རྩོམ་གོང་མའི་འཕྲོས་འཐུད།
འདུལ་བའི་སྐོར་དྲི་བ་དྲིས་ལན་ལས་འཕྲོས་ཏེ་བརྗེད་ཐོ་ཐོར་བུ།
(འདུལ་བ་རྒྱུ་དྲུག་གི་གཞུང་འདི་ཉིད་སྟོན་པས་བཀའ་ཐོག་མཐའ་བར་གསུམ་གྱི་ནང་ནས་གང་གི་ཁོངས་སུ་གསུངས་པ་དང་། གཤེན་གྱི་དགུང་གྲངས་གང་གི་སྐབས་སུ་གསུངས་པ་དང་། སྟོད་ལུགས་ཀྱི་འདུལ་གཞུང་དང་སྨད་ལུགས་ཀྱི་འདུལ་གཞུང་གཉིས་ཀྱི་ངོས་འཛིན། སྟོད་ལུགས་དང་སྨད་ལུགས་ཞེས་དུས་ཕྱིས་ཐ་སྙད་ཀྱི་རིམ་པ་དེ་ལྟར་བྱུང་ཚུལ་ཁག་ལ་དཔྱད་ཞིབ་གནང་སྟེ་བྲིས།)
ལན། སྤྱིར་འདུལ་བ་རྒྱུད་དྲུག་ལ་གྲངས་འདྲེན་སྟངས་མི་འདྲ་བ་མ་མཐའ་ཁག་བཞི་ཙམ་ཞིག་སྣང་མོད། འོན་ཀྱང་འདིར་མཛད་མདོ་རྒྱས་པའི་དབང་དུ་བཏང་ན། བཀའ་འཁོར་ཐོག་མཐའ་བར་གསུམ་ལས་ཐ་མའི་ཁོངས་སུ་དང་། གཤེན་གྱི་དགུང་གྲངས་སོ་བདུན་ལ་གསུངས་པར་མངོན་ཏེ་། སྟོན་པ་མཆོག་གཤེན་ལོ་སོ་གཅིག་ལ་རབ་ཏུ་བྱུང་ཏེ་དད་པའི་འཁོར་ལ་ངེས་དོན་དགེ་སྤྱོད་ཀྱི་བོན་དང་། མ་དད་པའི་འཁོར་ལ་དྲང་དོན་མི་རྟག་པའི་བོན་འཁོར་ལ་སོགས་ལོ་གསུམ་བསྐོར་ཞིང་། དེ་རྗེས་ལོ་གསུམ་ལ་དཀའ་ཐུབ་རྣམ་གསུམ་མཛད་པ་མཐར་ཕྱིན་ཏེ། འདུལ་བ་རྒྱུད་དྲུག་གི་གཞུང་འདི་ཉིད་གསུངས་པར་གསལ་བས་སོ། བཀའ་རྒྱུད་དྲུག་ནི། ༡ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། ༢སྙོམས་འཇུག་འགོག་པ་ཏིང་འཛིན་སྒོམ་པའི་རྒྱུད། ༣རྣམ་དག་དྲི་མེད་བཀའ་ཐུབ་བོན་ཉིད་རྒྱུད། ༤བསླབ་པ་སུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། ༥ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུའི་རྒྱུད། ༦གཡུང་དྲུང་སྤྱོད་འཇུག་ངོ་མཚར་འཕྲིན་ལས་རྒྱུད་དང་དྲུག་གོ །
སྟོད་ལུགས་ཀྱི་འདུལ་གཞུང་ནི། བྱམས་མ་འབུམ་ལྔ་གསལ་བའི་འདུལ་བ་རྒྱུད་དྲུག་དང་། སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ལས་གསལ་བའི་འདུལ་བ་རྒྱུད་དྲུག་སོགས་འཇོག་དགོས་པར་བཤད་མཁན་སྣང་མོད་ཀྱང་། མཁས་ པ་དཔལ་ཆེན་པོས་མཛད་པའི་འདུལ་བ་སྟོད་ལུགས་ཀྱི་འགྲེལ་བ་ཉི་འོད་རྒྱན་ཞེས་པ་ ཞིག་ཡོད་པ་ཁོང་གི་མཛད་རྣམ་ནང་གསལ་བས་དེ་ཉིད་བཞག་ན་འཐད་པར་སྙམ། སྨད་ལུགས་ཀྱི་འདུལ་གཞུང་ནི། རྩ་བ་ཀུན་དབྱིངས་དག་ལས་གྱེས་པའི་འདུལ་བ་རྒྱུད་དྲུག་ནི་སྨད་ལུགས་ཀྱི་འདུལ་གཞུང་ཡིན་པར་ཀུན་མཁྱེན་གྱི་ཤེར་སྐབས་དང་པོར་གསལ། གཞན་ཡང་མེ་སྟོན་ཆེན་པོ་དང་རྒྱལ་བ་མཉམ་མེད་ཆེན་པོ་རྣམ་གཉིས་ཀྱི་འདུལ་བ་ཀུན་བཏུས་དང་མདོར་བསྡུས་ཀྱི་གཞུང་འགྲེལ་སོགས་སོ། འདུལ་བ་སྟོད་ལུགས་དང་སྨད་ལུགས་ཞེས་པའི་ཐ་སྙད་བྱུང་རིམ་ནི། འདུལ་བ་དར་སའི་གནས་སྟོད་སྨད་ཀྱི་ཁྱད་པར་ལ་བསམ་སྟེ་བཏགས་པ་ཡིན་པར་མངོན། ཇི་ལྟར་ན་སྟོད་ལུགས་ནི་སྔར་ཡར་ལུང་སོགས་དང་ཕྱིས་ལ་སྟོད་སོགས་ཀྱི་ཕྱོགས་སུ་དར་བའི་འདུལ་བའི་བོན་ལུགས་ལ་དེ་སྐད་དུ་གྲགས་པར་མངོན། དེ་ཡང་བོད་རྒྱལ་ཁྲི་ཙེ་འབུམ་གྱི་རིང་ལ་རྟག་གཟིགས་ནས་བོད་དུ་དར་ཞིང་དུས་ཕྱིས་གཉོས་ལག་དྲུག་བར་དུ་སྟོད་ལུགས་རང་གི་བརྒྱུད་པའི་རྐང་འཕྲེང་རྒྱུན་ཆགས་སུ་བཞུགས་ཡོད་པར་མངོན། དེ་ནས་སྟོད་ལུགས་དང་སྨད་ལུགས་གཉིས་ཀྱི་བརྒྱུད་རིམ་མདོ་གཅིག་ཏུ་དྲིལ་བར་གསུངས་སོ། སྨད་ལུགས་ནི་གནམ་གྱི་ཁྲི་བདུན་གྱི་མཇུག་ཙམ་ན་འདུལ་བསྟན་ཉམས་ཆགས་ཤུགས་ཆེར་བྱུང་བས་མུ་ཟི་གསལ་བཟང་འདུལ་བའི་ས་བོན་འཛིན་པར་དགོངས་ཏེ་མདོ་སྨད་རྨ་རིའི་བྲག་ཏུ་མི་ལོ་སྟོང་དང་བརྒྱད་བརྒྱར་འགོག་པ་བཞུགས་པ་ལས་ལྡངས་ཏེ་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དྲང་སྲོང་ཆིག་རྫོགས་སུ་གནང་སྟེ་མདོ་ཁམས་དང་དབུས་གཙང་དུ་བརྒྱུད་ པའི་མེ་སྟོན་མཁན་སློབ་དང་རྗེ་མཉམ་མེད་ཆེན་པོ་དག་གིས་ཐུགས་དམ་དུ་བཞེས་པའི་ འདུལ་གཞུང་ད་ལྟའི་བར་དུ་བརྒྱུད་པ་འདི་ལ་སྨད་ལུགས་ཞེས་གྲགས་པར་མངོན་ནོ།
(སྐབས་བབས་ཀྱི་གཞུང་འདིའི་མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བ། བསླབ་པ་ཡོངས་སུ་སྐུལ་བ་གསུམ་ལ་རིམ་བཞིན་གང་གིས་དང་། གང་ལ། ཚུལ་ཇི་ལྟར། དགོས་པ་བཅས་ཁ་གསལ་བྲིས།)
ལན། དང་པོ་གང་གིས་མཆོད་པར་བརྗོད་ན། གཞུང་མཛད་པ་པོ་ས་གསུམ་འགྲོ་བའི་མགོན་པོ་༸རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱིས་སོ། གང་ལ་མཆོད་པར་བརྗོད་ན། འདུལ་བའི་མངའ་དག་སྟོན་མཆོག་ཁྲི་གཙུག་རྒྱལ་བ་དང་། དེ་ནས་བརྒྱུད་པའི་རྟག་གཟིགས་ཞང་ཞུང་མངའ་རིས་མདོ་གམ་དབུས་གཙང་སོགས་ཀྱི་མཁན་སློབ་རིམ་བྱོན། རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལའོ། ཚུལ་ཇི་ལྟར་ན། གཡོ་སྒྱུ་ལ་སོགས་དྲི་མས་སླད་པ་མ་ཡིན་པར་དེ་དག་གི་ཡོན་ཏན་ཐུགས་ལ་བྱས་པའི་སྒོ་ནས། ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཐུགས་རྗེས་བཟུང་ཞིང་བསྐྱབ་ཏུ་གསོལ་བའི་བསམ་སྦྱོར་སྔོན་དུ་བཏང་བའི་ཚུལ་གྱིས་སོ། དགོས་པ་ནི། གནས་སྐབས་སུ་བསྟན་བཅོས་རྩོམ་པ་སོགས་ལ་ཕྱི་ནང་གི་བར་ཆད་ཞི་ཞིང་དགེ་ཚོགས་གོང་དུ་འཕེལ་བ་དང་། མཐར་ཐུག་བདེ་ལེགས་ཆེན་པོའི་རྒྱལ་སར་ཚེགས་མེད་དུ་འགྲུབ་པའི་ཕྱིར་དང་། བྱེ་བྲག་ཏུ་གཞུང་འདིའི་དབུར་མཆོད་པར་བརྗོད་པས་རྩོམ་པ་པོ་ཚད་ལྡན་དུ་འགྱུར་བ་དང་། གཞུང་རྒྱན་དང་ལྡན་ཞིང་སྔོན་བྱུང་གི་རྩོམ་པ་པོ་དག་གི་རྣམ་ཐར་དང་མཐུན་པའི་དགོས་པ་སོགས་ཡོད་པར་གསུངས།
གཉིས་པ་གང་གིས་བཤད་པར་དམ་བཅའ་ན། གཞུང་མཛད་པ་པོ་སྟེ་གོང་དུ་བཤད་ཟིན་པ་ལྟར་རོ། གང་དམ་བཅའ་ན། མེ་སྟོན་མཁན་སློབ་ཀྱི་ལུགས་ལྟར་བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་འདི་ཉིད་མཐར་ཕྱིན་པར་འཆད་པར་དམ་བཅའ་བའོ། ཚུལ་ཇི་ལྟར་ན། གོང་དུ་མཆོད་པར་བརྗོད་པའི་ཡུལ་ལ་སོགས་སྐྱབས་གནས་བསླུ་བ་མེད་ཚོགས་རྣམས་དཔང་དུ་བཞག་ཅིང་། མཁས་མཆོག་མེ་སྟོན་གྱིས་གསུངས་པའི་འདུལ་བའི་གཞུང་ལུགས་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུའི་ནང་ནས་ཁོ་བོས་གོ་བ་ཆུ་ཐིགས་ཙམ་དག་གཞན་ཕན་རྣམ་པར་དག་པས་བཤད་པར་བྱའོ་ཞེས་རང་ཉིད་ཁེངས་སྐྱུང་བའི་ཚུལ་གྱིས་སོ། གང་གི་ཕྱིར་དུ་དམ་བཅས་ན། དམ་བཅའ་བརྩོན་འགྲུས་ཀྱི་ལྩག་ཡིན་པར་གསུངས་པས་རྩོམ་པ་མཐར་ཕྱིན་པའི་ཕྱིར་དང་། རྩོམ་པའི་དགེ་བ་ཚུལ་ཁྲིམས་སུ་འགྱུར་བ་སོགས་ཀྱི་ཆེད་དུའོ།
གསུམ་པ་ལ་གང་གིས་ཉན་པར་བསྐུལ་ན། གཞུང་མཛད་པ་པོ་སྟེ་གོང་ལྟར་རོ། གང་ཉན་པར་བསྐུལ་ན། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་འདི་ཉིད་དོ། ཚུལ་ཇི་ལྟར་ཉན་པར་བསྐུལ་ན། ཕྱོགས་རིས་སྤང་ཞིང་གཟུ་བོར་གནས་པའི་བློ་ཡིས་དད་མོས་དྲན་པའི་སྒོ་ནས་ཉན་དགོས་པར་བསྐུལ། ཉན་པར་བསྐུལ་བའི་དགོས་པ་ནི། མ་དག་སོ་སོ་སྐྱེ་བོ་དག་ཐར་པ་དང་ཐབས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཐབས་ཟབ་མོ་བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ལ་འཇུག་པར་སྤྲོ་བ་སོགས་ཀྱི་དགོས་པ་ཡོད་དོ།
(འདུལ་བ་གསུངས་པའི་དོན་ཆེད་གང་ཡིན་རྗེ་ཡི་འདུལ་འགྲེལ་ལྟར་ཁ་གསལ་བྲིས།)
ལན། འགྲེལ་ལས།‘‘འཁོར་བ་ལས་ཐར་ཞིང་བྱང་ཆུབ་ཐོབ་པ་ལ། འཁོར་བའི་རྩ་བ་མ་རིག་པ་ལྡོག་དགོས། མ་རིག་པ་ལྡོག་པ་ལ་བདག་མེད་རྟོགས་པའི་ཤེས་རབ་དགོས་ཤིང་། ཤེས་རབ་སྐྱེ་བའི་རྒྱུ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་དགོས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལ་ཚུལ་ཁྲིམས་རྣམ་པར་དག་དགོས་ལ། ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་ལ་འདུལ་བའི་བསླབ་བྱ་ཤེས་ དགོས་པས། དེ་ཤེས་པའི་དོན་དུ་གསུངས་པས་མངོན། གཞན་ཡང་བསྟན་པའི་རྒྱུན་རིང་བའི་ཕྱིར་དུ་གསུངས་པ་ནི། བསྟན་པའི་སྲོག་ཤིང་འདུལ་བ་ཡིན་ཞེས་གསུངས་སོ།གནས་ངན་ལེན་པ་སྤང་བའི་ཕྱིར་དུ་གསུངས་པ་ནི། སྐྱེ་བའི་རྒྱུན་གཅོད་ཕོ་མོའི་སྲེད་ལེན་སྤང་། ཞེས་སོགས་གསུངས་སོ།གནས་སྐབས་དང་མཐར་ཐུག་གི་ཆེད་དུ་གསུངས་པ་ནི། འཁོར་བའི་སེམས་ཅན་ཕོ་དང་མོ། མཐོ་རིས་ཐར་པའི་གནས་འདོད་ན། ཕོ་རྣམས་ཁྲི་སྟན་ཆེན་པོ་སྤོངས། མོ་རྣམས་བླ་གབ་ཆེན་པོ་སྤོངས། ཞེས་སོགས་གསུངས་སོ། སྡིག་སྒྲིག་སྦྱོང་བའི་ཆེད་དུ་གསུངས་པ་ཡིན་ཏེ། ཚུལ་དེ་བསྲུང་ཞིང་ཁྲིམས་དེ་ཐུབ་ན་བསྐལ་པ་སྟོང་ཕྲག་དུ་མའི་སྡིག་སྒྲིབ་བྱང་བར་འགྱུར་རོ།’’ ཞེས་གསུངས་སོ།
(སྡོམ་པ་གཏོང་བའི་དུས་མཚམས་ལ་རིགས་མི་འདྲ་བ་ཡོད་པ་རྣམས་སོ་སོར་ཕྱེས་ཏེ་བྲིས།)
ལན། བསླབ་པའི་སྡོམ་པ་ཕུལ་བའི་དུས་དང་། ཚེ་འཕོས་པ་སྟེ་བེམ་རིག་བྲལ་བའི་དུས། རྩ་བ་ཆད་པ་སྟེ་སྦྱོར་བ་གསུམ་ཚང་དང་ཡན་ལག་བཞི་ལྡན་གྱི་སྒོ་ནས་རྩ་བ་བཞི་གང་རུང་ལ་ཕམ་པ་བྱུང་བའི་དུས། མཚན་མོ་འདས་པ་སྟེ་བསྙེན་གནས་དུས་ཆེན་གྱི་ཞག་རེའི་ནམ་ལངས་པའི་དུས། ཕོ་མོའི་མཚན་མ་གཉིས་ཅིག་ཆར་དུ་བྱུང་བའམ། མཚན་འགྱུར་བའི་དུས་བཅས་སོ། ཡང་དུས་ཀྱི་སྒོ་ནས་རབ་ཚུལ་ཁྲིམས་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་དུས། འབྲིང་ཕུང་པོ་ཞིག་པའི་དུས། ཐ་མ་བསླབ་པ་ཕུལ་ནས་གཏོང་བའི་དུས་རྣམས་ཡིན་པར་ཡིན་རྗེ་ཡིས་བཞེད་དོ།
(སྦོམ་པོ་དང་ཕམ་པ་ཉེས་བྱས་བཅས་ཀྱི་ཁྱད་པར་གང་ཡིན།)
ལན། གོང་དུ་སྡོམ་པ་གཏོང་དུས་ཀྱི་སྐབས་ནས་བཤད་པ་ལྟར་སྦྱོར་བ་གསུམ་ཚང་དང་ཡན་ལག་བཞི་ལྡན་གྱི་སྒོ་ནས་རྩ་བ་བཞི་གང་རུང་གི་སྡོམ་པ་གཏོང་བ་ལ་ཕམ་པ་དང་། གོང་གི་སྦྱོར་བ་དང་ཡན་ལག་གསུམ་གཉིས་སོགས་ཚང་བའི་རིགས་ལ་སྦོམ་པོ་དང་ཉེས་བྱས་སུ་རིམ་བཞིན་འཇོག་དགོས་ཏེ། འདུལ་འགྲེལ་ལས། ‘‘ཡན་ལག་རྫོགས་པ་དང་། མང་བ་དང་ཉུང་བ་ལ་སོགས་ཀྱི་ཁྱད་པར་དང་’’ཞེས་དང་། སྨྲ་དབང་ཡོངས་འཛིན་རིན་པོ་ཆེས་‘‘དེ་ལྟར་རྩ་བའི་ཕམ་ཉེས་བཞི་པོ་ནི། ཡན་ལག་བཞི་ལྡན་ཡིན་ཞིང་གསུམ་གཉིས་སོགས། སྦོམ་པོ་ཉེས་བྱས་འབྱུང་བར་གསུངས་པའོ།། ཞེས་གསུངས་པས་སོ། གཞན་ཡང་དེ་དག་ཕྲ་རགས་ཀྱི་སྒོ་ནས་ཀྱང་ཁྱད་པར་ཡོད་དེ། ལུང་ལས་ཕམ་པ་ལ་བསྐྱར། སྦོམ་པོ་ལ་གསོ། ཉེས་བྱས་ལ་སྡོམ་ཞེས་དང་། རྗེ་ཡི་འདུལ་འགྲེལ་ལས་‘‘ཕྲ་བ་དང་རགས་པའི་ཁྱད་པར་དང་’’ཞེས་ཀྱང་གསུངས་སོ། མུ་འགོད་བྱ་རྒྱུ།
- ཟིན་ཐོ་གོང་མ།འདུལ་བའི་སྐོར་དྲི་བ་དྲིས་ལན།
- ཟིན་ཐོ་འོག་མ།འདུལ་བའི་སྐོར་སྡེ་ཚན་གསུམ་པ།