འོད་སྡེར་ཞིག་གི་གླེང་བརྗོད།
༄༅།ཨཱོཾཾ་བདེ་ལེགས་སུ་གྱུར་ཅིག དེ་ཡང་འཛམ་གླིང་ས་འཛིན་ཧྲིལ་པོའི་ཡང་རྩེ་ཁ་བ་གངས་རིའི་ལྗོངས་ཞེས་གནའ་དེང་ཀུན་ཏུ་ཤར་ནུབ་མི་རིགས་གཞན་གྱིས་ཡིད་སྨོན་ཤོར་ཞིང་། འགྲམ་ཆུ་ལྡང་བའི་གནས་སུ་གྱུར་པའི་མཚོ་བོད་མཐོ་སྒང་འདིར་མི་ལོ་སྟོང་ཕྲག་མང་པོའི་གོང་ནས་བླ་རི་གངས་དཀར་ཏི་སེ་ལས་དཔང་མཐོ་ཞིང་། བླ་མཚོ་མ་ཕམ་གཡུ་མཚོ་ལས་གཏིང་ཟབ་པའི་ཞང་བོད་ཤེས་རིག་སྤྱི་ཡི་ལང་ཚོ་ཆེས་ཆེར་དར་མྱོང་བ་མ་ཟད། ལྷག་པར་དུ་ཕྱི་སྤོང་ལམ་མདོ་ཡི་སྡེ་དང་། ནང་བསྒྱུར་ལམ་སྔགས་ཀྱི་སྡེ། གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་སྡེ་ལ་སོགས་ལ་འཆད་ཉན་དང་། སྒོམ་བསྒྲུབ་ཉམས་བཞེས་མཛད་དེ་དག་ཞིང་དུ་གཤེགས་པའི་འཇའ་ལུས་འཕོ་ཆེན་ཉེར་བཞི་དང་། གྲུབ་ཆེན་རིག་འཛིན་བརྒྱད་ཅུ་སོགས་མཁས་གྲུབ་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་ཡོད།
འོན་ཀྱང་བར་སྐབས་སུ་ལས་དུས་ཀྱི་རྐྱེན་དབང་སྣ་ཚོགས་ལ་བརྟེན་ནས་ཞང་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་དོན་དུ་གཏིང་ཟབ་པའི་མདོ་སྔགས་གཞུང་ལུགས་ཁག་གིས་མཚོན་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད། ཆེས་ཡིད་སྐྱོ་བའི་གཉན་འཕྲང་དུ་མར་བརྒྱུད་དགོས་བྱུང་བ་ནི་ང་ཚོས་བློ་ཕམ་པའི་གནས་སུ་བརྩི་འོས་པར་སྨོས་མ་དགོས་ལ། ད་དུང་དེ་ལས་ཡིད་ཕང་བ་ཞིག་ལ་མཚམས་རེར་བོད་མི་རང་གིས་ནང་འཁྲུག་གི་སྐྱོ་གར་འཁྲབ་པའི་ལག་ཆར་བེད་སྤྱད་དེ་ཉམ་ཉེས་སུ་བཏང་མྱོང་བའི་ལོ་རྒྱུས་ཀྱང་ཉུང་ཉུང་མིན།།
ཡིན་ན་ཡང་ད་ལྟ་དུས་རབས་ཉེར་གཅིག་པའི་འཛམ་གླིང་ཤེས་རིག་གི་བང་མཛོད་ཆེན་པོའི་ནང་། བོད་མི་རིགས་ཀྱི་ཐུན་མིན་ཆོས་དང་རིག་གཞུང་ཞེས་དཔྱོད་ལྡན་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་གནས་སུ་གྱུར་པའི་ཕུན་སུམ་ཚོགས་པའི་ཆོས་རིག་འདི་བཞིན་དེང་ང་ཚོས་ལོངས་སྤྱོད་ཀྱི་བགོ་སྐལ་དུ་ཐོབ་པ་ནི། ངེད་ཅག་གི་མེས་པོ་དམ་པ་རྣམས་ཀྱིས་འདི་ཉིད་ཀྱི་ཆེད་དཀའ་ཚེག་བརྒྱ་ཕྲག་དུ་མ་གདོང་ལེན་བྱས་པ་ཙམ་དུ་མ་ཟད། ཐ་ན་གཅེས་པའི་ཚེ་སྲོག་ཡན་འགྲོ་གྲོན་བཏང་སྟེ་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་ལྟར་རྒྱུད་འཛིན་དང་། དར་སྤེལ་བའི་གནང་བའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད།།
དེས་ན་ང་ཚོས་ཀྱང་དེ་བཞིན་ཆོས་རིག་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམ་པ་སླར་གསོའི་ཆེད་སོ་སོའི་ནུས་སྟོབས་ལ་དཔག་པའི་ཞབས་འདེབས་རེ་ཞུ་དགོས་པ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལྗིད་ཏིག་ཏིག་གི་འོས་འགན་ཞིག་ཡིན་པ་བཞིན་དུ་། དེང་སྐབས་རྒྱལ་ཕྱི་ནང་གི་སྤུན་ཟླའི་མི་རིགས་ཚང་མས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་མི་རིགས་རང་གི་ཆོས་དང་རིག་གཞུང་མཐའ་དག་སྲུང་སྐྱོབས་དང་དར་སྤེལ་གྱི་ཆེད་དུ་ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་འབད་འབུངས་བྱས་དང་བྱེད་བཞིན་ཡོད་པ་ནི་ཆེས་དགའ་འོས་པའི་དཔལ་དུ་མཆིས།
དེ་དག་གི་ཁྲོད་ནས་དུས་རབས་ཉི་ཤུ་པའི་དུས་མཇུག་ནས་བཟུང་ན་གཞོན་གླུ་བ་ཕོ་མོ་སྐོར་ཞིག་གིས་དམ་པ་གོང་མའི་རྗེས་དྲན་དང་། བོད་གངས་རིའི་རི་ཆུ་ཀླུང་གསུམ་གྱི་ཁྱད་བོན། དེ་བཞིན་སྤྱི་ཚོགས་ལ་སྨན་པའི་བསླབ་བྱ་སོགས་མདོར་ན་བརྗོད་བྱ་གཏིང་ཟབ་ལ་ནང་དོན་གོ་བདེ་བ་མ་ཟད། ལྷག་པར་དུ་བོད་ཀྱི་ཤ་མར་རྩམ་གསུམ་གྱི་རོ་བཅུད་དང་མ་བྲལ་བའི་ཚིག་བཅད་ཀྱི་སྙན་ངག་སྣ་ཚོགས་རང་ཉིད་ཀྱི་སྙན་མོ་ངག་གི་གདངས་དབྱངས་ལས་དྲངས་ཏེ་འོད་སྡེར་གྱི་ལམ་ནས་འགྲེམས་སྤེལ་བྱེད་པའི་སྲོལ་དར་བ་ནས་བཟུང་ད་བར་འོད་སྡེར་སྣ་ཚོགས་ཆར་རྗེས་ཤ་མོང་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་དང་ཐོན་མུས་སུ་གནས་པ་ནི་དུས་རབས་དང་འཚམས་ཤིང་རིག་གཞུང་ལ་སྨན་པའི་ཐབས་ལམ་ཞིག་ཏུ་ལགས་ན་བསྔགས་འོས་ཀྱི་དཔལ་དུ་ཅིས་མི་གྱུར། དེ་དང་ཕྱོགས་མཚུངས་གསར་སྐྱེས་གླུ་བ་སྦྲ་ཆེན་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་ཀྱང་དེ་སྔོན་ལྷག་བསམ་དང་། བརྩེ་ཞེན་གྱི་དར་ཐག་གཅིག་ཏུ་སྦྲེལ་བའི་གྲོགས་པོ་ཁ་ཤས་དང་མཉམ་དུ་འོད་སྡེར་རེ་ཟུང་འགྲེམས་སྤེལ་བྱས་པ་བརྒྱུད་རྒྱ་ཆེའི་མི་དམངས་ཀྱིས་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། མི་ཉུང་བ་ཞིག་གིས་ཁོང་ལ་ད་དུང་མུ་འཐུད་འོད་སྡེར་འདོན་སྤེལ་དགོས་པའི་རེ་སྐུལ་གནང་བ་དང་གཅིག ཁོང་རང་ལ་ཡང་རང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེ་དོན་མེད་ཕྲོག་བརླག་ཏུ་མི་བཏང་བར་སྤྱི་ཚོགས་དང་རིག་གཞུང་ལ་སྨན་པའི་གླུ་གཞས་ཐར་ཐོར་རེ་རྒྱ་ཆེའི་བའི་གཟིགས་མོ་བ་ཡོངས་ཀྱི་ཐོས་འཛིན་རྣ་བའི་དགའ་སྟོན་ཏུ་འབུལ་ཐུབ་ན་སྙམ་པའི་ལྷག་བསམ་མ་བཅོས་པ་ཞིག་ཡོད་སྟབས།
ཉེ་ཆར་ཕྲན་ལ་གཞས་ཚིག་གང་མང་འབྲི་རྩོམ་དགོས་པའི་རེ་སྐུལ་ནན་མོ་བྱས་པ་བརྒྱུད། གུས་པས་ཀྱང་རང་ཉིད་ལ་དེ་ལྟ་བུའི་སྐྱེས་སྦྱོང་ཡོན་ཏན་དང་དུས་ཚོད་ཀྱིས་འདང་མིན་ལ་མ་ལྟོས་པར་ཁོང་གི་ལྷག་བསམ་བཟང་པོའི་གཞོག་འདེགས་ཤིག་གི་ཚབ་ཏུ་(བོན་སྒོ་)ལོ་དེབ་རྩོམ་སྒྲིག་གི་ལས་ཞོར་རྣམས་སུ་གཤམ་གྱི་གཞས་ཚིག་ཁག་བྲིས་ཁུལ་བྱས་པ་བཞིན། དེ་རིང་ཁོང་གིས་ཀྱང་དཀའ་ཚེག་དང་རྒྱུ་གྲོན་གང་ལ་ཡང་མ་འཛེམས་པར་རང་གི་གླུ་གཞས་ཆེད་སྒྲིག་༼བསྐལ་བཟང་ཉི་ཟླ་ཤར་བའི་སྤྲོ་གླུ་༽ཞེས་པའི་འོད་སྡེར་འདི་ཉིད་དངོས་སུ་པར་བསྐྲུན་བྱ་བར་ཕྲན་ལ་སླར་ཡང་འདི་བཞིན་གླེང་བརྗོད་འབྲི་བའི་སྐུལ་མ་གནང་བ་དང་སྟབས་བསྟུན་ཏེ་ངས་ཁོང་ལ་ལེགས་སོའི་བསྔགས་བརྗོད་དང་འབྲེལ་རྒྱ་ཆེ་བའི་གཟིགས་པ་པོ་ཡོངས་ལ་ཡང་། འོད་སྡེར་འདི་ཉིད་ཁྱེད་རྣམ་པར་བལྟས་ན་ཁྲ་ཆུང་མིག་གི་མཛེས་རྒྱན་དང་། ཉན་ན་ཐོས་འཛིན་རྣ་བའི་བུ་རམ། བསམ་ན་དྲན་སེམས་ཡིད་ཀྱི་བདུད་རྩི་རུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཞུ།།
ཉེ་སྔོན་ཁོ་བོས་འོད་སྡེར་ཞིག་གི་གླེང་བརྗོད་ཀྱི་ཚབ་ཏུ་ཕུལ།
- ཟིན་ཐོ་གོང་མ།ཁྱུང་རབས་གསེར་སྒམ་མ།
- ཟིན་ཐོ་འོག་མ།ཉི་ཟླ་སྐར་གསུམ་རེ་སྒུག