ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
༧སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་བརྟན་བཞུགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན།།
དགའ་ལྡན་ལྷ་ཡི་ཡུལ་ལ་འགྲན་བཟོད་པའི།།
༧དཔལ་ལྡན་སྨན་གྱི་རི་བོའི་ཚལ་ཆེན་དུ།།
སུམ་ལྡན་བླ་མ་རྒྱལ་བ་མཉམ་མེད་པའི།།
དོན་ལྡན་མཛད་པའི་འཕྲིན་ལས་སྲིད་ཞིའི་རྒྱན།།
ལྷ་སྲས་གོང་དེའི་རྒྱལ་ཚབ་གསེར་གྱི་ཁྲིར།།
ལྷ་དང་སྲུང་མའི་ལུང་གིས་རབ་བསྔགས་པའི།།
ལྷ་མིའི་མགོན་གྱུར༧ཁྲི་འཛིན་སོ་གསུམ་པ།།
ལྷ་མཆོག་ཚེ་མཐའ་ཡས་ཀྱི་ངོ་བོར་བཞུགས།།
གངས་དཀར་ཁ་བའི་ཚེ་སྲོག་སླར་ལ་སྦྱིན།།
ཞྭ་དཀར་བསྟན་པའི་དབུ་འཕང་དགུང་དུ་བཏེགས།།
རྣམ་དཀར་དགེ་བའི་གཏེར་མཛོད་སྨན་རི་བ།།
པད་དཀར་འདབ་བརྒྱའི་ཁྲི་ལ་བརྟན་བཞུགས་གསོལ།།
༸སྨྲ་དབང་ཡོངས་འཛིན་རིན་པོ་ཆེའི་བརྟན་བཞུགས་དད་པའི་མེ་ཏོག
སྨྲ་བའི་སེང་གེ་ཟུར་ཕུད་རྒྱན་དོར་ནས།།
སྨྲ་བ་མི་ཡི་ཟོལ་དུ་ཕེབས་པའི་མགོན།།
སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རྗེ།།
སྨྲ་གསལ་སྙན་པའི་ངག་གིས་ལན་བརྒྱར་བསྔགས།།
འཆད་པའི་གསུང་གིས་འཁོར་བའི་མྱ་ངན་སངས།།
རྩོད་པའི་དཔའ་བས་ཕྱོགས་མཐའི་རྒོལ་ངན་གཞོམ།།
རྩོམ་པའི་གླེགས་བྲག་རིའི་གཏོས་དང་མཉམ།།
བསྟན་པའི་གསལ་བྱེད་ཁྱེད་ལ་གསོལ་བ་འདེབས།།
ཐོས་པའི་གྲུ་ཡིས་ཤེས་བྱའི་རྒྱ་མཚོར་བརྒལ།།
བསམ་པའི་འཕྲུལ་གྱིས་དཀའ་གནད་མདུད་བརྒྱ་བཀྲོལ།།
སྒོམ་པའི་སྤྱན་གྱིས་བོན་སྐུའི་རང་ཞལ་མཇལ།།
འགྲོ་བའི་འདྲེན་པ་ཁྱེད་ལ་གསོལ་བ་འདེབས།།
- ཟིན་ཐོ་གོང་མ།བཀའ་དྲིན་དྲན་གླུ།
- ཟིན་ཐོ་འོག་མ།གངས་ཕྲུག་གི་སྐྱོ་དབྱངས།