་པོས་སྒེར་གྱི་བདག་ཟུང་བྱེད་པ།།
མི་རིགས་ནང་ཁུལ་དཀྲུག་པའི་ཕུང་འདྲེ་ཁྱེད་རང་ལོས་ཡིན།།
རྒྱལ་ཁབ་མི་རིགས་གླེང་དུས་ཝ་མོ་ལས་ཀྱང་སྡར་བ།།
ནང་ཁུལ་རྩྭ་ས་རྩོད་དུས་གྲི་མཚོན་ཕྱར་ནས་ཆོག་ཆོག །
ད་དུང་འཇོན་མདོག་ཁ་པོས་མགོ་བོ་ནམ་འཕང་འཇོག་པའི།།
ནང་རུལ་འདི་ཚོ་མཐོང་དུས་སྙིང་རླུང་སྟོད་ལ་འཚང་སོང་།།
ར་བ་གཅིག་གི་བཙོན་པའི་སྐྱིད་སྡུག་མཉམ་ཁུར་མ་ཤེས།།
ང་ངར་ཁོ་རྫིག་ཟེར་ནས་ཕུ་ནུ་ཤི་རྨས་བཟོས་ཤིང་།།
སྒོར་མོ་ས་ནས་སྒྲུག་པའི་དུས་ཚོད་གསེར་དང་འདྲ་བ།།
བཙོན་ཁང་ནང་དུ་བསྐྱལ་སོང་ཀྱེ་མ་ཅི་འདྲའི་སྐྱོ་བ།།
རྒྱུན་དུ་ལྷ་དང་བླ་མ་ནེ་ཙོས་མ་ཏྲི་བགྲང་བགྲང་།།
དགོས་པའི་གནད་ལ་ཐུག་དུས་དབང་ལུང་སྔོན་འགྲོའི་ཁྲིད་སོགས།།
མཉམ་དུ་ཞུས་པའི་དམ་ཚིག་རྡོག་པའི་ཞབས་ལ་མནན་ནས།།
ཕ་དང་མེས་པོའི་སྲོལ་བཟང་ཁྱེད་ཚོས་ཁྲམ་ཁ་བཏབ་སོང་།།
- ཟིན་ཐོ་གོང་མ།ཉི་ཟླ་སྐར་གསུམ་རེ་སྒུག
- ཟིན་ཐོ་འོག་མ།ཐབས་དམ་པ།
སྐུ་རྩེད་ཡིན། མདའ་འབེན་ལ་ཕོག་ན། འཕེན་མཁན་གྱི་བསམ་དོན་གྲུབ་པ་མ་ཡིན་ནམ། གྲོགས་པོ་ཚོ།