ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
བདག་གི་རང་གནས་གཉིས་པ།
ཀ་བ་མེད་པས་བདེ་ཞིང་རྒྱ་ཁྱོན་ཡངས།
ཁ་ཆར་བུ་ཡུག་ནང་དུ་མི་འོང་ལ།
ག་ནས་བལྟས་ཀྱང་གཙང་ཞིང་དྲོད་སྐྱིད་ལྡན།
ང་ཡི་སྤྱིལ་ཆུང་གྲུ་བཞི་བདེ་བའི་གནས།
ཅ་དངོས་འཇིག་རྟེན་ནོར་རྫས་མོད་མིན་ཡང་།
ཆ་རྐྱེན་ཉེར་མཁོའི་ཡོ་བྱད་མི་ཉུང་ཞིང་།
ཇ་ཧོང་མདངས་ལྡན་གདན་དང་ན་བཟའ་སོགས།
ཉ་ར་བདག་འཛིན་མེད་ཀྱང་རྐུ་འཕྲོག་དབེན།
ཏ་གུ་དངོས་གྲུབ་འབྱུང་བའི་ནོར་བུ་སྟེ།
ཐ་སྙད་ཚིག་གིས་བརྗོད་པར་མི་ནུས་པའི།
ད་བཞུགས་སྔར་བྱོན་སྲས་བཅས་རྒྱལ་བའི་གསུང་།
ན་འཆིའི་སྡུག་བསྔལ་སྐྱོབས་པའི་མགོན་དུ་བཞུགས།
པ་ཊུ་མཁས་པའི་ལེགས་བཤད་གླེགས་བམ་དང་།
ཕ་རྒོད་བླ་མའི་གདམས་ངག་ཟབ་མོ་སོགས།
བ་སོ་ལྟར་དཀར་དྲི་མེད་བཀའ་ལུང་དག
མ་ལུས་རབ་གསལ་མཛོད་དུ་ཕྱུར་བུར་བལྟམས།
ཙ་རི་དང་མཚུངས་ཚ་བའི་ལུང་པ་འདིར།
ཚ་དམྱལ་ལྟ་བུའི་དཀའ་ཚེགས་མི་བཟོད་པ།
ཛ་ཊི་ཙམ་ཡང་མི་འབྱུང་སྤྱིར་ཆུང་འདི།
ཝ་ལེར་བསམ་ན་བདེ་བའི་ཁང་བཟང་ཉིད།
ཞྭ་གོས་ལྷམ་སོགས་ཧ་ཅང་མཐུག་པོ་དང་།
ཟ་འོག་གོས་ཆེན་རིགས་དག་འཛོམས་མིན་ཡང་།
འ་འུར་སློབ་ལ་བརྩོན་པའི་ཆ་རྐྱེན་ཀུན།
ཡ་མཚན་ཤག་ཆུང་འདི་ན་ངེས་པར་ཚང་།
ར་མ་ན་སོགས་རྒྱལ་པོའི་ཕོ་བྲང་དང་།
ལྭ་བ་ཅན་གྱི་ཕྱུག་པོའིི་ཁང་བཟང་དང་།
ཤ་ཟན་སྲིན་རྫོང་ལྟ་བུའི་གནས་མལ་ལས།
ས་མཐའི་གྲྭ་རྐྱང་ཞིག་ལ་འདི་འདྲར་འཚམས།
ཧ་ཅང་བཟང་བས་འཕྲག་དོག་མི་སྐྱེ་ཞིང་།
ཧ་ཅང་ངན་པས་འཕྱ་ཁྲེལ་མི་འབྱུང་བའི།
ཨ་ལགས་བླ་མས་གནང་བའི་ཤག་ཆུང་འདི།
ཨ་རོགས་ཁམས་ཕྲུག་བདག་གི་རང་གནས་ཡིན།།
ཞེས་བརྡ་སྤྲོད་བཏགས་མིང་དུ་ཧོས་ཕྱྭ་སྲས་དགྱེས་པའི་ཟླ་གཞོན་དུ་འབོད་པས་ཕྱི་ལོ་༢༠༡༠། ཟླ་༦། ཚེས་ཤར་ལ་རང་སྤྱིལ་ཡེ་མཁྱེན་རིགས་ལྔ་དགྱེས་པའི་དགའ་ཚལ་དུ་ཤར་མར་བྲིས་པ་ཐ་ཚན་མུ་ཙུག་སྨར་རོ།།
- ཟིན་ཐོ་གོང་མ།མི་རིགས་འདི།
- ཟིན་ཐོ་འོག་མ།དམུ་གཤེན་གདུང་རབས་སྙན་རྒྱུད།