བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི་ཚིག་འགྲེལ་བདེ་ཆེན་ཐར་ལམ་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།
རྣམ་མཁྱེན་ཐུགས་ཉིད་སྤྲོས་བྲལ་ལྷ་ཡི་ལམ་ལས་མ་གཡོས་ཀྱང༌།།
རྣམ་པར་སྣང་ཚུལ་སྣ་ཚོགས་སྤྲུལ་པའི་རོལ་གར་ཆེར་སྟོན་པས།།
རྣམ་རྟོག་ལས་ཉོན་མ་རིག་འཁྲུལ་པའི་མུན་སྡུག་གསལ་མཛད་པའི།།
རྣམ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོར་ཕྱག་བགྱིས་སོ།།
རབ་དམར་སྐུ་མཆོག་པདྨ་ར་གའི་ལྷུན་པོ་ལ།།
རབ་མཛེས་ཉི་གཞོན་འབུམ་གྱིས་འཁྱུད་ལྟར་མཚན་ཙམ་གྱིས།།
རབ་རྨོངས་མཐའ་ཀླས་ཞིང་གི་ཕན་བདེའི་མཆོག་སྩོལ་བའི།།
རབ་གསལ་ཤེས་རབ་ལྷ་མཆོག་གང་དེས་ཤིས་པ་སྩོལ།།
ཤེས་བྱ་ཀུན་གཟིགས་རྗེ་བཙུན་སྨྲ་བའི་སེང༌།།
རབ་མཛེས་ངུར་སྨྲིག་འཆང་བའི་སྐུར་བཞེངས་པ།།
རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཞེས།།
མཚན་མཆོག་སུམ་ལྡན་འགྲོ་ཀུན་གཙུག་ན་རྒྱལ།།
མཁས་མཁས་པན་གྲུབ་ཡོངས་ཀྱི་གཙུག་རྒྱན་རྗེ།།
མང་མང་འགྲོ་བའི་མགོན་གྱུར་མཆོག་དེ་ཡི།།
ངེས་ངེས་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི།།
གསལ་གསལ་ཚིག་འགྲེལ་ཐར་ལམ་ཐེམ་སྐས་ཞེས།།
རང་རེ་རྨོངས་པའི་བློ་ཡིས་དཔོག་དཀའ་ཡང༌།།
རང་བསྟན་ཞྭ་དཀར་འཆང་དང་གཞན་བསྟན་སྤྱིའི། །
རང་གྲོལ་མཁྱེན་ལྡན་མཁས་པའི་རྗེས་བཟུང་ནས། །
རང་འདྲ་བློ་དམན་དག་ལ་ཕན་ཕྱིར་བཀོད།།
ཞེས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི། མཁྱེན་བརྩེ་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་བྱོན་པའི་ནང་ནས། མངོན་པར་འཕགས་པའི་སྐྱེས་མཆོག་ཆེན་པོ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་ཞེས་བྱ་བ་འདི་ཉིད་ཀྱི་དོན་འཆད་པར་བྱེད་པ་ལ། དང་པོ་གསོལ་བ་གདབ་པའི་རྒྱུ་མཚན། གསོལ་བ་ཇི་ལྟར་གདབ་པའི་ཚུལ། དེ་ལྟར་གསོལ་བ་གདབ་པའི་ཕན་ཡོན་དང་གསུམ། དང་པོ་ནི། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས། བསླུ་མེད་མཆོག་གསུམ་ཀུན་འདུས་པའི་ངོ་བོ། མཚུངས་མེད་བླ་མ་དམ་པ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་དགོས་ཏེ། ཐེག་པ་ཆེན་པོ་གསང་སྔགས་སྤྱི་སྤུངས་སྐོར་གསུམ་ལས། བསྙེན་པའི་གཞི་མ་སྒོ་དགུའི་ཐོག་མར། དཔོན་གསས་ལྷ་ལ་བསྙེན་པར་གསུངས་པ་དང༌། མ་རྒྱུད་ལས། བླ་མ་སངས་རྒྱས་ངོ་བོ་མ་བསྒོམས་ན། ཡི་དམ་དམིགས་པ་གསལ་ཀྱང་འདོད་བློ་ཡིན། ཞེས་དང༌། མདོ་ལས། བླ་མ་དག་ལ་མ་བསྟེན་པའི། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་པ་སྟོང་གི་སངས་རྒྱས་ཀྱང༌། བླ་མའི་གཟུགས་སུ་བསྟན་ནས་བྱོན། ཞེས་སོགས་རྒྱལ་བའི་བཀའ་ལུང་མཐའ་དག་ལས་གསུངས་པའི་ཕྱིར། ཁྱད་པར་དུ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐར་ཞུགས་པ་ཀུན་གྱིས། མཉམ་མེད་རྗེ་རིན་པོ་ཆེ་ལ་གསོལ་བ་གདབ་པ་ཤིན་ཏུ་བསྔགས་བྱའི་གནས་ཡིན་ཏེ། སྙིགས་དུས་ཀྱི་བསྟན་པ་དང་སེམས་ཅན་གཉིས་ཀ་ལ་བཀའ་དྲིན་གཞལ་དུ་མེད་པའི་ཕྱིར་ན། བླ་ཆེན་དྲན་པ་ནམ་མཁའ་ལ་སོགས། རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྟོད་ཕྱག་མཛད་པར། དམུ་རྒྱལ་ཉི་མའི་སྙན་རྒྱུད་ལས་གསུངས་པའི་ཕྱིར། གཉིས་པ་ནི། རྗེ་རིན་པོ་ཆེ་ཡི་གསོལ་འདེབས་རྒྱས་འབྲིང་བསྡུས་པ་མང་དུ་ཡོད་པའི་ནང་ནས། ཚིག་ཉུང་ལ་དོན་འདུས་པ་གསོལ་འདེབས་བསྡུས་པ་འདི་ཡི་དོན་འཆད་པར་བྱེད་པ་ལ། སྐྱེ་མེད་བོན་སྐུའི་བསྟོད་པ། ལྷུན་གྲུབ་རྫོགས་སྐུའི་སྒོ་ནས་བསྟོད་པ། ཅིར་ཡང་སྤྲུལ་སྐུའི་སྒོ་ནས་བསྟོད་པ། དོན་རྟགས་མཚན་གྱི་སྒོ་ནས་གསོལ་བ་འདེབས་པ་དང་བཞིའོ།།
བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། ཞེས་བྱ་བའི་ཚིག་གཅིག་སྟེ། དེའི་དོན་ཡང༌། དྲང་དོན་གྱི་བཀའ་ལུང་འགའ་ཞིག་ལས། གནས་སྐབས་སུ་ལུས་དལ་ཞིང་བདེ་བའི་ངང་ནས་སེམས་སྐྱིད་པའི་སྣང་བ་ཤར་བ་ལ་བདེ་བ་ཞེས་བཤད་པ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་ཡིན་ལ། འདིར་གཏན་གྱི་བདེ་བ་ཆེན་པོ་ནི། དྲང་དོན་ལྟར་ན། སངས་རྒྱས་ཞིང་ཁམས་ཀྱི་ཡོན་ཏན་ཏེ། དེར་ནི་དགའ་བདེ་ཕུན་སུམ་འཚོགས་པ་དང༌། ཆེན་པོ་ཞེས་བྱ་སྟེ། ཟག་བཅས་ཀྱིཚོར་བ་བདེ་བ་ལས་ཁྱད་དུ་འཕགས་པའི་ཕྱིར་ཏེ། སྡུག་བསྔལ་གྱི་མིང་ཙམ་མེད་པའི་ཕྱིར། ངེས་དོན་དང་སྦྱར་ན། བོན་ཉིད་དབྱིངས་ལ་སྡུག་བསྔལ་དང་བདེ་བ་ཞེས་པའི་ཐ་སྙད་མེད་པ། བདེ་སྡུག་གཉིས་ཀ་ངོ་བོའི་སྒོ་ནས་སྟོང་པ་ཉིད་ཡིན་ཀྱང༌། སྡུག་བསྔལ་ཞེས་བྱ་བ་ཡེ་གདོད་མ་ནས་མ་གོས་པའི་ཆ་ནས་བདེ་བ་ཆེན་པོར་བཏགས་པ་ཡིན་ཏེ། དཔེར་ན། སྤྲོས་བྲལ་དེ་བཞིན་ཉིད་ལ། དོན་དམ་པའི་དགེ་བར་བཤད་པ་བཞིན་ནོ། དེ་ལྟ་བུའི་བོན་གྱི་སྐུ་དེ། སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཚོགས་ལས་རྒྱལ་ཞིང༌། ཡེ་གདོད་མ་ནས་འགྲོ་བ་སེམས་ཅན་གྱི་མགོན་པོ་རུ་གྱུར་པ་དེའི་མཚན་གྱི་ཐ་སྙད་ཀྱང༌། ནམ་མཁས་ཁྱབ་ཚད་སེམས་ཅན་ཀུན་ལ། ཐུགས་རྗེ་བརྩེ་བ་དང་མཛད་པའི་ཕྲིན་ལས་བཟང་པོས་ནམ་ཡང་མི་འདོར་བའི་ཕྱིར་ན། དེ་སྐད་ཅེས་བྱ་ཞིང༌། ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པ། ཤེས་བྱའི་སྒྲིབ་པ་གསུམ་ལས་རྒྱལ་བའི་མཚན་རྟགས་འཆང་བ་ནི། ཕྱོགས་བཅུའི་བདེ་བར་གཤེགས་པ་ཡིན་ལ། དེ་དག་མ་ལུས་འདུས་པའི་ངོ་བོ་ཡིན་ཏེ། ཀུན་གྱི་སྤྲུལ་གཞི་མཐར་ཐུག་ཡིན་པའི་ཕྱིར། དེ་ཡང་སྤྲུལ་པའི་སྐུ་མཆོག་མཉམ་མེད་བླ་མ་བོན་ཅན། དཔེ་ནི་ནམ་མཁའི་ངང་ལ་ཉི་མ་ཤར་བ་བཞིན་དུ། དོན་ནི་བོན་སྐུ་སྤྲོས་དང་བྲལ་བའི་ངང་ནས། གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བྱུང་བ་ཡིན་ཏེ། རྟགས་ནི་ཐུགས་ལ་མཁྱེན་པའི་ཡེ་ཤེས་དྲུག་ཅུ་དང་ལྡན་པས། དུས་གསུམ་སྒྲིབ་མེད་དུ་མཁྱེན་པའི་ཕྱིར། རྗེ་རིན་པོ་ཆེ་ལ་དམིགས་ མེད་བོན་སྐུའི་སྒོ་ནས་བསྟོད་པར་འོས་པའི་སྒྲུབ་བྱེད་དུ། དཔེ་དོན་རྟགས་གསུམ་དེ་ལྟ་བུ་དང་སྦྱར་བའི་རིག་པ་དེ་ཉིད་འཐད་དེ། གསང་མཆོག་ཐུགས་སྤྲུལ་དམུ་རྒྱལ་ཉི་མ་རྒྱལ་མཚན་གྱི་སྙན་རྒྱུད་བསྟོད་པ་རྣམ་རྒྱལ་ཁང་བཟང་ནོར་བུའི་བང་མཛོད་ཞེས་བྱ་བ་ལས། མཉམ་བཞག་དུས་སུ་སྣང་མེད་མཁའ་ལྟར་དག ཡེང་མེད་སྣང་བ་བོན་གྱི་སྐུ་རུ་གསལ། ཞེས་དང༌། འགྱུར་མེད་དབྱིངས་ན་གནས་པའི་སྨན་རི་བ། སྐྱེ་མེད་བོན་གྱི་སྐུ་ལ་ཕྱག་འཚལ་ལོ། ཞེས་དང༌། ཐུགས་ཉིད་ནམ་མཁའ་འདྲ་བའི་སྨན་རི་བ། ཞེས་སོགས་གསུངས་པའི་ཕྱིར་རོ། གཉིས་པ་ནི། མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང༌། ཞེས་པ། སྐྱེ་མེད་བོན་སྐུའི་ངང་ལས་ལྷུན་གྲུབ་ངེས་པ་ལྔ་ལྡན་གྱི་འགག་མེད་གསུང་གི་ལྷར་བཞེངས་པ་དེ་ནི། འཁྲུལ་པ་ཡེ་ནས་མི་མངའ་སྟེ། མི་ཤེས་པའི་མུན་པ་དང༌། བརྗེད་ངས་དང་ནོར་འཁྲུལ་ལ་སོགས་པ་ཟད་པར་སྤངས་པས་སོ།།
དེ་ཡི་གཟུངས་ནི། གསུང་རབ་གྱི་ཚིག་དོན་ལ་ཐོག་ཆགས་མེད་པར་འཛིན་པར་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ།། དེ་ལ་དབྱེ་ན། ཚིག་གཟུངས་དང༌། དོན་གཟུངས་གཉིས་སོ། གཟུང་དང་འཛིན་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའོ། འདི་སྐབས་འགའ་ཞིག་གིས་གཟུང་འཛིན་ཞེས་བཤད་པ། ཅུང་ཞིག་མི་རིགས་པར་སེམས་ཏེ། གཟུང་དང་འཛིན་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། སཾ་ཀྲི་ཏའི་སྐད་དུ་དྷཱ་ར་ཞེས་པ་གཟུངས་དང་འཛིན་འཆང་བ་གསུམ་ཀའི་སྐད་དོད་ཡིན་པས་སོ། དེས་ན་ཡོན་ཏན་དེ་ལྟ་བུ་ཐུགས་རྒྱུད་ལ་ལྡན་པའོ། དེའི་མཚན་གྱི་ཐ་སྙད་ཀྱང༌། ཡུལ་དང་སྦྱར་ན། ཤེས་བྱའི་ཡུལ་འཁོར་འདས་ཀྱི་བོན་ཐ་དག་ལ་མཁྱེན་པའི་སྤྱན་རབ་ཏུ་ཡངས་པ། ཡུལ་ཅན་དང་སྦྱར་ན། ཤེས་བྱའི་བློ་གྲོས་དང་ལྡན་པ་ཀུན་གྱི་ནང་ནས་མཆོག་གམ། རབ་ཏུ་གྱུར་བ་སྨྲ་བ་ངག་གི་རང་བཞིན་ལ་དབང་བསྒྱུར་བའི་ལྷ་མཆོག་དེ་ནི། དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེའི་རི་དྭགས་ཕྲ་མོ་ཟིལ་གྱིས་གནོན་པ་བཞིན་དུ། ཕྱིར་རྒོལ་མུ་སྟེགས་ཀྱི་ཚོགས་རྣམས་ཟིལ་གྱིས་གནོན་པར་མཛད་པའི་ཕྱིར། དེ་ཡང་སྤྲུལ་པའི་སྐུ་མཆོག་མཉམ་མེད་བླ་མ་བོན་ཅན། དཔེ་ནི་ནམ་མཁའ་ལ་ཉི་མ་ཤར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་བཞིན་དུ། དོན་ནི་བོན་གྱི་སྐུ་ལས་རྫོགས་པའི་སྐུར་བཞེངས་པའམ་ཤེས་རབ་ལྷ་མཆོག་དེ་ཡི་སྐུ་དངོས་སུ་བྱོན་པ་ཡིན་ཏེ། རྟགས་ནི་གསུང་ལ་ཚངས་པའི་དབྱངས་དྲུག་ཅུ་དང་ལྡན་པས། སེམས་ཅན་གྱི་ཉོན་མོངས་པའི་མྱ་ངན་སངས་པའི་ཕྱིར། རྗེ་རིན་པོ་ཆེ་ལ་ལྷུན་གྲུབ་རྫོགས་སྐུའི་སྒོ་ནས་བསྟོད་པའི་སྒྲུབ་བྱེད་དུ་དཔེ་དོན་རྟགས་གསུམ་དང་སྦྱར་བའི་རིགས་པ་དེ་ཉིད་ཤིན་ཏུ་འཐད་དེ། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན། དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ། ཞེས་པ་ནས། གཙུག་རྒྱན་མཁན་པོ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་དང༌། ཉོན་མོངས་སངས་མཛད་གཡུ་བྱ་ཁུ་བྱུག་གསུང༌། ཞེས་གསུངས་པའི་ཕྱིར་རོ། གསུམ་པ་ནི། འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། ཞེས་པ་རྫོགས་པའི་སྐུ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྤྲུལ་པའི་རོལ་གར་ལས། གླིང་བཞི་གླིང་ཕྲན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཤིང་འཛམ་བུ་པྲིགྵི་མཚོན་པའི་གླིང་འདི་དག་དུ། སངས་རྒྱས་གཡུང་དྲུང་བོན་རིན་པོ་ཆེའི་གྲུབ་མཐར་ཞུགས་པ་ཀུན་གྱི་ནང་ནས། གཙུག་གི་ནོར་བུ་ལྟ་བུར་གྱུར་པའི་མཁས་མཆོག་འཛམ་གླིང་རྒྱན་དྲུག་གི་ཞལ་སྐྱིན་དམ་པ་དེའི། ཆེ་བའི་ཡོན་ཏན་གྱི་མཚན་ཡང༌། བཅུ་ཕྲག་རིག་གནས་འཆང་བའི་འཕགས་བོད་ལོ་པཎ་མང་དུ་བྱོན་པའི་ནང་ནས་སངས་རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་གྱི་འགྲོ་དོན་གང་ལའང་མཉམ་པའི་མཚུངས་པའི་ཟླ་མེད་པ། སྒྲིབ་མེད་ཡེ་ཤེས་ཀྱི་དབྱིངས་སུ་གཟིགས་པའི་སློབ་དཔོན་ཆེན་པོ་སྤྱན་གཅིག་པ་ཞེས་བྱ་བའོ།
དེ་ཡང་སྤྲུལ་པའི་སྐུ་མཆོག་རྗེ་རིན་པོ་ཆེ་བོན་ཅན། དཔེ་ནི་ཉི་མའི་འོད་ཀྱིས་གླིང་བཞིའི་མུན་པ་སེལ་བ་བཞིན་དུ། དོན་ནི་རྫོགས་སྐུ་སྨྲ་བའི་སེང་གེ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྤྲུལ་པ་ཡིན་ཏེ། རྟགས་ནི་སྐུ་ལ་མཚན་བཟང་པོ་དང༌། དཔེ་བྱད་གྱིས་རྒྱན་དང་ལྡན་པས། ཐམས་ཅད་ཟིལ་གྱིས་གནོན་པ་རྣམ་པར་རྒྱལ་བའི་སྐུ་ལྟ་བུ་ཡིན་པའི་ཕྱིར། རྗེ་རིན་པོ་ཆེ་ལ་ཅིར་ཡང་སྤྲུལ་སྐུའི་སྒོ་ནས་བསྟོད་པའི་སྒྲུབ་བྱེད་དུ། དཔེ་དོན་རྟགས་གསུམ་དང་སྦྱར་བའི་རིགས་པ་དེ་ཉིད་འཐད་དེ། ལུང་ལས། ཕྲིན་ལས་ཉི་ཟླ་ཉི་ཤར་འོད་ཟེར་བཞིན། ལོག་ལྟ་དུག་ལྔ་བདུད་དམག་མུན་པ་སེལ། ཞེས་དང༌། བོད་ཀྱི་ཡུལ་དུ་སྤྲུལ་པའི་སྐུ་མཆོག་མཚན། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ཞེས། སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། ཞེས་དང༌། བདུད་བཞི་ཟིལ་གནོན་རྣམ་པར་རྒྱལ་བའི་སྐུ། ཞེས་སོགས་གསུངས་པའི་ཕྱིར། བཞི་པ་ནི། ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། ཞེས་དང༌། རྗེ་རིན་པོ་ཆེ་ལ་དོན་གྱི་སླད་དུ་མཚན་གྱི་ཐ་སྙད་དུ། ཞང་ཞུང་སྐད་དུ་ས་ཏྲིག་ཝེར་ཞི། རྒྱ་གར་སྐད་དུ་པྲཇཉ་དྷ་ཛ། བོད་སྐད་དུ། ཤེས་རབ་རྒྱལ་མཚན་ཞེས་བྱ་བའི་དོན་ཡང༌། ཤེས་རབ་སྨྲ་བའི་སེང་གེ་བོན་གྱི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པའི་ཕྱིར་དུ། མི་ཡི་གཟུགས་སུ་སྤྲུལ་པས་ན་དེ་སྐད་ཅེས་བྱ་སྟེ། ལུང་ལས། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ན་འཛུགས། བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། ཞེས་གསུངས་པའི་ཕྱིར། མཁས་གྲུབ་ཆེན་པོ་དེའི་སྐུ་ཡི་སྐྱེས་འཕྲེང་རྒྱས་པ་བརྗོད་མི་ནུས་ཏེ། གྲུབ་ཐོབ་བརྒྱ་རྩ་སོགས་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེའི་ངོ་བོ་གཅིག་ཏུ་བསྡུས་པ་ཡིན་པས་སོ། མདོར་བསྡུས་ན་ལུང་རིགས་གཉིས་ཀས་གྲུབ་པ་ནི། ནང་ལྟར་སྔགས་ལུགས་སུ་བཤད་ན། ཟབ་ལམ་གྲུབ་པ་ཐོབ་པའི་རིག་འཛིན་བདུན་ཏེ། དང་པོ་གཤེན་རབ་སྨྲ་བའི་སེང་གེ། དེ་ནས་ལྷ་ཀླུ་མི་གསུམ་གསུམ་སྣང་གིས་འགྲོ་དོན་མཛད་ཀྱང༌། སྐུ་དངོས་ནི་ཀླུ་གྲུབ་ཡེ་ཤེས་སྙིང་པོ། དེ་ནས་རྟག་གཟིགས་ལི་མུར་གཙུག་ཕུད། ཞང་ཞུང་སད་ནེ་གའུ། རྒྱ་བོན་ཟིང་པ་མཐུ་ཆེན། མཁས་མཆོག་སྟོང་རྒྱུང་མཐུ་ཆེན། རྗེ་རིན་པོ་ཆེ་ཉིད་དང་བདུན་ཡིན་ཏེ། ལུང་ལས། ལྷ་རྣམས་འདུལ་ཕྱིར་སྣང་བ་མདོག་ཅན་ཞེས། ཀླུ་རྣམས་འདུལ་ཕྱིར་ཡེ་ཤེས་སྙིང་པོ་ཞེས། མི་རྣམས་འདུལ་ཕྱིར་མི་ལུས་བསམ་ལེགས་ཞེས། སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། ཞེས་དང༌། ལྔ་བརྒྱའི་ལས་ངན་མགོན་མཛད་སྤྲུལ་སྐུ་ནི། རྟག་གཟིགས་ཡུལ་དུ་མི་ལུར་གཙུག་ཕུད་ཅེས། དཀར་ནག་རྒྱ་ལ་ཟིང་པ་མཐུ་ཆེན་ཞེས། ཞང་ཞུང་ཡུལ་དུ་སད་ནེ་གའུ་ཞེས། བོད་ཀྱི་ཡུལ་དུ་སྤྲུལ་པའི་སྐུ་མཆོག་མཚན། ཞེས་དང༌། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་མ་འོངས་ལུང་བསྟན་གསལ་བྱེད་ཉི་མའི་འཁོར་ལོ་ལས། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། དབུས་རུ་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། ཞེས་སོགས་གསུངས་པའི་ཕྱིར། ཕྱི་ལྟར་མདོ་ལུགས་སུ་བཤད་ན། རྣམ་དག་འདུལ་བ་འཛིན་པའི་མཁས་མཆོག་ལྔ་སྟེ། དང་པོ་གཡུང་དྲུང་གཙུག་གཤེན་རྒྱལ་བ། ཡར་མེ་ཤེས་རབ་འོད་ཟེར། སུམ་ལྡན་གཡོར་པོ་མེ་དཔལ། འགྲོ་མགོན་བློ་གྲོས་རྒྱལ་མཚན། རྗེ་རིན་པོ་ཆེ་ཉིད་དང་ལྔའོ། དེ་སྐད་དུའང༌། ཕྱི་རབས་སྐོས་ཡིག་སྒྲོན་མེ་ལས། བླ་ཆེན་དྲན་པའི་ཞལ་ནས། ངའི་སྨོན་ལམ་བཏབ་པ་གཅིག གཡོར་པོའི་ས་ཆ་རུ། རུས་མེ་མིང་དཔལ་ཞེས་བྱ་བར་སྐྱེ། རུ་འཚམ་འགོ་བོར་བསྟན་པ་སྤེལ། དེའི་སྐྱེ་བའི་རྒྱུད་པ་གཅིག ཁོད་སྤུངས་ཕ་ཡི་བུ་ཡིན་ཟེར། གཙང་སྨད་རི་བོ་ཆེའི་མདུན། ཁོད་སྤུངས་བསྟན་པ་འཛིན་པར་གྱུར། ཞེས་དང༌། འགྲོ་མགོན་འཕྲུལ་ལྡེ་ལས། ཡང་གཡོར་པོ་ས་ཆ་རུ། མེའི་མིང་ལ་དཔལ་ཞེས་བྱ་བ་འབྱུང༌། སེམས་ཕྱོགས་གདམས་པ་འགྲོ་དོན་མཛད། འགྲོ་བ་ཐར་པ་དེ་ཡིས་འདྲེན། དེ་རྗེས་གཡོར་པོའི་ས་ཆ་རུ། འ་ཞ་རྒྱལ་བའི་མཚན་ཅན་འབྱུང༌། ཞེས་དང༌། དབྱིལ་གྱི་ལྡེ་མིག་ལས། ཕྱི་རབས་ལྔ་བརྒྱའི་དུས་ན། གཡས་རུ་དབེན་ས་ཞེས་བྱ་བར། དྲན་པའི་སྤྲུལ་པ་གཡོར་པོ་མེ་དཔལ་ཞེས་བྱ་འབྱུང༌། དེ་རྗེས་འ་ཞ་རྒྱལ་བའི་མིང་ཅན་འབྱུང༌། དྲན་པའི་བོན་ཀུན་དེ་དུས་དར། འདས་ན་གཙང་དབུས་ཁམས་གསུམ་དུ། གསུམ་དུ་སྤྲུལ་ནས་འགྲོ་བ་འདྲེན། ཞེས་སོགས་གསུངས་པ་དང༌། དེར་མ་ཟད་གཞན་ཡང་རྗེ་རིན་པོ་ཆེའི་རྣམ་ཐར་ལས། གཡས་རུ་དབེན་ས་དང༌། ཡར་འབྲོག་གི་ར་དམར་རི་རྣམས་སུ་ཕེབས་སྐབས། སྔར་གྱི་དབང་བསྐུར་བོན་བཤད་མཛད་པ་རྣམས་ས་ལེ་མ་བརྗེད་པར་གསུངས་པའི་ཕྱིར། དེ་ལྟ་བུའི་བཀའ་དྲིན་སུམ་ལྡན་གྱི་དཔལ་ལྡན་བླ་མ་དེ་ཉིད་ཀྱི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པའོ། གསུམ་པ་ནི། རྒྱལ་བ་ཀུན་གྱི་སྤྱི་གཟུགས་བླ་མ་དམ་པ་ལ་གསོལ་བ་འདེབས་པ་ལ་ཕན་ཡོན་བསམ་གྱི་མི་ཁྱབ་སྟེ། གནས་སྐབས་སུ་ཕྱི་ནང་གསང་གསུམ་གྱི་བར་ཆད་ཞི་བ་དང༌། ཚེ་བསོད་དཔལ་གྲགས་བསྟན་པ་རྣམས་དར་ཞིང་རྒྱས་པ་དང༌། བླ་མའི་བྱིན་བརླབ་སེམས་ལ་འཇུག་པས་ཉམས་རྟོགས་ཐུན་མོང་མ་ཡིན་པ་རྒྱུད་ལ་འཆར་ནས། མཐར་ཐུག་བླ་ན་མེད་པའི་གོ་འཕང་ཐོབ་པར་འགྱུར་ཏེ། ལུང་ལས། སངས་རྒྱས་སྤྱི་གཟུགས་བླ་མ་དམ་པ་དེར། གནས་སྐབས་མཐར་ཐུག་ཕན་བདེ་ཀུན་གྱི་གཞི། ཐོས་བསམ་གེགས་སེལ་བློ་གྲོས་དྲི་བའི་ཡུལ། ཉེས་པ་ཐམས་ཅད་བཅོམ་པའི་གཉེན་གཅིག་པུ། ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་བདག དགེ་ལེགས་ཡོན་ཏན་གང་གི་བཟློག་ཕྱོགས་མེད། ཞེས་གསུངས་པའི་ལུང་ལ་ཡིད་ཆེས་པར་བྱའོ།། ཞེས་རྗེ་རིན་པོ་ཆེའི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་གྱི་ཚིག་འགྲེལ་བདེ་ཆེན་ཐར་ལམ་བསྒྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ཡང༌། མཉམ་མེད་སྨན་རི་བའི་རྗེས་འབྲེང་ཡོངས་ཀྱི་ཐ་ཤལ་པ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོར་འབོད་པ་བདག་གིས། མཉམ་མེད་བླ་མའི་མཛད་པའི་ཕྲིན་ལས་ཆེ་བའི་ཡོན་ཏན་ལ་དད་པའི་སྤུ་ལོང་རབ་ཏུ་གཡོས་པའི་ལྷ་ཕྱག་ལན་བརྒྱར་བཙལ་ཏེ་བགྱིས་པ་དགེ་གྱུར་ཅིག ། བཀྲ་ཤིས་སོ།།
- ཟིན་ཐོ་གོང་མ།ངོས་ཀྱིས་འདིར་བཤད་ཡོད།
- ཟིན་ཐོ་འོག་མ།དྲི་བ་ཞིག་འདྲི།།