གསལ་བཤད་ཀྱི་གཏམ།
ལོ་རབས་ཀྱི་ཕྲེང་བ་སྟོང་ཕྲག་དུ་མ་ཁད་ཀྱིས་འཁོར་བའི་ནང་དོ་ཕོག་ཆེན་པོ་གསུམ་བྱུང་ཞིང་། སྐབས་དེ་དུས་ཡོད་ཚད་མེ་ཆུ་ས་རླུང་གང་གི་ཞལ་དུ་བཙན་གྱིས་བསྟབས་ཀྱང་སླར་ལས་དབང་ཞིག་གིས་འགྱེལ་ས་ནས་འགྲེང་མྱོང་བའི་རི་བོ་གངས་ཅན་པའི་མེས་པོའི་སྙིང་ནོར་སྟེ། ཞང་བོད་ཀྱི་ཆོས་རིག་འདི་ལ་དེ་སྔོན་ཉམས་ཞིབ་ཀྱི་བྱ་བ་ཁོ་ནས་མི་ཚེའི་འདུ་བྱེད་རྫོགས་ལ་ཉེ་བར་སླེབས་པའི་འཛམ་གླིང་ཤེས་ལྡན་གྲངས་ལས་འདས་པས་བོད་དང་བོན་གྱི་བྱུང་རབས་ལ་ཞིབ་མདོག་གི་བསྡོམས་ཚིག་སྣ་ཚོགས་བཀོད་ཡོད་ཀྱང་། དེང་སྐབས་མདོ་དབུས་སྟོད་སྨད་ཀུན་གྱི་ས་འོག་དང་གད་ཕུག་གནའ་ཤུལ་སོགས་ནས་དངོས་རྫས་དང་ཡིག་རྙིང་སོགས་ལོ་ལྟར་གསར་དུ་ཐོན་དང་འཐོན་བཞིན་ཡོད་སྟབས། སྔར་བཤད་པ་དེ་དག་ཕལ་མོ་ཆེ་ཡང་ལོ་ཚིགས་ཀྱི་ཐད་ནས་ཕྱིར་བསྣུར་རང་བཞིན་གྱིས་ཆགས་ཡོད། དེ་ལྟར་ན་ད་ལྟའི་ཆར་ང་ཚོའི་མེས་པོའི་ཆོས་རིག་འདིའི་ཡ་མཐའི་ལོ་རབས་ཀྱི་ཕུག་ཐག་ག་ཚད་ཡོད་མེད་དེ་ཞིབ་འཇུག་པ་ལ་མཚོན་ན་ད་དུང་དཔྱད་གཞིའི་གནས་སུ་ལྷགས་ཡོད་ལ། དེ་བཞིན་བརྗོད་བྱའི་ཟབ་ཚད་ལའང་བརྒྱ་ཆ་དགུ་ཐམ་པ་ད་དུང་མུན་ནག་དུ་གྱུར་ཡོད་པ་ནི་ཁོ་ཚོས་བྲིས་པའི་ཀློག་དེབ་ཁག་ལས་ཤེས་ཐུབ།
གང་ལྟར་ང་ཚོས་གཡུང་དྲུང་བོན་གྱི་འབྱུང་གནས་ནི་ཁྱུང་ལུང་སྟེ་ཞང་ཞུང་ཡིན་པ་བཤད་མ་དགོས་ཤིང་། དེ་ཡང་དེང་དུས་མངའ་རིས་སྐོར་གསུམ་དུ་གྲགས་ཙམ་མ་ཡིན་པར་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་མོ་ཡུག་ལས་ད་དུང་ཕྱི་རུ་བརྒལ་ཡོད་པ་ནི་ཤུལ་ལྷག་གི་སྐད་ཡིག་དང་གནའ་རྫས་རྙིང་པ་སོགས་ཀྱིས་ཨ་རུ་རའི་རང་མདོག་བསྟན་བཞིན་པ་འདི་ཀ་ལགས། དེ་ཡང་ཞང་ཞུང་གི་ལོ་རྒྱུས་ཇི་བཞིན་མཁྱེན་རྟོགས་དགོས་ན་ཆེས་རྙིང་པའི་ཁྱུང་རབས་ཁག་ལ་ལྟ་ཀློག་དགོས་པ་ནི་ཞང་ཞུང་དང་འབྲེལ་ཡོད་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པར་སྙམ། རྒྱུ་མཚན་དེའི་ཕྱིར་ངས་གཤམ་ནས་བོན་དཔེ་རྙིང་པ་(ཁྱུང་པོའི་གདུང་རབས་གསེར་སྒམ་མ་)ཞེས་པ་དེ་དྲ་ཐོག་ནས་ཁྱེད་ཀློག་པོ་རྣམས་ལ་ངོ་སྤྲོད་བྱ་རྒྱུ་ཡིན།
སྤྱིར་དམ་པ་ཁྱུང་གི་གདུང་རབས་ལ་རྒྱས་བསྡུས་མང་དུ་ཡོད་ཚོད་འདུག་མོད་ཀྱང་། དེ་ལས་གཤམ་འཁོད་(ཁྱུང་རབས་གསེར་སྒམ་མ་)དང་(ཁྱུང་རབས་གཡུ་མགོ་མ།) དེ་བཞིན་(ཁྱུང་རབས་གོང་སྔོན་མ་)བཅས་ལ་ཁྱུང་པོའི་མ་ཡིག་རྣམ་གསུམ་ཞེས་བྱུང་སྔ་བ་དང་ཀུན་གྱིས་གཞི་འཛིན་ས་ཞིག་ཡིན་པར་སེམས། ད་དུང་དེ་དག་ལས་‘མ་ཡིག་གོང་སྔོན་མ་’ཅུང་སྔ་ཤོས་ཡིན་པ་ནི་‘གཡུ་མགོ་མའི་’ནང་དུ་“བསྐལ་པ་ཆགས་འཇིག་སོགས་ད་ལྟ་མ་ཡིག་གོང་སྔོན་མ་ལས་ཞིབ་”ཅེས་གསུངས་པས་གསལ། ཡང་‘ཁྱུང་རབས་གཡུ་མགོ་མ་’ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་མཛད་པ་ཞིག་ཡིན་པར་གསུངས་ཡོད། འོན་ཀྱང་ཁྱུང་པོ་གཡུ་ཁྲིའི་ལོ་རྒྱུས་གསལ་ཁ་མ་མཐོང་ཡང་། དུང་དཀར་བས་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན་ཞེས་གསུངས། (ཁྱུང་རབས་གསེར་སྒམ་མ་)འདི་ནི་རྩ་བའི་མཛད་པ་པོ་སུ་ཡིན་གང་ཡང་གསལ་མེད་ན་ཡང་། (ཁྱུང་རབས་གཡུ་མགོ་མའི་)ནང་‘མ་ཡིག་གོང་སྔོན་མ་’དང་‘གཡུ་འཕྲུ་མ་’སོགས་ཡོད་པར་བཤད་ཀྱང་འདིའི་སྐོར་ལུང་འདྲེན་སོགས་གང་ཡང་མི་འདུག་པས་‘གཡུ་མགོ་མའི་’རྗེས་སུ་བརྩམས་པ་ཞིག་མིན་ནམ་སྙམ། འོན་ཀྱང་‘གཡུ་མགོ་མའི་’ནང་མ་གསལ་བ་ཙམ་གྱིས་དེ་སྔོན་དུ་མེད་པའི་ངེས་པ་ནི་མེད་མོད། གང་ལྟར་ཀྱང་ཁྱུང་རབས་འདི་ནི་ཕྱིས་སུ་བཅོས་བསྒྱུར་མཁན་པོ་འགའ་ཡིས་ཕྱག་་གིས་རེག་མྱོང་བ་ཞིག་ཡིན་པ་ཧ་ལམ་ཁ་ཚོན་གཅོད་ནས་སྨྲ་ནུས། རྒྱུ་མཚན་ཅིའི་ཕྱིར་ན། དཔེར་ན། ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེངས་ཚུལ་བཤད་པའི་སྐབས། “ཁྱུང་སེར་ལྷ་ཁྱུང་རྒྱལ་གྱིས་བྱ་ཟེ་ཡང་རྫོང་སུ་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བཞེངས་”པ་དང་། “ཁྱུང་དཀར་ཐོགས་ལ་འབར་གྱིས་ངང་སྐྱའི་ཁྱུང་རྫོང་དུ་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས་”པ་དང་། “ཁྱུང་ནག་དམུ་ཁྱུང་རྒྱལ་གྱི་གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་དུ་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས་”པར་བཤད་འདུག་ཀྱང་། (མ་ཡིག་གཡུ་མགོ་མ་)དང་། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་(ཁྱུང་པོ་སྟོད་སྨད་བར་གསུམ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམ་ཐར་མདོར་བསྡུས་)སོགས་ལས་འདིའི་སྐོར་འཆད་སྐབས་གཞན་ཕལ་ཆེར་འདི་དང་ཚིག་གི་ཁྱད་པར་ཙམ་ཡང་མེད་པར་གཅིག་མཚུངས་ཡིན་ནའང་། གོང་དུ་ཁོང་རྣམ་པའི་མཚན་གྱི་གོང་དུ་‘དཀར་’‘ནག་’‘སེར་’གསུམ་ཞེས་པ་དེ་དང་། མཁར་བཞེངས་“གནས་བྱ་ཟེ་ཡང་རྫོང་”དང་། “ངང་སྐྱའི་ཁྱུང་རྫོང་།” “གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་”ཞེས་པ་དེ་དག་ཁྱུང་རབས་གཞན་གཉིས་ཀྱི་ནང་དུ་མེད་པ་ནི་ཕྱིས་སུ་ཁ་བསྣོན་བྱས་པ་ཞིག་ཡིན་པ་གསལ་པོ་རེད། ཅིའི་ཕྱིར་ན་ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེངས་གནས་ནི་ཁོང་གསུམ་དང་ཐོག་ཞང་ཞུང་ས་སྐྱོང་དབང་པོའི་བླ་ཡི་མཆོད་གནས་སུ་བྱོན་སའི་གནས་མཆོག་ཞང་ཞུང་སྟོད་ཀྱི་ཡུལ་ཞིག་ཏུ་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་ལས་གསལ་པོར་ཤེས་ནུས་ལ། གོང་གི་ས་མིང་དེ་དག་ཀྱང་ད་ལྟ་སྟེང་ཆེན་རྫོང་ཁོངས་ཁྱུང་པོ་ཁོག་གི་ས་མིང་ཞིག་ཡིན་པ་མ་ཟད། དེ་ཡང་ཕྱིས་སུ་ཁྱུང་པོའི་གདུང་རྒྱུད་ཀྱི་བླ་མ་དག་མར་སུམ་གླང་གྱིམ་ཤོད་དུ་སླེབས་པའི་རྗེས་སུ་ཁྱུང་པོའི་བུ་སྤུན་གཉེན་ཚན་རྣམས་ཚོ་གསུམ་བགོས་ཏེ་སེར་ཚ་དང་། དཀར་རུ། ནག་རུ་བཅས་སུ་བཞུགས་པས་དེ་ནས་བཟུང་རུ་ཤོག་ས་ཡི་མིང་མི་ལ་ཐོགས་ནས་ཁྱུང་‘དཀར་’‘ནག་’‘སེར་’གསུམ་གྱི་ཐ་སྙད་བྱུང་བ་(ཁྱུང་རབས་གསེར་སྒམ་མ་)རང་དུ་བཤད་པ་བཞིན་ཁྱུང་རབས་གཞན་རྣམས་ཀྱང་དེ་ལྟར་གསལ་བས་སོ། དེ་བཞིན་(ཁྱུང་པོའི་མ་ཡིག་གསེར་སྒམ་)སོགས་ལས་བསྡུས་ཏེ་བྲིས་པར་གསུངས་པའི་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས་ཀྱང་། གོང་དུ་བཤད་པའི་ས་གནས་དེ་དག་གི་ཚིག་ཟུར་ཙམ་ཡང་གསལ་མེད་པ་དང་། དེ་ཙམ་དུ་མ་ཟད་ཞང་ཞུང་ཁ་ཡུག་གི་ཡུལ་དུ་ས་མིང་འདི་བཞིན་ཡོད་ཚུལ་ད་བར་རྒྱལ་རབས་ལོ་རྒྱུས་གང་ལས་ཀྱང་མ་མཐོང་ངོ་། གལ་སྲིད་ཞང་ཞུང་ཁ་ཡུག་གི་ཡུལ་ཞེས་པ་ད་ལྟ་ཁྱུང་པོ་སྟེང་ཆེན་གྱི་ས་ཆར་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་སྙམ་པའི་དོགས་གཞི་ཞིག་རང་བཞིན་གྱིས་ཡོང་སྲིད་མོད་ཀྱང་། དེ་ནི་མི་འགྲིག་ཏེ་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས། “སྟོད་ཁྱུང་ལུང་དངུལ་མཁར་དབྲ་ཡི་ས། དབྲ་རྗེ་སྟོན་པའི་གདན་ས་ལ། ཁྱུང་པོ་ཆགས་པའི་གདན་ས་བྱས།” ཞེས་སོགས་གསུངས་པས་སོ།
ད་དུང་གཞན་ཞིག་ལ་ཁྱུང་རབས་འདིའི་ནང་“ཆུ་སྦྲུལ་ལོ་ཕྲན་དབལ་འབར་སྟག་ལྷག་(སླག་)འཁྲུངས་”ཞེས་གསུངས་པར་བསམ་ན། ཁྱུང་རབས་འདི་ཉིད་དབལ་འབར་སྟག་སླག་གིས་མཛད་པ་ལྟ་བུར་སྣང་མོད་ཀྱང་། དེ་ནི་ཧ་ལམ་ཡོངས་ཐབས་མེད་པ་ཞིག་ཡིན། རྒྱུ་མཚན་ནི་གོང་ཞུས་ཁྱུང་དཀར་ལྷ་མཆོག་རྒྱལ་གྱིས་མཛད་པའི་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས་ཁྱུང་པོའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་ཅུང་རྒྱས་པར་འཁོད་པ་མ་ཟད། ད་དུང་ཁྱུང་པོའི་(མ་ཡིག་གསེར་སྒམ་མ་)སོགས་ལས་བསྡུས་ཏེ་བྲིས་པ་ཞིག་ཡིན་ཞེས་བཤད་ཡོད་པས། གལ་ཏེ་(གསེར་སྒམ་མ་)འདི་ཉིད་དབལ་འབར་སྟག་སླག་གིས་མཛད་པ་ཞིག་ཡིན་ན་ཁོང་གི་རྣམ་ཐར་རྒྱས་པར་མ་བཀོད་རུང་མ་མཐའ་མཚན་ཙམ་ཞིག་ངེས་པར་འཁོད་དགོས་ཏེ། སྤྱིར་དབལ་འབར་སྟག་སླག་ཁོང་ནི་མཛད་པའི་འཕྲིན་ལས་བསམ་མཐའ་ཡས་པའི་དམ་པ་ཁྱུང་གི་གདུང་འཛིན་གྱི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་དང་གཅིག ལྷག་པར་དུ་ལྷ་མཆོག་རྒྱལ་ཁོང་གིས་བྲིས་པའི་ཁྱུང་རབས་དེ་ཡི་གཞི་བཅོལ་ས་ཁྱུང་པོའི་(མ་ཡིག་གསེར་སྒམ་མ་)འདི་ཡི་མཛད་པ་པོ་ཡིན་དགོས་པས་སོ། ལར་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ནང་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ཚུན་ཆད་ཀྱི་ཁྱུང་པོའི་གདུང་འཛིན་གྱི་བླ་མ་དག་གི་རྣམ་ཐར་ལོ་རྒྱུས་གང་ཡང་འཁོད་མེད་པ་དེས་ཀྱང་། ཁྱུང་རབས་འདི་ཉིད་ཧ་ལམ་དུས་རབས་བཅུ་བཞི་ཡས་མས་ཙམ་ལ་བྲིས་པ་ཞིག་ཡིན་པར་གསལ་སྟོན་བྱས་འདུག་སྙམ། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་གཏང་ན་དེ་བས་གང་གི་གཞི་བཅོལ་སའི་ཁྱུང་རབས་རྣམས་ཀྱང་དེའི་སྔོན་དུ་ཡོད་དགོས་པ་ནི་ཅི་སྨོས། དེས་ན་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ནང་དབལ་འབར་སྟག་སླག་གི་མཚན་འཁོད་མ་པ་མ་ཟད། (ཁྱུང་རབས་གསེར་སྒམ་མ་)འདི་ལ་“ཁྱུང་པོའི་མ་ཡིག་”བཅས་སྨོས་པ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ། ད་ལན་ཁོ་བོས་གཤམ་དུ་འགོད་རྒྱུའི་(ཁྱུང་རབས་གསེར་སྒམ་མ་)འདིའི་མ་དཔེ་ནི་༸སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ཁྱུང་རབས་འདི་ཉིད་(ཁྱུང་ནག་སྤུ་བླའི་བླ་རབས་རྣམ་ཐར་)དང་འཕྲོ་མཐུད་མཛད་པ་ཞིག་འདི་གའི་ལོ་དེབ་(བོན་སྒོ་)འདོན་ཐེངས་ཉེར་གསུམ་པའི་ཐོག་བཀོད་ཡོད་པས། དེ་ལས་‘‘གོང་མ་ཁྱུང་པོའི་གདུང་རབས་གསེར་སྒམ་མའི་མ་ཡིག་དངོས་’’ཞེས་པ་དེ་ལས་དྲངས་པ་ཞིག་ཡིན། དེ་ཉིད་ནི་འདིར་ངེད་རྩོམ་སྒྲིག་ཚོགས་པས་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་གོང་དུ་མཚན་འཁོད་པའི་ཁྱུང་རབས་གཞན་གསུམ་དང་གཤིབ་བསྡུར་རེ་ཟུང་བྱས་མོད་ཀྱང་། གལ་སྲིད་བརྗོད་བྱའམ་བསྟན་དོན་གྱི་ཐད་རྩ་བའི་ཆ་ནས་གཅིག་པ་ཡིན་གང་ཞིག་ལ་ཚིག་གི་དག་ཆའི་ཐད་ཅུང་ཁྱུང་རབས་གཞན་གསུམ་གང་རུང་ཞིག་དག་པར་མཐོང་བ་ཁག་མཆན་ཆུང་ནང་བཀོད་ཡོད་པ་ལས་དངོས་སུ་བཅོས་མེད། གཞན་ཁ་གསལ་དགོས་རིགས་ད་དུང་མཆན་ཆུང་དུ་བཞག་ཡོད། དེ་བཞིན་གཞུང་འདི་རང་ལ་ཤོག་གྲངས་སྔ་ཕྱིའི་བར་དག་ཆ་གཅིག་མཚུངས་དུ་མ་གྱུར་པ་དཔེར་ན་ཤོག་གྲངས་སྔ་མའི་ནང་“སྟོད་འབྲི་ཛ་བདལ་ཕྱིན་ཆད་”ཅེས་པ་དང་ཕྱི་མའི་ནང་“སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད་”ཅེས་ལྟ་བུ་དང་། ཡང་དང་པོར་“གཟེ་ཡི་མ་ཡོན་པ་ནས་” ཞེས་དང་རྗེས་སུ་“གཟི་ཡི་མ་ཡོ་ག་པ་ནས་”ཞེས་པ་ལྟ་བུ་དག་ཁྱུང་རབས་གཞན་དང་གོ་བསྡུར་བྱས་ཏེ་གཅིག་གྱུར་བྱས་ཡོད་པ་ལས་གཞན་ངེད་ཅག་གིས་གཤག་བཅོས་བྱས་ཐལ་དྲག་པ་སོགས་གང་ཡང་མེད་ཅེས་གསལ་བཤད་ཀྱི་གཏམ་ཙམ་དུའོ།།
- ཟིན་ཐོ་གོང་མ།འདུལ་བའི་སྐོར་སྡེ་ཚན་གསུམ་པ།
- ཟིན་ཐོ་འོག་མ།ཁྱུང་རབས་གསེར་སྒམ་མ།