དམུ་གཤེན་ལྷ་ཡི་གདུང་རབས་སྙན་རྒྱུད་ལུང་གི་ཤོག་བྱང་བཞུགས་སོ།
ཨཱ། ཨ་ཀུན་ཁྱབ་གཞི་ཡི་རིག་པ་སྟོང་ཆེན་ཀློང་། འཁོར་འདས་གཉིས་མེད་བྱང་ཆུབ་སེམས་ཀྱི་རྩལ། ངོ་བོ་སྟོང་པ་དཔེ་མེད་བརྗོད་ལས་འདས། རང་བཞིན་གསལ་བ་སྣང་ཚད་དངོས་མེད་གཤིས། གཉིས་མེད་འགྱུ་བ་སྒྱུ་འཕྲུལ་དབྱིངས་སུ་ཡལ། འཁོར་འདས་གཉིས་སྣང་རིག་པའི་རྩལ་ལས་རྫོགས། རང་བཞིན་མཐོང་དང་བྲལ་བའི་ངོ་བོ་ལ། བལྟས་པའི་བལྟ་མེད་སྟོང་པའི་རང་བཞིན་དུ། འདི་ལྟར་སྣང་ཞིང་སྲིད་པའི་བོན་རྣམས་ཀུན། ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་པ། སེམས་ཉིད་མཉམ་ཉིད་དོན་ལ་ཕྱམ་མེར་བཞག གསལ་སྟོང་བརྡ་ཡི་ཨ་ཡིག་དཀར་པོ་ལས། དྷ་ཀི་དཀར་མོ་དར་གྱི་ན་བཟའ་ཅན། གཡས་པས་གྲི་ཁུག་གཡོབ་པས་མེ་ལོང་འཛིན། ཡུམ་གྱི་ཞལ་ནས་བདག་ལ་འདི་སྐད་གསུངས།
ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད། འཆི་མེད་ཡབ་སྲས་བསྟན་པའི་བདག་པོ་སྟེ། མ་སྲིང་མཁའ་འགྲོས་མ་དང་བུ་བཞིན་བརྩེ། གཉིས་སྣང་རེ་དོགས་བཟང་ངན་འཛིན་པ་སྤངས། ཁྱོད་ཉིད་བདེན་པ་མ་སྲིང་མཁའ་འགྲོས་གསུངས། ཐེ་ཚོམ་བཅོས་སླད་མེད་པའི་མེད་པའི་ཉམས་མྱོང་སྐྱོངས། ཁྱོད་ཀྱི་རིག་པ་གསལ་སྟོང་སྐྱེ་འགག་མེད། བོན་གྱི་སྐུ་ལས་གཉིས་སུ་ཡོད་མ་ཡིན། གང་ཤར་དྲན་རྒྱུན་གཉུག་མའི་རྩལ་ཤར་ལ། རེ་དོགས་ཐེ་ཚོམ་བཅོས་སླད་མེད་པའི་ངང་། སྤོབས་པ་མ་ཆུང་བརྟུལ་ཞུགས་ཉམས་དེ་སྐྱོངས་།
བདག་གིས་ཡུམ་ཆེན་མཁའ་འགྲོར་འདི་སྐད་ཞུས། པུས་བཙུགས་ཐལ་སྦྱར་སྒོ་གསུམ་དད་པ་ཡིས། མ་གཅིག་ཡུམ་ཆེན་སྐྱེ་མེད་མཁའ་འགྲོ་མ། ཡེ་ཤེས་དབྱིངས་ནས་འགག་མེད་ལུང་སྟོན་མ། སྲིད་གསུམ་ཀུན་ལས་རྒྱལ་བའི་རྒྱལ་མོ་ཡིས། ཐུགས་རྗེས་འདོར་མེད་ཡེ་ཤེས་སྤྱན་གྱིས་གཟིགས། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ། བཀའ་ཡི་ལོ་རྒྱུས་གཤེན་གྱི་གདུང་རབས་དང་། ངེས་པའི་ཐོ་ཡིག་ཉམས་ཀྱི་གདམས་ངག་སོགས། ཡུམ་ཆེན་ཁྱེད་ཀྱིས་བདག་ལ་གསུངས་དུ་གསོལ།
ཞེས་ཞུས་ཡུམ་གྱི་ཞལ་ནས་འདི་སྐད་གསུངས། རྒྱལ་བ་གཤེན་གྱི་གདུང་རབས་ལོ་རྒྱུས་ནི། སྲིད་པ་ཡེ་སངས་བརྒྱད་ཀྱི་ཞིང་ཁམས་ན། གཤེན་ལྷ་འོད་དཀར་ཐུགས་རྗེས་དོན་ལ་དགོངས། ཚད་མེད་འོད་གསལ་སྐྱེ་འགག་མེད་པར་གནས། ཐུགས་སྲས་ཡེ་གཤེན་སྲས་ཆེན་རིགས་བཞི་དང་། གཤེན་ལྷ་ཉིད་ཀྱི་གདུང་གི་རྒྱུད་པ་ལས། ལྷ་རབས་བདུན་གྱི་སྤྲུལ་པ་རྒྱུད་མི་འཆད། ཞེས་གསུངས་འོད་གསལ་རིག་པའི་ཀློང་ཆེན་ནས། དམུ་ཕྱ་གསས་གསུམ་གདུང་གྱི་རྒྱུད་པ་བྱུང་། འོལ་མོ་ལུང་རིང་རྒྱལ་བའི་ཞིང་མཆོག་ན། དམུ་རིགས་གཤེན་ལྷའི་གདུང་རྒྱུད་རྒྱུན་མ་ཆད། དམུ་རྒྱལ་ཐོད་དཀར་ཡོ་ཕྱི་རྒྱལ་བཞད་མའི། ཐབས་ཤེས་སྲས་འཁྲུངས་རྣམ་མཁྱེན་གཤེན་རབ་མཆོག གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས། གནམ་ནས་མས་བབས་དམུ་གཤེན་གདུང་ལས་འཁྲུངས། བཅུ་གཉིས་དྲུག་ཅུའི་མཛད་པ་མཐར་ཕྱིན་རྫོགས། མ་འོངས་དོན་བྱེད་སྐུ་སྲས་ཁྱེའུ་ཆུང་བརྒྱད། གཤེན་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་ཞེས། དམུ་རིགས་གཤེན་གྱི་གདུང་འཛིན་དམ་པའི་མཆོག རྒྱ་གླིང་ཨེ་མན་ཡུལ་གྱི་གནས་མཆོག་ན། རྒྱ་བཟའ་བདེ་བ་ཐང་མོ་ཁབ་ཏུ་བཞེས། སྐུ་ལ་སྤྲུལ་པའི་སྲས་གཉིས་འཁྲུངས་པ་ནི། གཤེན་སྲས་འོད་པུ་ཐང་རྒྱལ་ཞེས་པ་དང་། གཤེན་སྲས་ཡང་ཁྲི་ཡང་རྒྱལ་ཞེས་སུ་གྲགས། འོད་པུ་ཐང་རྒྱལ་གསང་སྔགས་བོན་ལ་གནས། བྲམ་ཟེ་འདན་མ་མདོག་ལྡན་ཁབ་དུ་བཞེས། སྲས་པོ་ཆེ་ཆུང་ལྕམ་དྲལ་གསུམ་དུ་བལྟམས། དམུ་གཤེན་འོད་ཁྱབ་དར་ཁྱབ་གསལ་མ་ཁྱབ། དེ་གསུམ་ཐར་གླིང་ཡུལ་ཀྱི་འགྲོ་བ་འདུལ། སྔགས་དང་རྒྱུད་སྡེ་རིག་པའི་བོན་ལ་མཁས། གྲུབ་པ་མངའ་བརྙེས་འོད་གསལ་གདུང་ལས་གྲོལ། ཆུང་བའི་རྒྱུད་ལས་ཞང་ཞུང་ཡུལ་དུ་ནི། རྒྱལ་པོ་བྱ་རུ་ཅན་གྱི་རྒྱུད་པ་སྟེ། ཞང་བཟའ་ཐང་མ་ཐང་རྒྱན་ཞེས་པ་དེ། ཁབ་ཏུ་བཞེས་ཤིང་སྲས་རྒྱུད་གསུམ་དུ་གྲོལ། ཞང་ཞུང་ཡུལ་དུ་དམུ་གཤེན་གདུང་རབས་བྱུང་། དེ་སྲས་དམུ་གཤེན་རྒྱུང་ནམ་ཁ་ཡར་དང་། དེ་སྲས་དམུ་གཤེན་རྒྱུང་ནེ་རོལ་པ་དང་། དེ་སྲས་དམུ་གཤེན་རྒྱུང་ཡར་ཁོད་རམ་དང་། དེ་སྲས་དམུ་གཤེན་རྒྱུང་ཡར་མུ་ཁོད་སོགས།རིམ་གྱིས་གྲོལ་ནས་ཞང་ཞུང་ཡུལ་དུ་བྱུང་། དེ་སྲས་དམུ་གཤེན་དྲན་པ་ནམ་མཁའ་དང་། དེ་ན་འགྲོ་འདུལ་སྐུ་ཡི་སྲས་གཉིས་ནི། ཚེ་དབང་རིག་འཛིན་པདྨ་དོན་གསལ་བྱུང་། དེ་ཡི་ཐུགས་རྗེས་འགྲོ་ལ་རྟག་དགོངས་ཏེ། ཐུགས་རྗེའི་འོད་ལས་སྤྲུལ་པའི་སྲས་གཅིག་བལྟམས། ཞང་ཞུང་གྲོང་ཁྱེར་ཁྲི་སྡེའི་གླིང་ཚལ་ན། དམུ་རིགས་གཤེན་ལ་རྒྱུང་ཡར་འོད་སྤུངས་ཞེས། དེ་སྲས་རྒྱུད་པ་ཟམ་མི་ཆད་པར་བྱུང་། རྒྱུད་སྡེ་བོན་ལ་མཁས་པའི་གཤེན་བརྒྱད་དང་། ཟབ་དོན་སྔགས་ཀྱི་གྲུབ་ཐོབ་ལྔ་རུ་བྱུང་། སྔགས་གྲུབ་ཆེན་པོ་དམུ་གཤེན་ཁ་པོ་ལས། རྒུ་སྐྱ་རོལ་པ་གྲགས་གསལ་ཞེས་གསུམ་བྱུང་། སྦས་པའི་ཚུལ་གྱིས་གཤེན་གྱི་གདུང་རབས་འཛིན། གང་འདུལ་སྤྲུལ་པས་མི་མིན་དབང་དུ་བསྡུས། རྐུ་སྐྱའི་སྲས་སུ་གཤེན་སྲས་རྒྱལ་བ་དང་། དེ་ཡི་སྲས་སུ་གཤེན་རྒྱལ་ནམ་མཁའ་གྲགས། དེ་སྲས་དམུ་གཤེན་དྲུང་མུ་གསལ་བ་དང་། དེ་སྲས་དམུ་གཤེན་བློ་གྲོས་ཉི་མ་ཞེས། དེ་ནས་དམུ་གཤེན་བློ་གྲོས་ཉི་མ་ཡིས། ཐབས་མཁས་ཐུགས་རྗེ་འགྲོ་ལ་རྟག་དགོངས་ནས། གང་འདུལ་སྤྲུལ་པ་བོད་ཡུལ་རུ་བཞིར་བྱུང་། བོད་ཡུལ་དབུས་ཀྱི་གངས་གཉན་ཏི་སེ་ཡི། བྱང་ཕྱོགས་གྲོང་ཁྱེར་ཆེན་པོའི་གླིང་དབུས་ན། ཞང་ཞུང་རྒྱལ་གྱི་རྒྱུད་ལས་གྲོལ་བ་དང་། མོན་བཟའ་ལྷ་མོ་ལྡན་མ་ཁབ་ཏུ་བཞེས། དེ་ལས་སྐུ་སྲས་ཆེ་ཆུང་གཉིས་སུ་གྲོལ། དམུ་གཤེན་རྒྱལ་བ་བཟང་པོ་ཞེས་སུ་གྲགས། དེ་སྲས་དམུ་གཤེན་ཚེ་དབང་བརྟན་རྒྱལ་དང་། དེ་སྲས་དམུ་གཤེན་བོན་པོ་རྣམ་གསུམ་ཞེས། ལྷ་རྒོད་གྲགས་དང་གཡུང་དྲུང་སྙིང་པོ་དང་། གཤེན་དཔལ་བཟང་པོ་ཞེས་སུ་བྱུང་བ་ཡི། རྒྱུད་ལས་གཤེན་རྒུར་གཏེར་སྟོན་རྣམ་གསུམ་དང་། གཞན་ཡང་གཤེན་གྱི་རྒྱུད་པ་རིམ་གྱིས་བྱུང་། གཤེན་རྒུར་རྒྱུད་པ་གཤེན་རྒོད་ལྷ་འབུམ་གྱི། རྒྱུད་ལས་གཤེན་མཁས་གྲགས་པ་བཟང་པོ་དང་། དེ་སྲས་གཤེན་སྲས་ཚེ་དབང་མཆོག་ལེགས་དང་། ནམ་མཁའ་རྒྱལ་པོ་རྣམ་གྲོལ་རྒྱལ་བ་སོགས། གཞན་ཡང་གཤེན་གྱི་གདུང་གྱི་རྒྱུད་པ་ལས། སྟོད་སྨད་བར་གསུམ་དབུས་གཙང་རུ་བཞི་ན། མ་ངེས་འགྲོ་འདུལ་རྒྱུད་པ་གསུམ་ཆད་ཀྱང་། ད་ལྟའི་དམུ་གཤེན་གདུང་གི་རྒྱུད་པ་ལས། མཁས་པ་ལྔ་དང་སྤྲུལ་པའི་སྐྱེས་མཆོག་ལྔ། སྦས་པའི་རྣམ་གྲོལ་རིག་འཛིན་བཅུ་གསུམ་སོགས།
རིམ་གྱིས་བརྒྱུད་པ་གཤེན་གྱི་གདུང་འདི་ཡིན། གཞན་ཡང་གཤེན་གྱི་གདུང་རབས་ལོ་རྒྱུས་ནི། ཀོང་ཡུལ་ཤར་ཕྱོགས་ཕ་བོང་གཡུང་དྲུང་རིས། ཟབ་མོ་གཏེར་ལ་ཨ་ཡིག་བརྒྱན་པ་ཡོད། མ་འོངས་དུས་སུ་རྟེན་འབྲེལ་གཏེར་སྒོ་ཕྱེ། རྒྱུད་ཁུངས་ལུང་དང་ཡོན་ཏན་ཆེ་བ་སོགས། དུས་མཐའི་བར་དུ་འགྲོ་དོན་རྒྱུན་མི་འཆད། དམ་མེད་ལོག་ལྟ་ཁ་མཁས་སྤྱོད་པ་འཆལ། ང་མིན་ང་འདྲ་བོན་མིན་བོན་འདྲ་བ། དེ་འདྲས་བསྟན་ལ་འཁུ་བའི་བར་ཆད་གཏོང་། མ་གཅིག་སྲིད་རྒྱལ་ཐུགས་རྗེའི་སྟོབས་ལས་སུ། སྟོང་རྒྱུང་མཐུ་ཆེན་མི་ཡི་གཟུགས་བསྟན་པ། གཤེན་གྱི་གདུང་ལས་བསྟན་པའི་མཚན་ཅན་འཁྲུང་། གཤེན་རྒྱལ་གདུང་རབས་བསྟན་པ་མཐའ་ནས་རྒྱལ། ལོག་ཕྱོགས་དམུ་རྒོད་འཁུ་བའི་བར་ཆད་ཀུན། རང་བཞིན་གཞོམས་ཏེ་གཤེན་གྱི་བསྟན་པ་ནི། དུ་མེད་མེ་བཞིན་ཡོངས་སུ་རྒྱས་པར་འགྱུར། རྒྱལ་གཤེན་གདུང་རྒྱུད་འོད་གསལ་ལྷ་ལས་གྲོལ། གང་མཇལ་ངན་སོང་གསུམ་གྱི་སྐྱེ་སྒོ་འགེག མ་མཇལ་གསོལ་བཏབ་མཐའ་འཁོབ་ཡུལ་མི་སྐྱེ། མཁའ་འགྲོས་ཐུགས་བརྩེ་སྙིགས་བུ་གསང་བ་རྩལ། མ་སྲིང་མཁའ་འགྲོའི་བརྡ་ངོར་ལུང་བསྟན་པ། གསང་རྒྱ་ཐུབ་ཅིང་ཐུགས་ཀྱི་དཀྱིལ་དུ་ཆོངས། ལས་སྐལ་སྟེན་འབྲེལ་བསྟན་པ་ཕྱོགས་ཀུན་རྒྱས། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ། མཐའ་དབུས་ཕྱོགས་བཞིར་གདུལ་བྱའི་ཀ་ཆེན་འཛུགས། ཞང་བོད་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱིས། སྤྲུལ་པའི་བསྟན་འཛིན་སྐྱེས་མཆོག་རྒྱུན་མི་འཆད། བརྡ་ངོར་ལུང་ཚིག་ངེས་པའི་ཤོག་བྱང་འདི། བཀའ་སྐྱོངས་བསྟན་སྲུང་ཡེ་ཤེས་དབལ་མོ་ཡིས། བདེན་པ་ཆེན་པོས་བཀའ་རྒྱས་ཐུབ་པར་སྲུངས། ཞེས་གསུངས་ཡེ་ཤེས་ཡུམ་ཆེན་མཁའ་ལ་ཡལ། བདག་གི་སེམས་རིག་གནས་པ་འགྱུ་བ་གསུམ། དངོས་འཛིན་མཐའ་བྲལ་མཉམ་པ་ཉིད་དུ་བཞག རེ་དོགས་དགའ་སྡུག་བཟང་ངན་རྩིས་གདབ་ཟད། ཐོལ་ཤར་ལུང་གི་ཚིག་ནི་འགག་མེད་སྨོན། བླ་མ་ཡི་དམ་རིག་འཛིན་མཁའ་འགྲོ་དང་། ཁྱད་པར་བཀའ་སྐྱོངས་ཡེ་ཤེས་དབལ་མོ་ཡིས། བདེན་པ་ཆེན་པོས་སྡོང་དང་གྲོགས་མཛོད་ཅིག བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་ཤོག དམ་མེད་ལོག་ལྟ་མི་བདེན་རྫུས་ཁ་སྟོན། དམ་ཅན་དབལ་མོས་བཀའ་ཡི་ཆད་པ་ཆོད། ཡེ་ཤེས་དབལ་མོས་བརྡ་དངོས་ལུང་གིས་བཏབ། ཕྱི་ནང་གསང་གསུམ་བོན་གྱི་གཏེར་བདག་ཡུམ། མ་གཅིག་ཁྱེད་ཀྱིས་བསྟན་པའི་གྲོགས་མཛོད་ཅིག ས་མ་ཡ། རྒྱ་རྒྱ་རྒྱ། བཀྲ་ཤིས།
ཅེས་ཞིག་པོ་ཤེལ་གྱི་གདུང་ལ་དལ་རྟེན་རྙེད་པ་དུས་མཐའི་སྔགས་འཆང་བ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོའི་གསང་མཚན་ནམ་མཁའ་རང་གྲོལ་རྩལ་ཞེས་འབོད་པ་དེ་ཉིད་ལ་མ་སྲིང་མཁའ་འགྲོའི་ལུང་གིས་གནང་བ་ཐོབ་ཅིང་༧སྐྱབས་རྗེ་༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གི་བཀའ་གསུང་སྤྱི་བོར་ཕེབས་པས་ལྷ་ལྡན་ཉི་མའི་གྲོང་ཁྱེར་དམུ་གཤེན་བླ་བྲང་དུ་རབ་བྱུང་བཅུ་བདུན་ལྕགས་སྟག་ལོར་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་སྐལ་བཟང་དུས་སྦྱོར་བཟང་པོའི་ཉིན་ཐོལ་ཤར་དུ་ཕབས་པའོ།། སྤུ་རྒྱལ་བ་གཡུང་དྲུང་བསྟན་འཛིན་གྱིས་ཡི་གེར་བཀོད་པའོ།
- ཟིན་ཐོ་གོང་མ།བདག་གི་རང་གནས་གཉིས་པ།
- ཟིན་ཐོ་འོག་མ།གཤེན་གྱི་གདུང་རབས་སྙན་རྒྱུད།