རྩོམ་གོང་མའི་འཕྲོས་འཐུད།
འདུལ་བའི་སྐོར་དྲི་བ་དྲིས་ལན་ལས་འཕྲོས་ཏེ་བརྗེད་ཐོ་ཐོར་བུ།
(རང་གཞན་གཉིས་པའི་སྨད་འདུལ་གྱི་ཕུག་བླ་ཆེན་དགོངས་པ་རབ་གསལ་ལ་ཐུགས་ཚུལ་ག་འདྲ་ཡིན་བྲིས།)
ལན། དང་པོ་ནི། བོན་རང་ལུགས་ཀྱི་སྨད་འདུལ་གྱི་ཕུག་བླ་ཆེན་དགོངས་པ་རབ་གསལ་ལ་ཇི་ལྟར་ཐུགས་ཞེ་ན། གོང་དུ་བཤད་ཟིན་པ་ལྟར་སྟོད་མངའ་རིས་ཀྱི་མཁན་བརྒྱུད་ཡ་གོང་གི་བརྒྱུད་པ་ཉེར་ལྔ་དང་། ཕམ་ཤིའི་བརྒྱུད་པ་སུམ་ཅུ་འདས་པའི་དུས་སུ་སྡེ་པ་གཉིས་ནང་འཁྲུགས་བྱུང་ནས་འདུལ་བསྟན་ཧ་ལམ་མིང་གི་ལྷག་མར་གྱུར་ཞིང་། སྐབས་ དེ་དུས་ཚེ་ལ་རང་དབང་ཐོབ་པའི་མཁན་པོ་མུ་ཟི་གསལ་བཟང་མ་འོངས་བསྟན་པའི་ས་བོན་གྱི་ཆེད་དུ་མདོ་སྨད་རྨ་རི་དིལ་གསུམ་གྱི་རི་རྩེ་བྲག་དཀར་རྩེ་འདུས་ཀྱི་ཕུག་ཏུ་མི་ལོ་ཆིག་སྟོང་བརྒྱད་བརྒྱའི་རིང་འགོག་པར་བཞུགས་མཐར། ལས་དང་སྐལ་པ་ལྡན་པའི་སྐྱེས་བུ་སོག་པོ་སྤྲེལ་ལག་ཅན་ཏེ་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་དམ་པ་འདི་ཉིད་ཞལ་མཇལ་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་རིམ་བཞིན་བླ་ཆེན་དགོངས་པ་རབ་གསལ་གྱི་བར་དུ་བརྒྱུད་ཅིང་། སྐབས་ དེར་གཙང་ཕྱོགས་ནས་གཉོས་བཙུན་རིན་རྒྱལ་བྱ་བས་མདོ་སྨད་ན་བླ་མུ་ཐུར་དགོངས་པ་ རབ་གསལ་བྱ་བའི་སྙན་པ་ཐོས་རྗེས་དཀའ་བ་དུ་མའི་འཕྲང་རིང་བརྒལ་ཞིང་བླ་ཆེན་གྱི་ མདུན་ནས་ཕྱི་སོ་ཐར་སྡོམ་པའི་ཕ་བབ་བླངས་ཏེ། སླར་ གཙང་དུ་ཕེབས་ཤིང་འདུལ་བསྟན་སྤེལ་བ་ནས་རང་རེའི་ལུགས་ཀྱི་སྨད་འདུལ་གྱི་དབུ་ ཟུགས་པར་བཤད་པས་ན་བོན་གྱི་སྨད་འདུལ་གྱི་ཕུགས་བླ་ཆེན་ལ་ཐུག་པར་གསལ་པོར་གྱུར་ སྙམ།
གཉིས་པ་ནི། ལྷ་སྲས་འུ་དུམ་བཙན་པོས་བོད་རྒྱལ་ཁབ་ཆེན་པོའི་ལས་དབང་དང་། འབངས་མི་སེར་གྱི་དཔལ་འབྱོར་གྱི་དཀའ་ཚེགས་དང་། མཐའ་ བཞིའི་དགྲ་སྒོ་བསྲུང་བའི་དམག་དོན་གྱི་སྲིད་ཇུས་སོགས་ལ་ཐུགས་བསམ་བཞེས་ཏེ་ སྲིད་ཕྱོགས་ཁྲིམས་ལུགས་གསར་པ་དུ་མ་ཞིག་གཏན་འབེབས་གནང་དགོས་བྱུང་ཡོད། འོན་ ཀྱང་དེས་ཆོས་ཕྱོགས་ནས་བཤད་ན་བོད་རྒྱུད་ཐུབ་བསྟན་པའི་འདུལ་དགོན་དང་གྲྭ་བཙུན་ ཁག་ལ་གནོད་ཤུགས་ངེས་ཅན་ཞིག་ཐེབ་ཡོད་སྲིད་དེ་གང་ལྟར་ཁོ་ཚོའི་འདུལ་བསྟན་ཡང་ ཉམ་དམས་ཀྱི་གནས་སུ་གྱར་ཡོད། ཡིན་ན་ སྐབས་དེ་དུས་བསམ་ཡས་ཀྱི་མཁན་ཐོགས་དགུ་པ་ཤཀྱཱའི་དགེ་སློང་ལྷ་ལུང་དཔལ་གྱི་ རྡོ་རྗེ་ལྷ་ས་ཡེར་པའི་བྲག་ལ་བཞུགས་ཡོད་སྟབས་ཁོང་བོད་རྒྱུད་ཐུབ་བསྟན་པའི་ འདུལ་བསྟན་གྱི་ས་བོན་འཛིན་ཕྱིར་མུ་འཐུད་དེ་བཞུགས་པར་འོས་མོད་ཀྱང་། དེ་ ལས་ལྡོག་ཏེ་བོད་རྒྱལ་ལ་ཞེ་འཁོད་མ་བཟོད་ནས་ཆོས་གོས་རྣམ་གསུམ་གྱི་ཐུ་འོག་ཏུ་ མདའ་ཚོན་སྦས་ཏེ་སྦྱོར་བ་རྩུབ་མོས་ལྷ་སྲས་འུ་དུམ་བཙན་པོ་སྐུ་བཀྲོངས་ཤིང་བོད་ བཙན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིང་མོ་མཇུག་བསྡུས་ཞོར་བོད་གངས་རིའི་ལྗོངས་ སུ་ཤཀྱཱའི་སྡོམ་རྒྱུན་དེ་ཡང་མངོན་པའི་དབྱིངས་སུ་རྒྱས་གདབ་བྱས་ཡོད། བར་སྐབས་ཤིག་ནས་ལྷ་ལུང་དཔལ་རྡོར་གྱིས་ཉོས་བཙུན་ལ་ཁྱོད་ཀྱི་མཁན་པོ་སུ་ཡིན་དང་གང་ན་བཞུགས་དྲིས་པས། ཁོང་ངའི་མཁན་པོ་བླ་མུ་ཐུར་དགོངས་པ་རབ་གསལ་ཡིན། རྨ་རི་དིལ་གསུམ་གྱི་བྲག་ལ་བཞུགས་ཡོད་གསུངས། དེ་ནས་དབུས་གཙང་གི་མི་རྣམས་གྲོས་བྱས་ཏེ་གཙང་ནས་མི་བཞི་དང་། དབུས་མི་གསུམ་སྟེ་བདུན་བླ་ཆེན་མདུན་དུ་ཕྱིན་ནས་སྡོམ་པ་བླངས། བླ་ཆེན་གྱིས་ཀྱང་ང་ཡི་འདུལ་བརྒྱུད་བོན་ཡིན་གསུངས་ནས་བོན་པོ་མི་བརྗེད་རྟགས་བཞི་གནང་། དེ་ནས་ཆོས་ཀྱི་སྨད་འདུལ་དབུ་བརྙེས་པ་དང་། དེ་ རྗེས་ཇོ་བོ་རྗེ་བོད་དུ་ཡོང་སྐབས་བོད་མི་ཆོས་བཙུན་ཨ་གསར་ཆེ་བ་འགའ་ཞིག་གིས་ སྡོམ་པ་རང་ལུགས་ལེན་དགོས་ཞེས་ཇོ་བོ་རྗེའི་མདུན་དུ་ཕྱིན་སྐབས་ཇོ་བོ་རྗེས་དེ་ སྔོན་ཁྱོད་ཚོས་ཇི་ལྟར་བླངས་གསུངས་པས། གཞན་དོན་འདུལ་ཁྲིམས་བླངས་ནས་བཅའ་གཞི་ཕོག་ཞུས་པས། དེ་ནི་བྱང་ཆུབ་སེམས་ཀྱི་སྡོམ་པར་ཡང་འདུག བདག་གི་འདི་ཐེག་དམན་ཉན་ཐོས་ཀྱི་ལུགས་ཡིན། ངས་མི་གནང་གསུངས་ནས་མ་གནང་བས། སྔར་གྱི་བླ་ཆེན་གྱི་སྡོམ་བརྒྱུད་རང་འཇགས་སུ་གནས་པས་ན་གཞན་སྡེའི་སྨད་འདུལ་གྱི་ཕུག་བླ་ཆེན་ལ་ཐུག་ཅེས་བྱའོ།
(རབ་བྱུང་གི་སྡོམ་པ་ལེན་པའི་ཚེ། ཕ་མ་དང་རྗེ་བོ། ཉེ་དྲུང་འབྲེལ་བས་གནང་བ་ཐོབ་དགོས་པའི་རྒྱུ་མཚན་དང་། མ་ཐོབ་ན་ཉེས་དམིགས། གནས་སྐབས་བར་ཆོད་ཀྱི་དབང་དུ་འགྱུར་ཚུལ་བཅས་ཁ་གསལ་བྲིས།)
ལན། ཕ་མ་ནི་རང་གི་ལུས་བསྐྱེད་པའི་དྲིན་ཆེན་ཡིན་པ་དང་། དེ་བཞིན་ཡུལ་གྱི་རྗེ་བོ་ཡང་གནས་སྐབས་རང་ཉིད་སྐྱོབས་པའི་མགོན་དང་། ཉེ་དྲུང་འབྲེལ་བ་སོགས་ནི་བྱམས་པའི་གཉེན་ཡིན་པས། དྲིན་ཅན་ལ་དྲིན་དུ་ཤེས་ནས་དེ་དག་གི་ངག་མི་བཅག་པ་དང་། སེམས་མི་བསད་བའི་ཕྱིར་གནང་བ་ཞུ་དགོས་པ་ཡིན། མ་ཞུས་པའི་ཉེས་དམིགས་ནི། དྲིན་ཅན་ཕ་མ་སོགས་ཀྱི་ངག་བཅག་པའི་ཉེས་པ་འབྱུང་བ་མ་ཟད། གལ་སྲིད་རང་ཉིད་རབ་ཏུ་བྱུང་བར་ཁོང་རྣམ་པའི་ཐུགས་ལ་འཐད་པར་མ་བྱུང་ཚེ་སེམས་བསད་པའི་ཉེས་པ་ལྕི་མོའང་འབྱུང་བར་གསུངས། གནས་སྐབས་བར་ཆོད་ཀྱི་དབང་དུ་འགྱུར་སྲིད་དེ། ཡུལ་གྱི་རྗེ་བོས་བཀས་བཅད་དེ་རང་ཉིད་རབ་ཏུ་བྱུང་མི་ཆོག་པར་གསུངས་པའམ། ཡང་ན་ཕ་མ་དང་ཉེ་དྲུང་སོགས་ཀྱིས་ཤིན་ཏུ་གདུང་བ་ཆེན་པོས་ཨུ་ཚུགས་ནན་བསྐུལ་གྱིས་ཁྱོད་ཉིད་རབ་ཏུ་བྱུང་ན་མི་འགྲིག་ཚུལ་བཤད་པ་སོགས་ལ་བརྟེན་ནས་ད་གཟོད་རང་གི་སྡོམ་པ་སླར་ཡང་འབུལ་དགོས་པ་དེ་འདྲའང་འབྱུང་སྲིད་པས་སོ།
(སྡོམ་པ་ལེན་སེམས་མ་ལོག་པ་དེ་ལ་རྣལ་མ་ལྡོག་པ་སྤོང་བ་གཉིས་བསྟན་པའི་དེ་རེ་རེ་ནས་ཞིབ་གསལ་བྲིས།)
ལན། དང་པོ་‘‘བསམ་པོ་བཟང་པོ་གསེར་དང་འདྲ་’’ཞེས་གསུངས་པས་བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་བླ་མེད་པའི་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས། དེས་ན་དེའི་དོན་དུ་བདག་ནིི་སོ་སོ་ཐར་པའི་ཚུལ་ཁྲིམས་ལ་སོགས་ཕ་རོལ་མྱང་འདས་སུ་ཕྱིན་པར་བྱེད་པའི་ཐབས་ལ་བསླབ་པར་བྱའོ་སྙམ་པའི་བསམ་པ་ཁྱད་པར་ཅན་གྱིས་ལེན་པའོ། གཉིས་པ་ནི། ཚེ་འདིའི་སྙན་བཀུར་གྲལ་ཐོབ་དང་། ཐོ་ཅོ་དང་ཚོད་ཡོད། དེ་བཞིན་དགྲ་དང་རྒྱལ་པོའི་ཆད་པ། མི་མིན་འདྲེ་གདོན་སོགས་ཀྱི་གནོད་པ། ནད་རིམ་ལ་སོགས་ཚེ་འདིའི་འགལ་རྐྱེན་ཞི་བ་ཁོ་ན་དོན་དུ་གཉེར་བ་སོགས་མདོར་ན་ངེས་འབྱུང་གི་ཚུལ་ཁྲིམས་མ་ཡིན་པའི་ཀུན་སློང་གི་རིགས་རྣམས་སྤོང་བྱའོ།
(རྟག་གཟིགས་ཀྱི་མཁན་བརྒྱུད་དང་། ཞང་ཞུང་གི་མཁན་བརྒྱུད་དང་། མངའ་རིས་ཀྱི་མཁན་བརྒྱུད་བཅས་སོ་སོ་ནས་བྲིས།)
ལན། དང་པོ་ནི། དམུ་ཙ་ཏྲ་ཧེ། ཁྲི་ལྡེ་འོད་པོ། ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང་། ཐུགས་དཀར་ཡེ་ཤེས། གུང་རུམ་ཡེ་ཤེས། འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་དང་བརྒྱད་ནི་རྟག་གཟིགས་མཁན་བརྒྱུད་དོ། གཉིས་པ་ནི། ཡེ་ཤེས་ཚུལ་ཁྲིམས། གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་ཚུལ་ཁྲིམས་དང་གསུམ་ནི་ཞང་ཞུང་གི་མཁན་བརྒྱུད། གསུམ་པ་ནི། ག་ཆུ་གཙུག་ཕུད་རྒྱལ་བ་དང་། དེའི་མཁན་བུ་ཡ་གོང་ཡེ་ཤེས་རྒྱལ་བ། དེ་ནས་ལྡེ་བཙུན་རབ་གསལ་དང་། མུ་ཟི་གསལ་བཟང་ལ་སོགས་ཡ་གོང་གི་བརྒྱུད་པ་ཉེར་ལྔ། ཕམ་ཤི་དཔལ་གྱི་དབང་ཕྱུག་དང་། ཅོ་བཙུན་ཡེ་ཤེས་ལ་སོགས་ཕམ་ཤིའི་བརྒྱུད་པ་སུམ་ཅུ་བཅས་ནི་མངའ་རིས་ཀྱི་མཁན་རྒྱུད་དོ། མུ་འགོད་བྱ་རྒྱུ་ཡིན།
- ཟིན་ཐོ་གོང་མ།འདུལ་བའི་སྐོར་སྡེ་ཚན་གཉིས་པ།
- ཟིན་ཐོ་འོག་མ།གསལ་བཤད་ཀྱི་གཏམ།