༄་།། །སྐྱབས་གནས་ཀུན་འདུས་ངོ་བོ་བླ་མ་རྗེ། རིགས་བརྒྱའི་དཀྱིལ་འཁོར་བདག་ཉིད་ཡི་དམ་ལྷ། མཆོག་ཐུན་དངོས་གྲུབ་སྩོལ་མཛད་མ་སྲིང་གྲོགས། རྩ་གསུམ་སྐྱབས་གནས་རྣམས་ཀྱི་ཞབས་ལ་འདུད། ཡེ་ཤེས་ལྷ་ཆེན་གཤེན་ལྷ་འོད་དཀར་ཅེས། ཡེ་སངས་གདུང་ལས་གྲོལ་བའི་གཤེན་གྱི་རྒྱུད། ཐུགས་རྗེ་ཐབས་ལས་སྤྲུལ་པའི་སྐྱེས་མཆོག་སོགས། རིམ་གྱིས་བརྒྱུད་པ་འགྲོ་བའི་དོན་དུ་བྱུང་། གང་འདུལ་མ་ངེས་ཚུལ་བསྟན་མཛད་པ་སྐྱོང་། ལྔ་བརྒྱའི་འགྲོ་ཁམས་འདྲེན་མཛད་བླ་ན་མེད། རྒྱལ་གཤེན་བླ་མ་ཡབ་སྲས་ཤིས་པ་སྩོལ། རྒྱལ་བ་གཤེན་གྱི་རྒྱུད་པ་རིམ་པར་བྱོན་པ་ལས་རེ་བཞིན་མཚན་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལངས་ཀྱང་། བདག་གི་དྲན་ཤེས་ཀྱི་ངོ་བོ་རང་འབྱུང་རིག་པའི་ཡེ་ཤེས་ལྷན་སྐྱེས་སུ་མངའ་བ་སྐྱེ་འགག་མེད་པའི་གཤིས་ཀྱི་རྩལ་ལས་བརྟེན་ནས་གང་དྲན་གྱི་མཚན་ཡི་གེར་བཀོད་པ་ལ། ༧ དམུ་གཤེན་ལྷ་ཡི་གདུང་གི་རྒྱུད་པ་ལ་། དགོངས་རྒྱུད་རིག་འཛིན་བླ་མ་རྣམ་དགུ་ཞེས། ནམ་ནཁའ་སྣང་མདོག་གཤེན་རྒྱལ་ཁྲི་ཁུག་དང་། གསལ་བ་གླིང་རྩལ་དམུ་གཤེན་རོམ་པོ་དང་། སྟག་ལ་རྒྱལ་དང་ཁྲི་སྐྱོངས་རིན་ཆེན་དང་། དམུ་རུམ་གཙུག་ཕུད་བདེ་བ་དོན་རྒྱས་དང་། ག་ཆུ་གཤེན་རྒྱལ་དགོངས་རྒྱུད་གྲུབ་ཐོབ་དགུ། ༧ དེ་འོག་གཤེན་ལ་སྔགས་ཀྱི་གྲུབ་ཐོབ་ལྔ། དགུ་སྐྱ་རོལ་པ་གྲགས་གསལ་གླིང་གྲགས་དང་། མི་འགྱུར་དོན་རྒྱས་མུ་ལེ་རྒྱལ་བ་དང་། གཤེན་རབ་རྒྱལ་སོགས་སྔགས་ཀྱི་གྲུབ་ཐོབ་ལྔ། ༧ དེ་འོག་གཤེན་ལ་རྒྱལ་མཚན་ཐོབ་པ་བརྒྱད། དམ་པ་རྒྱལ་མཚན་མི་འགྱུར་རྒྱལ་མཚན་དང་། མཆོག་ལེགས་རྒྱལ་མཚན་ཀུན་ཁྱབ་རྒྱལ་མཚན་དང་། རང་གྲོལ་རྒྱལ་མཚན་ཤེས་དཔལ་རྒྱལ་མཚན་དང་། མཆོག་དཔལ་རྒྱལ་མཚན་ཀུན་ཁྱབ་རྒྱལ་མཚན་ཞེས། ༧ དེ་འོག་གཤེན་ལ་མཁས་པ་ཆེན་པོ་བཞི། གཤེན་སྟོན་ཇོ་འཕྲེང་གཤེན་སྟོན་རིན་ཆེན་དང་། གཤེན་སྟོན་དཔལ་བཟང་གཤེན་མཁས་ཉི་དབང་ཤེས། ༧ དེ་འོག་གཤེན་ལ་གྲུབ་ཐོབ་བཅུ་གསུམ་བྱུང་། ནམ་མཁའ་ཡེ་ཤེས་རྣམ་རྒྱལ་ཀུན་ལེགས་དང་། གསལ་ཁྱབ་རྒྱལ་པོ་ཀུན་དགའ་རྒྱལ་མཚན་དང་། རྒྱལ་བ་བཟང་པོ་གཡུང་དྲུང་དཔལ་བཟང་དང་། རྣམ་རྒྱལ་མཆོག་བཟང་ཡེ་ཤེས་རྒྱལ་མཚན་དང་། ཉི་རི་ཀུན་ཁྱབ་ལྷ་རྒོད་བཟང་པོ་དང་། ཉི་མ་མཆོག་ལེགས་རྒྱལ་བ་དཔལ་ལྡན་དང་། གཤེན་སྟོན་འབྲུག་རྒྱལ་གྲུབ་ཐོབ་བཅུ་གསུམ་མོ། ༧ དེ་འོག་གཤེན་ལ་མ་ངེས་གྲུབ་ཐོབ་བརྒྱད། གཤེན་སྟོན་གཡུང་རིན་གཤེན་སྟོན་པདྨ་སྐྱབས། ཚེ་དབང་རྒྱལ་མཚན་དྲུང་མུ་ཧ་ར་དང་། རིག་འཛིན་རྒྱལ་མཚན་གཤེན་སྟོན་དགའ་སྡིང་དང་། གཤེན་སྟོན་གཡུང་དགའ་གཤེན་སྟོན་ཟླ་གྲགས་དང་། དེ་ནི་གཤེན་གྱི་གྲུབ་ཐོབ་ཆེན་པོ་བརྒྱད། ༧ དེ་འོག་གཤེན་ལ་བསྟན་པའི་རྒྱལ་མཚན་བཞི། མཆོག་ལེགས་རྣམ་རྒྱལ་ཉི་མ་རྒྱལ་མཚན་དང་། ནམ་མཁའ་རྒྱལ་མཚན་གཙུག་ཕུད་དབང་རྒྱལ་བཞི། ༧ དེ་འོག་གཤེན་གྱི་གདུང་འཛིན་རིམ་བྱོན་ནི། གཤེན་སྟོན་ཚུལ་ཁྲིམས་གཤེན་སྟོན་དཔལ་ལྡན་སྐྱབས། གཤེན་སྟོན་རིན་བཟང་ནམ་མཁའ་རྒྱལ་པོ་དང་། གྲུབ་ཐོབ་གཡུང་དྲུང་ཉི་མ་ཀུན་ཁྱབ་དང་། རིག་འཛིན་དཔལ་བཟང་རིན་ཆེན་རྣམ་རྒྱལ་དང་། ཚེ་དབང་རྒྱལ་པོ་མཚུངས་མེད་རདྣ་དང་། ས་ཏྲིག་རདྣ་གཤེན་གྱི་གདུང་འཛིན་ནོ། ༧ སྦས་པའི་ཚུལ་བསྟན་རྟུལ་ཞུགས་འཆང་བ་བཞི། བློ་གྲོས་རྒྱལ་མཚན་གཤེན་སྟོན་སྐྱབས་དགའ་དང་། དཔལ་ལྡན་བཟང་པོ་ཡེ་ཤེས་ཚུལ་ཁྲིམས་བཞི། ༧ གཤེན་སྟོན་གཡུང་རིན་གཤེན་སྟོན་མི་འགྱུར་རྒྱལ། གཤེན་སྟོན་སྐྱབས་མཆོག་འགྲོ་འདྲེན་སྟོན་སྐྱབས་དང་། གཤེན་སྟོན་གྲགས་རྒྱལ་གྲུབ་ཐོབ་བླ་མ་ལྔ། ༧ དེ་འོག་གཤེན་གྱི་རྒྱུད་པ་རིམ་བྱོན་ནི། སྔོན་དང་མ་འོངས་དག་གིས་བསྟན་པ་མེད། ཅུང་ཙམ་གསལ་བྱེད་སྨྲ་བརྗོད་རིག་པའི་རྩལ། གང་དྲན་བྲིས་འདིར་མཁས་དང་སྙན་གྲགས་དང་། རང་འདོད་ཆེ་དྲེགས་ཟོག་བསླུ་མ་ཡིན་ཏེ། མཆོག་གསུམ་བསླུ་མེད་རྒྱ་མཚོ་དཔང་བཞག་ཅིང་། རང་སེམས་མ་བཅོས་གསལ་ངར་ཏིང་འཛིན་གྱིས། དྲན་རིག་ཤེས་པ་དར་གྱིས་འདི་བཞིན་བརྗོད། དུས་གསུམ་རྒྱལ་བའི་བཀའ་སྐྱོངས་དབལ་མོ་ཆེ། སྐལ་ལྡན་ཉམས་སྐྱོངས་ཞལ་བཞེས་དམ་ལྡན་མོ། མ་ཁྱེད་མི་འབྲལ་བརྩེ་བས་བདག་སྐྱོངས་ཤིག། འདི་བྲིས་དགེ་བའི་ཕན་བདེ་ཅི་མཆིས་པ། གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པ་དང་། རྒྱལ་གཤེན་གདུང་འཛིན་སྐུ་ཚེ་བརྟན་པ་དང་། རྒྱལ་བ་གཤེན་གྱི་མཛད་པ་མངོན་གྱུར་ཅིང་། རྒྱལ་བསྟན་མེ་རོ་གསོ་བའི་རྒྱན་གྱུར་ཅིག ཅེས་དུས་མཐའི་སྔགས་འཆང་བ་ནམ་མཁའ་རང་གྲོལ་རྩལ་གྱིས་གསལ་སྣང་གང་དྲན་མ་འགག་ཡེ་ཤེས་ཀྱི་རྩལ་དང་རོལ་པར་ཕབས་པའོ།། སྤུ་རྒྱལ་བ་གཡུང་དྲུང་བསྟན་འཛིན་གྱིས་ཡི་གེར་ཕབས་པའོ།།
- ཟིན་ཐོ་གོང་མ།དམུ་གཤེན་གདུང་རབས་སྙན་རྒྱུད།
- ཟིན་ཐོ་འོག་མ།ངོས་ཀྱིས་འདིར་བཤད་ཡོད།