འདུལ་བའི་སྐོར་དྲི་བ་དྲིས་ལན་ལས་འཕྲོས་ཏེ་བརྗེད་ཐོ་ཐོར་བུ།
༼གསལ་བཤད་ཞུ་རྒྱུ་ནི། ད་ལན་འདིར་ཁོ་བོས་འདི་ག་བོན་གྱི་གྲྭ་ས་གོང་མ་༸དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་འབྲུག་ལོའི་ལོ་ཕྱེད་རྒྱུགས་སྤྲོད་ཆེན་མོའི་སྒྲོམ་གཞིའི་དྲི་བ་ཁག་སུམ་ཅུ་སོ་གཅིག་ཆ་ཚང་ལ་རང་བློས་དཔོག་ཚོད་ཀྱིས་བརྗེད་ཐོ་རགས་རིམ་ཙམ་ཞིག་བཀོད་ཟིན་ཁུལ་ཡིན་ཡང་། སྔ་རབས་འདུལ་འཛིན་མཁན་སློབ་དམ་པ་རྣམས་ཀྱིས་‘‘འདུལ་བ་ཁྱིམ་པ་ལ་མི་བཤད་’’ཅེས་བཀས་བཅད་པ་ལྟར་གྱི་འདུལ་བའི་གསང་གནད་དང་འབྲེལ་བའི་དྲི་བ་ཁག་བདུན་ཕུད་པའི་གཞན་གྱི་དྲིས་ལན་རྣམས་གཤམ་ནས་མུ་འགོད་བྱ་རྒྱུ་ཡིན།༽
(རྗེ་བཙུན་རྣམ་གཉིས་ཀྱི་འདུལ་རྒྱུད་བྲུ་སྟོན་ཉི་མ་ནས་ཆད་དགོས་པའི་རྒྱུ་མཚན་གང་ཡིན་ལོ་རྒྱུས་ཁ་གསལ་བྲིས།)
ལན། སྤྱིར་སྐབས་འདིར་རང་ལུགས་ཀྱི་ཡིག་ཁག་ནས་བཤད་ཚུལ་མི་མཐུན་པ་མང་དུ་སྣང་རུང་། མདོར་ན་དང་པོ་གོང་གི་རྗེ་བཙུན་རྣམ་གཉིས་ནི་བྲུ་རྗེ་གཡུང་དྲུང་བླ་མ་དང་། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་རྣམ་གཉིས་ཡིན་ཏེ། བྲུ་རྗེའི་རྣམ་ཐར་ལས། ‘‘མཁས་པ་ཆེན་པོ་གཉོས་ལག་དྲུག་ལས་ཁྲིམས་ནོས་ཏེ་དྲང་སྲོང་མཛད། མཚན་ཡང་གཡུང་དྲུང་བླ་མ་རྗེ་བཙུན་ནོ། ཁྲོ་འབྲུག་དང་རྗེ་འདི་གཉིས་གཉོས་ལས་རབ་ཏུ་བྱུང་སྟེ་གཙང་གི་རྗེ་བཙུན་རྣམ་གཉིས་ཟེར་’’ཞེས་གསུངས་པས་སོ། གཉིས་པ་འདུལ་རྒྱུད་ཆད་དགོས་པའི་རྒྱུ་མཚན་ནི། བྲུ་སྟོན་ཉི་མ་རྒྱལ་མཚན་ནི་བྲུ་རྗེ་བཙུན་ཆེན་པོའི་ཐུགས་སྲས་ཀྱི་ཐུ་བོ་ཡིན་པ་དང་།
‘‘རྗེ་བཙུན་བྱང་པས་མཁན་པོ་དང་། བྲུ་རྗེ་སློབ་དཔོན་མཛད་དེ་རབ་ཏུ་བྱུང་།
འདུལ་བ་མ་ལུས་པ་ཐུགས་ལ་མངའ་’’ཞེས་རྒྱལ་རིགས་བྲུ་ཡི་གདུང་རབས་ལས་དམ་པ་ཁོང་གི་རྣམ་ཐར་འཆད་པའི་སྐབས་གསལ་པོར་གསུངས་ཡོད།
དེས་ན་སྟབས་མ་ལེགས་པ་ཞིག་ལ་སྐབས་དེར་བྲུ་ཡི་སྲས་པོ་ཉི་ཟླ་རྣམ་གཉིས་ལས་གཅུང་པོ་ཟླ་བ་རྒྱལ་མཚན་རྨོན་དཀར་ན་ཡར་ཆད་པས། བྲུ་ཚང་གི་འཁྲུངས་གཞིས་སུ་སླད་གདུང་རྒྱུད་སྤེལ་བའི་སྲས་པོ་མེད་སྟབས།
དུས་དེ་ཤེད་བོད་ཀྱི་མི་རྣམས་ཀྱི་སེམས་ལ་སྔར་བཙན་པོ་དེང་ཁྲི་ཡས་མས་ཞིག་ནས་འདུལ་བསྟན་ནང་འཁྲུགས་བྱུང་སྟེ།
དུས་རིམ་ཤིན་ཏུ་མང་པོའི་རིང་ལ་བོད་དབུས་ཁུལ་དུ་འདུལ་བསྟན་མིང་གི་ལྷག་མར་གྱུར་ནས། གདུང་རྒྱུད་བླ་མ་གསང་སྔགས་རིག་པ་འཛིན་པ་ཤ་སྟག་གིས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བའི་བག་ཆགས་ཟབ་མོ་ཡོད་པ་དང་གཅིག
ཁྱད་པར་དེ་སྔོན་རྒྱལ་རིགས་བྲུ་ཡི་གདུང་རབས་རིམ་བྱོན་ཀུན་མཐུ་བྱིན་གྲུབ་རྟགས་ལ་རང་དབང་འབྱོར་ཞིང་།
བསྟན་པའི་གསལ་བྱེད་དུ་གྱུར་པ་འབའ་ཞིག་ཡིན་པར་བརྟེན།
ཀུན་གྱིས་བྲུ་ཡི་གདུང་རྒྱུད་འཆད་པར་ཡིད་ཕངས་ཏེ། ཨུ་ཚུགས་ནན་བསྐྱེལ་གྱིས་བྲུ་ཉི་མ་རྒྱལ་མཚན་མཆོག་ལ་ལྕམ་བཞེས་དགོས་པའི་རེ་ཞུས་ངོ་མ་ལྡོག་པར་ཁོང་གིས་རིགས་ཀྱི་སྲས་མོ་རྗེའུ་འགུར་མོ་ཁབ་ཏུ་བཞེས་པས་ན་རྗེ་བཙུན་རྣམ་གཉིས་ཏེ།
བྱང་པ་ཁྲོ་ཚང་འབྲུག་ལྷ་དང་། བྲུ་རྗེ་གཡུང་དྲུང་བླ་མ་གཉིས་ཀྱི་འདུལ་རྒྱུད་ཆད་པར་སྣང་། དེ་ཡང་རྗེ་བདག་ཉིད་ཆེན་པོས་ཀྱང་‘‘ཁྲོ་ཚང་འདུལ་རྒྱུད་བྲུ་སྟོན་ཉི་མ་ཆད་ཅེས་མཁས་པ་དག་གིས་གསུངས་སོ།
བརྟགས་ན་རྗེ་བཙུན་རྣམ་གཉིས་ཀྱི་འདུལ་རྒྱུད་བྲུ་སྟོན་ཉི་རྒྱལ་ནས་ཆད་པར་མངོན་ནོ་’’ཞེས་གསུངས་པ་ནི་དོན་འདི་ལ་དགོངས་པ་ཡིན་པར་སྙམ།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཆོས་ལ་ཁ་གཡར་ནས་སྲིད་ཀྱི་འཁོར་ལོ་བསྐོར་ཞིང་། སྲིད་ཀྱི་མིང་ཁྱེར་ཏེ་ཆོས་རྒྱུད་ཕན་ཚུན་རང་རང་གི་མངའ་ཐང་རྒྱ་སྐྱེད་ཁོ་ནའི་ཆེད་དུ་སོག་པོ་དང་། རྒྱ་ནག་གོང་མ་ཐ་ན་གོར་ཁ་ཡན་ཆད་མཐའ་བཞིའི་དམག་རྣམས་ནང་དུ་བསུས་ཏེ་དབུས་གཙང་ཁམས་གསུམ་ནང་འཁྲུག་གི་འཁོར་ལོ་བསྐོར་བའི་དུས་རབས་ཏེ། བོད་ཀྱི་བླ་བྲང་དབང་བསྒྱུར་ལམ་ལུགས་ཀྱི་སྐབས་སུ། བླ་རྒན་ཁག་གཅིག་གིས་བྲུ་ཡི་གདུང་རྒྱུད་འདི་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྔ་ཕྱིར་ཐེངས་གཉིས་ངོས་འཛིན་བྱས་པ་བརྒྱུད། མཐར་བྲུ་ཚང་གི་གཞིས་ཀ་བཀྲ་ཤིས་ལྷུན་པོར་སྤོ་རུ་བཅུག་ནས། བོད་བཙན་པོ་ན་རིམ་ནས་བཟུང་དུས་རབས་ཀྱི་ཕྲེང་བ་དུ་མར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ལྟར་བུར་གྱུར་བའི་བསྟན་བདག་གཤེན་གྱི་གདུང་དྲུང་གི་ནང་ཚན་དཔལ་ལྡན་རྒྱལ་རིགས་བྲུ་ཡི་གདུང་རྒྱུད་རྩ་ཆེན་འདི་ཉིད་མི་མངོན་རྩ་གསུམ་གྱི་གནས་སུ་བསྡུ་བའི་ཡང་སྲིད་ངོས་འཛིན་ཆབ་སྲིད་ཀྱི་དམིགས་ཡུལ་བརྣག་པོ་དེ་ཉིད་གྲུབ་པར་བྱས་པ་དེ་ནི། བསྟན་འགྲོ་སྤྱི་དང་ཁྱད་པར་དུ་བོན་བསྟན་ལ་མཚོན་ན་བསམ་ཡུལ་འདས་ཤིང་བློ་ཕམ་འོས་པའི་གོད་ཆགས་ཞིག་ཡིན་པར་ངོས་འཛིན་དགོས་པ་བཅས་ཞོར་འཕྲོས་སོ།
(རྣམ་དག་འདུལ་བའི་བསྟན་པ་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་ཁུངས་ཀྱི་དབང་དུ་བྱས་ན། སྟོན་པ་ཕུན་སུམ་ཚོགས་པ་བདག་ཅག་གི་སྟོན་པ་ལས་བྱུང་བར་བཤད་པ་དེ་ལྟར་ན། སྟོན་པ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་པའི་སྒྲུབ་བྱེད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་རེ་རེའི་ཆ་ནས་ཕུན་སུམ་ཚོགས་ཚུལ་ཞིབ་གསལ་བྲིས།)
ལན། དང་པོ་ནི། མཚན་བཟང་པོ་སུམ་རྩ་གཉིས་དང་དཔེ་བྱད་བཟང་བརྒྱད་ཅུ་རྩ་གཅིག་གི་དཔལ་འབར་ཞིང་། གདུལ་བྱ་སྐལ་ལྡན་རིགས་ཅན་གང་དང་གང་གིས་ཞལ་མཇལ་བ་ཙམ་གྱིས་དད་པ་དང་དང་བ་འདྲེན་པས་ན་སྐུ་ཡི་ཆ་ནས་ཕུན་སུམ་ཚོགས་པའོ། གཉིས་པ་ནི། འགག་མེད་ཚངས་པའི་གསུངས་དབྱངས་དྲུག་ཅུས་ཁམས་གསུམ་འགྲོ་དྲུག་སྤྲོ་བ་བསྐྱེད་ཅིང་། གཞན་ཡང་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམས་འགྲོ་བ་ལྷ་ཀླུ་མི་སོགས་སོ་སོ་རང་རང་གི་སྐད་དུ་གོ་བར་བསྟན་ནུས་པས་ན་གསུང་གི་ཆ་ནས་ཕུན་སུམ་ཚོགས་པའོ། གསུམ་པ་ནི། འཁྲུལ་མེད་མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་རྒྱུད་ལ་མངའ་ཞིང་། འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་ཀྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མ་འདྲེས་གསལ་བར་མཁྱེན་པས་ན་ཐུགས་ཀྱི་ཆ་ནས་ཕུན་སུམ་ཚོགས་པའོ། བཞི་པ་ནི། འཇིག་རྟེན་ལེགས་ཚོགས་ཀྱི་ཡོན་ཏན་མཐའ་དག་ལྷུན་ལ་རྫོགས་ཤིང་། སྲིད་པ་གསུམ་གྱི་ཆེ་རྒུ་ཡོངས་ཀྱིས་མཆོད་པའི་གནས་དང་བཀུར་བའི་བླར་གྱུར་པས་ན་ཡོན་ཏན་གྱི་ཆ་ནས་ཕུན་སུམ་ཚོགས་པའོ། ལྔ་པ་ནི། སྤྱིར་བདག་དོན་ལྷུན་གྲུབ་ཅིང་གཞན་དོན་མཐའ་རུ་ཕྱིན་པ་དང་། ཁྱད་པར་དུ་མཛད་ཆེན་བཅུ་གཉིས་དང་མཛད་ཕྲན་གྲངས་མེད་ཀྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་ཏེ་འཇིག་རྟེན་ཁམས་ཀྱི་སྡིག་ཆེན་མི་དགུ་ལ་སོགས་འགྲོ་བ་བསམ་མཐའ་ཡས་པ་བླ་མེད་བྱང་ཆུབ་ཆེན་པོའི་རྒྱལ་སར་མངོན་དུ་བཀོད་ཅིང་། སླད་ཀྱང་ནམ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱུན་མི་འཆད་པ་སོགས་ཀྱིས་ན་འཕྲིན་ལས་ཀྱི་ཆ་ནས་ཕུན་སུམ་ཚོགས་པའོ།
(ཚོད་ཡོད་ལ་སྡེ་ཚན་ལྔར་བཤད་པ་རྣམས་སོ་སོ་ནས་བྲིས)
ལན། དང་པོ་གནས་ལ་ཚོད་ཡོད་ནི། མཐུན་རྐྱེན་ཚང་བའི་ཡུལ་འདི་དང་འདི་དང་འདི་ལྟ་བུ་བསྲུང་གི་གཞན་དུ་བསྲུང་མི་ནུས་སྙམ་པ་དང་། གཉིས་པ་ཚེ་ལ་ཚོད་ཡོད་ནི། ཚེ་སྟོད་ལ་བསྲུང་གི་ཚེ་སྨད་ལ་བསྲུང་མི་ནུས་སྙམ་པ་དང་། གསུམ་པ་དུས་ལ་ཚོད་ཡོད་ནི། གཞི་ལ་འདུག་དུས་བསྲུང་གི་བྱེས་སུ་འགྲོ་དུས་བསྲུང་མི་ནུས་སྙམ་པ་དང་། བཞི་པ་སེམས་ཅན་ལ་ཚོད་ཡོད་ནི། དགྲ་མ་གཏོགས་པ་གཞན་ལ་བསྲུང་སྙམ་པ་དང་། ལྔ་པ་བསླབ་བྱ་ལ་ཚོད་ཡོད་ནི། བསླབ་བྱ་རགས་པ་འགའ་ཞིག་བསྲུང་གི་ཕྲ་བ་རྣམས་བསྲུང་མི་ནུས་སྙམ་པ་དང་ལྔའོ།
(མཁས་ཤིང་བཙུན་ལ་རྫོགས་ཤིང་སྨིན་པ་བརྟན། ཞེས་པའི་ལུང་གི་བསྟན་དོན་གཙོ་བོ་དང་། ཚིག་གི་འབྲུ་འགྲེལ་བཅས་སོ་སོ་ནས་བྲིས།)
ལན། དང་པོ་བསྟན་དོན་གཙོ་བོ་ནི་རྣམ་དག་སོ་ཐར་གྱི་སྡོམ་པ་ལེན་ཡུལ་གྱི་སློབ་དཔོན་ནམ་མཁན་པོའོ། མཁས་པ་ནི་སྤྱིར་སྡེ་སྣོད་ཀུན་ལ་མཁས་པ་དང་། ཁྱད་པར་རྣམ་དག་འདུལ་བའི་བསླབ་དང་ཆོ་ག་རྣམས་ཕྱིན་ཅི་མ་ལོག་པ་ཤེས་ཤིང་མཁས་པ། དེ་ཡང་བསླབ་པ་ལ་ཕམ་པ་མ་ཕོག་པར་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་བཙུན་པ། དེ་ཡང་དྲང་སྲོང་གི་ཁྲིམས་རྫོགས་པར་ཐོབ་ཅིང་། སྨིན་པ་སྟེ་བསླབ་བྱ་ཉམས་འོག་ཏུ་ཆུད་པ་དང་། ཕྱིར་མི་ལྡོག་པའི་བློ་བརྟན་པ་དང་ལྡན་པ་བཅས་ཁྱད་བོན་ལྔ་ལྡན་ཞིག་དགོས་པར་བསྟན་པ་ཡིན་ནོ།
(སོ་ཐར་གྱི་སྡོམ་པ་ཐོབ་པའི་ས་མཚམས་ངོས་བཟུང་སྟེ་བྲིས།)
ལན། སྡོམ་པ་ལེན་སེམས་མ་ལོག་པའི་སྐབས་ནས་གསུངས་པ་ལྟར་གྱི་རྣམ་མའི་བསམ་སྦྱོར་མངོན་དུ་གྱུར་ཞིང་། ཚད་ལྡན་གྱི་མཁན་སློབ་རབ་འབྲིང་ཐ་མ་གང་འཛོམས་ཀྱིས་སྡོམ་འབོག་གི་ཆོ་ག་གྲུབ་ནས་ཐོབ་ལེགས་ལན་གསུམ་བསྐྱར་ཏེ་བརྗོད་ཚེ། ལེན་པ་པོ་རང་ཉིད་ལ་བསྲུང་བའི་སེམས་ཐོབ་པའི་སྐད་ཅིག་དང་པོའི་དུས་སུ་ཡིན་ཏེ། ཡར་མེ་བས། བསྲུང་བའི་སེམས་ནི་ཐོབ་པ་ལ། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། ཞེས་གསུངས་པའི་ཕྱིར་རོ།
(དགོངས་མཛོད་རི་ཁྲོད་ཆེན་པོ། མེ་སྟོན་ཤེས་རབ་འོད་ཟེར། བྲུ་རྗེ་གཡུང་དྲུང་བླ་མ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། འགྲོ་མགོན་བློ་གྲོས་རྒྱལ་མཚན། རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་བཅས་ཀྱིས་སོ་ཐར་གྱི་སྡོམ་པ་ཞུ་སའི་མཁན་སློབ་རྣམས་རིམ་བཞིན་བྲིས།)
ལན། དང་པོ་དགོངས་མཛོད་རི་ཁྲོད་ཆེན་པོ་ནི།
ཚོང་བཙུན་ནམ་མཁན་རྒྱལ་མཚན་དང་། གཡུང་བཙུན་ཇོ་གདུང་རྣམ་གཉིས་ཀྱི་མཁན་བུ་ཡིན།
གཉིས་པ་མེ་སྟོན་ཤེས་རབ་འོད་ཟེར་ནི་དམ་པ་དགོངས་མཛོད་རི་ཁྲོད་ཆེན་པོའི་མཁན་བུ་ཡིན། གསུམ་པ་བྲུ་རྗེ་གཡུང་དྲུང་བླ་མ་དང་། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་གཉིས་ནི།
གཉོས་ལག་དྲུག་པ་སྟེ་ཚུལ་ཁྲིམས་ཡེ་ཤེས་ཀྱི་མཁན་བུ་ཡིན་ཏེ།
བྲུ་རྗེའི་རྣམ་ཐར་ལས། མཁས་པ་ཆེན་པོ་གཉོས་ལག་དྲུག་ལས་ཁྲིམས་ནོས་ཏེ་དྲང་སྲོང་མཛད། མཚན་ཡང་གཡུང་དྲུང་བླ་མ་རྗེ་བཙུན་ནོ། ཁྲོ་འབྲུག་དང་རྗེ་འདི་གཉིས་གཉོས་ལས་རབ་ཏུ་བྱུང་སྟེ་གཙང་གི་རྗེ་བཙུན་རྣམ་གཉིས་ཟེར་ཞེས་གསུངས་པས་སོ།
བཞི་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ནི་ཁུ་བོ་འ་ཞ་བདུད་རྩི་རྒྱལ་མཚན་གྱི་མཁན་བུའོ། ལྔ་པ་རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་གྱིས་སློབ་དཔོན་རྩང་པ་ལས་གཙང་གཙུག་གི་སྡོམ་པ་ཞུས། ཀུན་བཟང་གནས་བརྟན་རིན་པོ་ཆེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ནོད་ཅེས་སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་མཛད་པའི་མཁས་པ་དཔལ་གྱི་རྣམ་ཐར་ལས་གསལ་ལོ། མུ་འགོད་བྱ་རྒྱུ་ཡིན།
- ཟིན་ཐོ་གོང་མ།ཞུ་འཕྲིན།
- ཟིན་ཐོ་འོག་མ།འདུལ་བའི་སྐོར་སྡེ་ཚན་གཉིས་པ།