ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

ཐེག་ཆེན་རང་བྱུང་སྤྱོད་པའི་མགུར།།
[ 2011/10/7 19:01:00 | By: ཀུ་ས་ལི། ]
 

སྨིན་གྲོལ་གྱི་དགའ་སྟོན་དུ་ལམ་གདམས་པ་ཟབ་མོའི་ཉམས་ལེན་དང་ཐེན་ཆེན་རང་འབྱུང་སྤྱོད་པའི་མགུར།

སྤ་སྟོན་ཆེན་པོ་སུརྱ་ཁ་རི།

 

༄༅་།། དགྲ་བཅོམ་པའི་འབྲས་ཐོབ་སངས་རྒྱས་སྟོང༌། དོན་ཕྱི་ནང་ཡོན་ཏན་གཅིག་བསྡུས་པ། རིག་འཛིན་མཆོག་སྙ་ཆེན་མངོན་རོལ་གར། རྗེ་གྲུ་དབང་བསྟན་འཛིན་རིན་ཆེན་ལ། སྤྲང་ང་ཡིས་སྒོ་གསུམ་གསོལ་འདེབས་ནས། དོན་རྫོགས་ཆེན་དམར་ཁྲིད་བདག་རྟོགས་མཛོད། དུས་རྣམ་ཀུན་ཞི་བར་གནས་བཞུགས་པའི། ཐུགས་བསྟན་པའི་མདོ་འཛིན་གསུང་གི་སྲས། རྒྱལ་ཀུན་དབང་ནམ་མཁའ་སྒྲོན་གསལ་གྱིས། སྙིགས་སྔ་དུས་འགྲོ་བའི་རྗེས་ཆགས་གར། ཕ་བླ་མ་ཝེར་ཞི་ཉི་རི་ལ། བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། གཤེན་མཆོག་གྱུར་རྣམ་པར་རབ་རྒྱལ་བའི། ཐུགས་མངོན་པར་རོལ་གར་བླ་ཆེན་པོ། སྐྱེ་འཆི་བའི་འདོར་ལེན་རྟེན་བྲལ་གཤེན། མཆོག་རིག་འཛིན་གང་དེའི་གཉིས་སྣང་གར། དྲིན་འཁོར་མེད་རབ་སྐྱོང་མེ་ཡི་སྟོན། ཕ་གུ་རུ་སུརྱ་དྷྭ་ཛ་ལ། བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། སྐྱབས་བསླུ་མེད་ཚོགས་ལ་གསོལ་བཏབ་མཐུས། བོན་སྤྱོད་མཐུན་མཆེད་གྲོགས་དམ་ལྡན་དང༌། ཡིད་དད་ལྡན་མཚུངས་བྲལ་སློབ་མ་དང༌། རྒྱུ་ཟས་དྲིན་འཁོར་མེད་ཡོན་བདག་སོགས། དོན་དགེ་སྒྲུབ་སྡིག་སྤང་བློ་ཉེར་མཁན། ཀུན་ཕན་སེམས་བརྩེ་བའི་མགུར་འདི་ཞུ། དུས་སྙིགས་མའི་སྤ་སྤྲང་ཉི་འབུམ་ངས། ཆུང་བྱིས་སྦའི་དུས་ནས་སྔོན་བསགས་ཀྱི། ལས་འཕྲོ་བཟང་སྟོབས་ཀྱིས་བོན་དང་འཕྲད། རྒྱུ་འབྲས་གཉིས་བོན་ལ་ངེས་ཤེས་སྨིན། སྒོ་གསུམ་གྱི་དགེ་སྦྱོར་གོང་འཕེལ་བསྒྲུབས། ཕ་དྲིན་ཅན་འགྲོ་འདྲེན་མང་པོ་ཡི། བཀའ་ཟབ་མོའི་དབང་ལུང་གདམས་པ་ཐོབ། དྲིན་ལྷག་ཏུ་སྐྱོང་བའི་རྗེ་གཅིག་པོ། རྒྱལ་འཕགས་གྲུབ་དུ་མའི་སྙིང་ནོར་བ། ཞུ་བླ་མ་ཉི་རི་མཚན་ཅན་དེས། སེམས་གནས་ལུགས་དམར་ཁྲིད་མཛུབ་ཚུགས་མཛད། རང་ཉམས་ལེན་བརྩོན་པའི་སྟོབས་མིན་ཏེ། རྗེ་བླ་མའི་བྱིན་མཐུས་རྟོགས་པའི་ཉམས། ཚེས་ཡར་ངོའི་ཟླ་བཞིན་གོང་འཕེལ་སོང༌། ས་སྟེང་ནས་འགྲན་བྲལ་རིན་པོ་ཆེ། མཆོག་གྲུབ་ཆེན་མེ་སྟོན་ཉི་རྒྱལ་དེ། ལས་སྨོན་བཟང་སྟོབས་ཀྱིས་དངོས་ཞལ་མཇལ། གནད་ཉེ་ལམ་རྩ་ཐིག་རླུང་གསུམ་སོགས། དོན་གདམས་པ་གང་ཟབ་དུ་མར་ཐོབ། བསྟན་འགྲོ་བའི་དོན་དགོངས་ཟབ་གསང་ལུང༌། དུས་ལན་གཅིག་མ་ཡིན་ཡང་ཡང་བརྩལ། དུས་སྙིགས་མའི་འགྲོ་ལ་ཕན་པའི་རྒྱུ། སྤྲང་ང་ལྟར་ཡིན་པ་གང་རུང་སྟེ། རྗེ་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། དོན་གཞན་ཕན་སེམས་མཆོག་རབ་བསྐྱེད་ནས། གནད་གདམས་པ་ཟབ་མོའི་ཉམས་མགུར་ཞུ། ཕ་བླ་མ་བསྟན་པའི་བསམ་པ་ནི། དོན་བྱ་བ་ཀུན་གྱི་སྔོན་དུ་འགྲོ། ཞེས་གསུངས་ལྟར་བྱང་ཆུབ་སྒྲུབ་ཐབས་ཀྱི། གནད་རྩ་བ་གདམས་པ་ཟབ་མོར་རག གདམས་ངག་གི་རྩ་བ་བླ་མར་རག དོན་དེ་ཕྱིར་སྐྱེས་ཆེན་མང་པོ་ཡི། ཞལ་མཇལ་ཞིང་ཐུགས་དམ་གང་ཟབ་ཞུས། ལྷག་དམ་པ་དེ་ལ་བསྟེན་པར་བྱ། ལས་ཕྱི་ནང་གསང་གསུམ་སྒོ་ནས་ཀྱང༌། ཐུགས་འགལ་མེད་ཉེ་བར་རབ་བཟུང་ནས། རྒྱུད་སྨིན་བྱེད་དབང་དང་གྲོལ་གདམས་སོགས། བོན་ཕྱི་ནང་གསང་གསུམ་ངོམས་མེད་ཞུས། སྐུའི་དྲིན་དུ་གཏང་རག་འབྱོར་ཚད་ཕུལ། རྗེ་སློབ་དཔོན་ལྷ་ཡི་བཀའ་བྱུང་ནས། ཤི་དམྱལ་བའི་ཡུལ་དུ་སྤྱུགས་ཀྱང་བཟོད། ལུང་དེ་བཞིན་བཟང་ངན་གང་བསྩལ་བཀའ། མྱུར་ལྡོག་མེད་ཐུགས་འགལ་མེད་པར་བསྒྲུབས། ལུས་གུས་ཕྱག་བསྐོར་དང་སྤྱི་བོར་བཀུར། ངག་སྒྲོ་བསྐུར་མེད་པར་ཡོན་ཏན་བརྗོད། ཡིད་ཐེ་ཚོམ་མེད་པར་དག་སྣང་སྦྱངས། སྐྱོན་ཆར་ཡོད་སྲིད་ན་ཡོན་ཏན་བསྒོམ། ཕ་བླ་མ་མེད་པའི་གོང་རོལ་ན། ལྷ་སངས་རྒྱས་བྱ་བའི་མིང་མ་གྲུབ། གཞན་ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། སྐྱབས་བླ་མ་ལན་གཅིག་བསྒོམ་པ་བཟང༌། དུས་གསུམ་གྱི་བདེར་གཤེགས་མཆོད་པ་བས། ཕ་བླ་མའི་བ་སྤུ་ཁུར་མཆོད་མཆོག། ཞེས་གསུངས་པའི་ལུང་ན་བསྒྲུབ་ན་ལེགས། སྤྱིར་བོན་སྐུས་བླ་མ་མ་བསྟེན་ཏེ། ལས་འགྲོ་དོན་མ་མཛད་ཆད་མཐར་གོལ། ལོངས་རྫོགས་སྐུས་འགྲོ་བ་རང་མཐུན་དུ། སྐུར་མི་བསྟན་དུལ་བྱས་ཞལ་མི་འཚོ། རང་མཐུན་སྤྲུལ་འདས་ཚུལ་མ་བསྟན་ན། འགྲོ་འདུལ་བྱེད་སྤྲུལ་སྐུ་རྟག་མཐར་གོལ། བཀའ་རྒྱུད་ལུང་མན་ངག་མཐའ་ཡས་ཀྱང༌། དོན་བླ་མས་མ་གསུངས་བོན་ཉིད་ཀྱི། གསུང་རང་སྒྲ་སྒྲོག་པའི་ཐབས་མ་མཆིས། བོན་གཡུང་དྲུང་བསྟན་པའི་གྲུབ་མཐའ་ལས། འགྲོ་རང་མཐུན་འདུལ་ཐབས་གྲངས་མང་སྟེ། རྗེ་བླ་མ་མ་ཡིན་འཛིན་སྤེལ་དཀའ། སྐྱབས་བླ་མ་མ་སྲི་གོང་རོལ་ན། རྒྱུ་མ་རིག་འཁོར་བའི་སེམསཅན་རྣམས། ཡང་དག་པའི་སངས་རྒྱས་ཐོབ་དུས་ཟད། དོན་དེའི་ཕྱིར་རྩ་བརྒྱུད་བླ་མ་ལ། དུས་ཉིན་མཚན་འཁོར་མེད་དྲན་བཞིན་འདུད། ཕྱི་འདུལ་ཁྲིམས་སྡོམ་པ་ཕོག་པ་ཡི། ནང་དབང་གཞི་ཟབ་མོ་བསྐུར་བ་ཡིས། གསང་སེམས་ཉིད་གནས་ལུགས་ངོས་སྤྲད་ཀྱི། ཕ་དྲིན་ཅན་བླ་མ་རྣམ་པ་གསུམ། རང་མིག་སྙིང་སྲོག་བས་དམར་བ་གཅེས། ཡང་ཉོན་དང་གསོན་ཅིག་སློབ་མ་རྣམས། ལས་འཁོར་བའི་ཉེས་མིག་ཤེས་པ་ན། དགེ་རྣམ་དཀར་སྙིང་ནས་སྒྲུབ་པའི་གྲོགས། དོན་དེའི་ཕྱིར་ཉེས་དམིགས་བསམ་ཚུལ་ཞུ། བདག་ལ་སོགས་ཁམས་སུམ་སེམས་ཅན་ཀུན། ཚེ་ཐོག་མའི་དུས་ནས་འདིར་སྐྱེས་ཡན། ཁམས་གསུམ་དུ་ཁ་འཁོར་རྒྱུ་དྲུག་གི། ལུས་བླངས་ཤིང་གཅིག་ནས་གཅིག་འཁོར་རྒྱུད། ཤིང་རྟ་ཡི་འཕང་དང་ཟོམ་གྱི་ཆུ། དཔེར་དེར་མཚུངས་ལུས་ལས་གྲངས་འདས་པའི། ཤ་གཅིག་ཏུ་བསགས་ནས་རི་རབ་ཙམ། ཁྲག་གཅིག་ཏུ་བསགས་ན་རྒྱ་མཚོ་ཙམ། རུས་གཅིག་ཏུ་བསགས་ན་བྲག་རི་ཙམ། དཔེ་དེ་ལྟར་ཡོད་ཀྱང་ད་རུང་ཡང༌། རྒྱུ་འཁོར་བའི་ཞེན་ཆར་ཆེ་ཚོད་འདིར། སེམས་རྩེ་གཅིག་ཡང་ཡང་ངེས་པར་ནས། ལས་འཁོར་བ་སྡུག་བསྔལ་རང་བཞིན་དང༌། རྒྱུ་ངོ་བོའི་འབྱུང་གནས་འཁོར་ར་ཡུག འབྲས་ཡོ་ལང་ལྟ་བུ་ཡིན་པ་ཏེ། རིགས་དྲུག་གི་གནས་ངན་གར་སྐྱེས་ཀྱང༌། ཕྲ་རགས་ཀྱི་སྡུག་བསྔལ་བསམ་བརྗོད་ལས་༼འདས་༽། ལས་སྤྱོད་དང་ཕུན་ཚོགས་ཕུན་མ་ཚོགས། ཀུན་སྡུག་བསྔལ་བརྣོན་མིན་༼སྣོན་པའི་༽འབྲས་མ་གཏོགས། བརྟན་བདེ་བའི་གོ་སྐབས་ཤིན་ཏུ་དབེན། དཔེར་མི་གཙང་ཁྲོད་ལ་གཙང་འཛིན་ཅིང༌། དེར་དགའ་བའི་སྦྲང་བུ་ཅི་བཞིན་དུ། དོན་སྡུག་བསྔལ་ལས་ལ་བདེ་བ་རུ། བློས་འཛིན་པ་ལས་བྱུང་ཉེས་སྐྱོན་ནི། དཔེར་འོད་དགའ་མེ་ལ་མཆོང་དང་འདྲ། དེ་ལྟར་དུ་འཁོར་བའི་ཉེས་དམིགས་ལ། ནད་སྐྱུགས་ངན་བག་ཟན་བསྟན་པ་ལྟར། ཁམས་ཞེན་པ་ལོག་པར་བློ་སྦྱོང་དགོས། ཡང་གསོན་དང་ཉོན་ཅིག་སློབ་མ་རྣམས། ལམ་ཁྱད་པར་ཅན་དུ་སྒྲུབ་པའི་རྟེན། ལུས་དལ་འབྱོར་རྙེད་དཀའ་བསམ་ཚུལ་ཞུ། སྤྱིར་རིགས་མཐུན་ངན་འགྲོ་ལས་གཞིག་ནས། བཟང་བདེ་འགྲོ་མི་ལུས་སྲིད་མཐའ་ཙམ། དེ་ལྟར་དུ་ཡིན་ལ་མི་ཡི་ནང༌། བོན་མཇལ་བ་ཉིན་མོའི་སྐར་དང་འདྲ། བོན་འཕྲད་ཀྱང་སྤྱོད་པའི་སྐལ་ལྡན་ནི། གྲངས་སྟོང་རེའི་ནང་ནས་བརྒྱ་རེ་ཙམ། དགེ་སྤྱོད་པའི་སྐལ་པ་ལྡན་པའི་ནང༌། དོན་སྙིང་པོ་ལོན་པ་རེ་རེ་ཙམ། དལ་བརྒྱད་འབྱོར་བཅུ་ཡི་ལུས་ཐོབ་དུས། ཡང་དག་པའི་དགེ་ལ་མ་བརྩོན་ན། ནོར་རིན་ཆེན་སྨོན་ལམ་མ་ཐེབ་འདྲ། གནས་ངན་སོང་མ་སྐྱེས་དལ་དུས་སུ། རྒྱུ་དུག་ལྔའི་གཉེན་པོ་མ་བསྒྲུབ་ན། སྲོག་ཐར་ཐབས་ཡོད་ཀྱང་མ་སྤྱད་འདྲ། ལྷ་ཚེ་རིང་མ་སྐྱེས་དལ་དུས་སུ། དོན་མ་བརྩོན་ལེ་ལོའི་དབང་ཤོར་ན། དགྲ་ནག་པོའི་བསླུ་ཁ་ཡེངས་དང་འདྲ། ཕྱི་གླིང་ལ་མ་སྐྱེས་དལ་དུས་སུ། ཚེ་སྟོང་ཟད་དགེ་སྦྱོར་ལམ་ལུས་ན། རྒྱུ་རིན་ཆེན་ལག་ནས་ཟིན་ཤོར་འདྲ། གནས་མཐའ་འཁོབ་མ་སྐྱེས་དལ་དུས་སུ། བོན་གཡུང་དྲུང་དོན་ལ་མ་བསྒོམ་ན། ནམ་དཔྱིད་དུས་སོ་ནམ་མ་འབད་འདྲ། ལུས་སྒོ་ལྔ་མ་ཚང་མ་སྐྱེས་དུས། ཕ་བླ་མའི་གསུང་ལྟར་མ་བསྒྲུབ་ན། ལས་སླ་དུས་བྱ་བ་མ་བརྩོན་འདྲ། བོན་ལོག་ལྟའི་སྡིག་ཅན་མ་སྐྱེས་དུས། དོན་ཡང་དག་དགེ་ལ་མ་མོས་ན། མཆོག་བདུད་རྩིའི་ཆུ་ལ་དུག་མཐོང་འདྲ། ཐོབ་དཀའ་བའི་མི་ལུས་ཐོབ་དུས་སུ། ཆུད་མ་ཟོས་དགེ་ལ་འབད་པར་གྱིས། ཡུལ་དག་པའི་གླིང་དབུས་སྐྱེས་དུས་སུ། སྒོ་གསུམ་གྱི་དགེ་སྦྱོར་སྒྲུབས་པར་གྱིས། ཚང་དཀའ་བ་དབང་པོ་ཀུན་ཚང་དུས། དོན་ཕྱི་ནང་ཤེས་རབ་སློབ་པར་གྱིས། ལས་མཐའ་ནས་མ་ལོག་བཟང་འཕྲད་དུས། དོན་ཡང་དག་རྩེ་གཅིག་སྒོམས་པར་གྱིས། བཀའ་གཡུང་དྲུང་བོན་ལ་དད་པའི་དུས། དད་འགྱུར་མེད་དོན་ལ་རྩོན་པར་གྱིས། རྗེ་སངས་རྒྱས་འཇིག་རྟེན་འདིར་བྱོན་ཞིང༌། བོན་གསུངས་དང་བསྟན་པ་གནས་པ་དང༌། དེའི་རྗེས་སུ་འཇུག་དང་གཞན་ཕྱིར་དུ། སྙིང་བརྩེ་བ་འབྱོར་བ་ལྔ་ལྡན་དུས། སྡུག་འཁོར་བའི་མཚོ་ལས་མ་བརྒལ་ནས། སྐྱེ་རྒས་དང་ན་འཆིའི་ཆུས་གཡེང་སྟེ། ཉོན་མོངས་པའི་ཆུ་སྲིན་འཇིགས་པ་དེའི། ཁར་ཚུད་ནས་ཐར་ཐབས་མི་འདུག་པའི། དོན་དེའི་ཕྱིར་དལ་འབྱོར་ལུས་ཀྱི་གྲུ། དེར་བརྟེན་ནས་སྡུག་བསྔལ་ཆུ་ལས་བསྒྲོལ། གཞན་ལུས་ཀྱིས་དེ་ལྟར་ལམ་བསྒྲོད་དཀའ། ཡིད་བཞིན་གྱི་ལས་ལྷག་དལ་འབྱོར་ལུས། རྟེན་འདི་འདྲ་ཐོབ་དུས་སྐལ་པ་བཟང། དཔེར་དབུལ་པོས་གཏེར་རྙེད་ལྟ་བུ་ཡི། སེམས་དགའ་བ་ལྷང་ལྷང་མ་བྱུང་བར། བློ་ཡང་ཡང་རབ་ཏུ་སྦྱང་བར་བྱ། ཡང་ཉོན་དང་གསོན་ཅིག་སློབ་མ་རྣམས། ནང་སངས་རྒྱས་འདུ་ཤེས་ལམ་གྱི་མཆོག། དོན་འཆི་བ་མི་རྟག་སྒོམ་ཚུལ་ཞུ། ལར་འདུས་བྱས་ཀུན་ཀྱང་མི་རྟག་སྟེ། རིང་ཕྱི་སྣོད་འཇིགས་རྟེན་འདི་དག་ཡང༌། དུས་མེ་ཆུ་རླུང་གི་བསྐལ་པས་འཇིག། ཉེ་ནང་བཅུད་གང་བའི་འགྲོ་ཀུན་ཡང༌། མཐར་ནད་མུག་མཚོན་གྱིས་སྟོང་ནས་འཇིག། སྒོས་དུས་གསུམ་རྫོགས་པའི་སངས་རྒྱས་ཀྱང༌། རྒྱུ་རྟག་འཛིན་མཁན་རྣམས་སུན་ཕྱུང་ཕྱིར། སྐུ་མི་རྟག་འགྱུར་བའི་ཚུལ་བསྟན་མོད། དེ་བཞིན་དུ་སྐྱེ་འཆི་དབང་ཐོབ་པའི། མཆོག་རིག་འཛིན་གྲུབ་ཆེན་གྲངས་མང་དང༌། རྗེ་བླ་མ་སྐྱེས་ཆེན་དུ་མ་ཡང༌། སྐུ་མི་རྟག་མྱ་ངན་འདས་ལ་སོམས། དེ་བཞིན་དུ་མཐོ་དམན་ཕྱུག་དབུལ་ཀུན། ལུས་སྐྱེས་པ་མི་རྟག་ཐང་ཤིང་བཞིན། ཡོལ་ཕོག་ན་འགྱེལ་ཞིང་ཐལ་བར་སྟོང༌། གཉེན་འདུས་པ་མི་རྟག་ཁྲོམ་ཚོགས་བཞིན། དུས་སྐད་ཅིག་སོ་སོར་བྱེར་ཞིང་འགྲོ། རྒྱུ་བསགས་པ་མི་རྟག་ག་པུར་བཞིན། སྨན་དྲི་བཟང་མེད་ན་སྐད་ཙམ་སངས། མཁར་རྩིག་པ་མི་རྟག་སྒོང་རྒྱ་བཞིན། རྟག་འདུག་པའི་གནས་མིན་རལ་ཞིང་འཐོར། མཛེས་ཁ་དོག་མི་རྟག་མེ་ཏོག་བཞིན། དུས་བ་མོས་འཇོམས་ན་རྡུལ་ཕྲན་བརླག། གཏམ་ཁེ་གྲགས་མི་རྟག་ཁུ་བྱུག་བཞིན། དུས་ཞག་གྲངས་འགྱུར་ནས་གསུང་སྙན་དབེན། བཙན་དབང་ཐང་མི་རྟག་གྲོང་བར་སྟག། སྟག་ས་མདའ་ཕོག་ན་ཝ་བས་ལོད། རྩལ་ཤུགས་སྟོབས་མི་རྟག་རི་གཟར་རྦབ། རྦབ་ཤུགས་ནུས་ཟད་ནས་བྱིས་སྦས་རྩེ། ཚེ་བསོད་ནམས་མི་རྟག་ཕྱི་འཕྲད་ཉི། སྲོད་རི་གྲིབ་མུན་ལ་སྐད་ཅིག་ནག སྙན་གྲགས་དབྱེལ་༼གཡེལ་༽མི་རྟག་སྟོང་༼སྟོན་༽འབྲུག་སྒྲ། དགུན་གྲང་ལྷག་རྒྱས་ནས་བྱེ་གསེབ་གུམས། ཀུན་སྣང་ཚད་མི་རྟག་རྨི་ལམ་འདྲ། རྣལ་སད་ནས་སྟོང་པའི་རང་བཞིན་ཐལ། དེ་བཞིན་དུ་བྱེ་བྲག་མི་རྟག་ནི། ཕ་བླ་མ་མི་རྟག་ཉི་མ་འདྲ། ཀུན་ཤོང་ཡང་ནམ་མཁའི་དབྱིངས་རུམ་ནས། རྗེ་བླ་མ་ཚ་ཟེར་འོད་ལྡན་དེས། འགྲོ་མ་རིག་བློ་མུན་མཐར་བསྐྲད་ནས། རྒྱུ་ཉོན་མོངས་དུག་ལྔའི་གྲང་གདུང་སེལ། ཚེ་རྟ་བདུན་རླུང་འཁོར་མྱུར་བསྐྱོད་ནས། སྐུ་ཞི་བར་ནུབ་རིའི་རྩེ་མོར་གཤེགས། རྟག་འཛིན་པའི་འགྲོ་རྣམས་སྙིང་རེ་རྗེ། དཔེ་དེ་དང་འདྲ་བར་ཡིད་ལ་ཞོགས། དགེ་འདུས་སྡེ་མི་རྟག་ཀུན་དྷའི་ཚལ། ཕྱི་ཚུལ་སྤྱོད་ཁ་དོག་རབ་མཛེས་ནས། ནང་ཁྲིམས་ལྡན་ཟེའུ་འབྲུ་ཤིན་ཏུ་རྒྱས། དྲི་བཟང་པོས་འགྲོ་བའི་ཉོན་ནད་སེལ། ཚེ་དུས་ཀྱི་ནམ་ཟླ་འགྱུར་ཞིང་འགྲོ། སྐུ་མི་རྟག་དུས་ཀྱི་བ་མོས་འཇོམས། དཔེ་དེ་དངའདྲ་བ་ཐུགས་ལ་ཞོགས། རྗེ་བཙན་པོ་མི་རྟག་སེང་གེ་འདྲ། ལུས་རྩལ་རྫོགས་ཁྲིམས་ཀྱིས་གཅན་ཚོགས་གནོན། དགྲ་གཡུ་འབྲུག་ངར་ཆེན་ཡིན་ཀྱང་འདུལ། ཚེ་དུས་ཀྱི་ལོ་རིམ་སོང་བའི་མཐར། གངས་ར་བའི་ཞབས་སུ་ཚུད་ཅིང་གུམས། འགོ་འབུ་སྲིན་ཡིན་ཀྱང་ཟན་དུ་བལྟ། དཔེ་དང་འདྲ་བར་ཡིད་ལ་ཞོགས། ཕོ་དཔའ་བོ་མི་རྟག་ཁྲ་གླག་འདྲ། རྒྱུ་དུག་ལྔའི་དྲེགས་པ་རབ་རྒྱས་ནས། མཚོན་ངར་མའི་ཆུ་གཏེར་ལུས་ལ་འཆང༌། བློ་རིག་པའི་འཕྲུལ་འཁོར་གློག་བས་མྱུར། དགྲ་བྱ་ཕྲན་གང་ཡིན་གཡུལ་ལས་རྒྱལ། ཚེ་དུས་ཟད་ལས་མུན་གཡོགས་པའི་ཚེ། བདུད་འབྱུང་པོའི་བྱ་ཆེན་དགྲ་རུ་ལངས༌། སྙིང་སྤར་འཛིན་བྱེད་ཅིང་གྲི་རུ་གུམས། ཆུང་བྱིའུ་ཡིན་ཀྱང་རོ་ཐོག་རྔམ། དཔེ་དེ་དང་འདྲ་བར་ཡིད་ལ་ཞོགས། མཛེས་བུ་མེད་མི་རྟག་བར་སྣང་གཞའ། ཟས་ལོངས་སྤྱོད་ཆར་སྤྲིན་གུར་འཁྲིགས་ནས། བློ་རིག་པ་ཡིས་དཔྱོད་ཉི་ཤར་ཞིང། མཛེས་ཁ་དོག་རབ་གསལ་ལྟར་མི་ངོམ། རྒྱན་རིན་ཆེན་སྣ་ལྔའི་འོད་རབ་མཛེས། ཚེ་ཉི་མའི་འོད་དེ་སྐད་ཅིག་ཏུ། བདུད་སྤྲིན་ཆེན་འབྱུང་དུས་རྗེས་མེད་གུམས། དཔེ་དེ་དང་འདྲ་བར་ཡིད་ལ་ཞོགས། ཕྱུགས་ནོར་བདག་མི་རྟག་སྦྲང་བུ་འདྲ། ཚེ་བསོད་ནམས་དབྱར་གསུམ་གཞུང་རྒྱས་དུས། ཕྱུགས་དཀོར་ནོར་རྩི་ཐོག་གྲངས་འདས་ནས། རྒྱུ་རིན་ཆེན་སྦྲང་རྩི་ངོམས་མེད་བསགས། སྙན་གྲགས་པའི་སྦྲང་སྒྲ་ཕྱོགས་བཅུར་བསྒྲག ཚེ་ཞག་གྲངས་མྱུར་བར་ཟད་པ་ནས། དགྲ་འཆི་བདག་དགུན་གྱི་ལྷག་རླུང་རྒྱས། ནོར་རྩི་བཅུད་ཏིལ་ཙམ་དབང་མེད་དུ། རང་ལག་སྟོང་སྒྲིན་བུར་བུད་ནས་གུམས། དཔེ་དེ་དང་འདྲ་བར་ཡིད་ལ་ཞོག གཞན་བདག་དང་འགྲོ་བ་མ་ལུས་ཀུན། ཚེ་རིང་ཐུང་མ་ངེས་ནམ་མཁའི་སྤྲིན། སྤྲིན་ཡོད་ལ་རྟག་མེད་མེད་དུ་འབྱུང༌། རྐྱེན་འདི་ཡིན་མ་ངེས་དབྱར་གྱི་རྩི། རྩི་འཇོམས་ཅན་བྱེ་བྲག་དུ་མར་སྣང༌། གནས་གདམས་ཁ་མ་ངེས་ཐག་རིང་མགྲོན། མགྲོན་ཞག་གཅིག་གནས་མལ་གང་ཡང་རུང༌། དུས་བློ་གཏད་མ་ངེས་དབུལ་པོའི་ཟས། ཟས་དབེན་གཤིས་དུས་ལ་ངེས་པ་མེད། ནམ་ཞིག་ཏུ་འཆི་ནད་དྲག་པོས་ཐེབས། འཇིགས་གཤིན་རྗེས་ཞགས་ནག་ཟིན་པའི་དུས། རྐྱེན་ཟློག་བྱེད་རིམ་གྲོས་ཕན་སྟོབས་ཆུང༌། སྨན་དཔྱད་ཀྱི་ནུས་པ་ཟད་དུ་འགྲོ། རང་འཆི་བ་ལ་ནི་བློས་མི་ཐོན། ནད་གཟེར་ཟུག་ལ་ནི་ཕན་ཐབས་ཟད། དགྲ་གཤིན་རྗེ་ལ་ནི་ཤིན་ཏུ་འཇིགས། རང་སྔར་བྱས་བསགས་པའི་སྡིག་པ་དྲན། ལུས་ནད་ཀྱི་ཟུག་རྔུས་རབ་ཏུ་མནར། གནས་མལ་གྱི་ཐ་མལ་ལ་ནི་ཉལ། གྲོགས་གཉེན་གྱི་ཐ་མལ་མཐའ་ན་བསྐོར། ངག་གཏམ་གྱི་ཐ་མལ་ཁ་ཆེམས་སྨྲ། ལྟོ་ཟས་ཀྱི་ཐ་མལ་ཆུ་ཐིག་རེ། སེམས་ཡི་ག་འགག་ཀྱང་ཨུ་ཚུགས་དུས། གནས་རྩིག་པའི་ཁར་ལ་སྡོད་དབང་མེད། རྒྱུ་བསགས་པའི་ཟས་ནོར་ཁྱེར་དབང་མེད། བྱམས་སྐྱོང་བའི་ཉེ་འཁོར་འགྲོགས་དབང་མེད། གནས་ཕྱི་མར་གར་འགྲོ་འདི་འགྲོ་མེད༌། དཔའ་དཔུང་དུ་ཡོད་ཀྱང་བརྒལ་མི་ཐུབ། ཚིག་ཤག་ལ་མཁས་ཀྱང་རྒྱལ་མི་ལོན། ནོར་ལོངས་སྤྱོད་ཡོད་ཀྱང་བསླུ་མི་གཏེར། གཏམ་བདེན་པ་ཡོད་ཀྱང་ཤོད་མཁན་དབེན། ཕོ་དཔའ་བོས་སྟག་འཐབ་བྱེད་ས་མེད། བློ་སྡར་མ་ཝ་བྲོས་བྱེད་ས་མེད། མོ་མཛངས་མ་ཡིན་ཀྱང་བསླུ་ཐབས་མེད། ལས་བྱ་བྱེད་བཟང་ངན་གང་ཡིན་ཀྱང༌། འཕྲོ་བཞག་ནས་ཕ་རོལ་བར་དོའི་གནས། རང་གཅིག་བུར་ལག་སྟོང་འགྲོ་དགོས་བྱུང༌། ལུས་འཆི་བའི་སྡུག་བསྔལ་མ་ཟད་པའི། སེམས་མ་རིག་འཁྲུལ་དབང་བར་དོ་ཡི། འཇིགས་སྐྲག་དང་སྡུག་བསྔལ་དྲག་པོ་ཡིས། བསམ་མི་ཁྱབ་མྱོང་ངེས་ཐག་པར་ཆོད། ལས་དེ་ལ་ཕན་པའི་རྒྱུ་བཟོ་༼ ནི༽། སྐྱབས་བསླུ་མེད་བླ་མ་དགེ་འདུན་དང༌། གྲོགས་བསླུ་མེད་རང་རིག་ཡེ་ཤེས་དང༌། ནོར་བསླུ་མེད་དགེ་སྦྱོར་རྣམ་དག་སོགས། ནང་ཡང་དག་ལྟ་སྤྱོད་མཁན་མ་གཏོགས། གཞན་གང་གིས་ཕན་པའི་རེ་བ་ཟད། དོན་དེའི་ཕྱིར་མི་རྟག་རྒྱུན་དུ་སྒོམ། ཕ་བླ་མ་བསྟེན་ཞིང་དགེ་སྦྱོར་གྱིས། རྒྱུ་རང་ལ་ཡོད་པའི་ནོར་བུ་དེ། དུས་རྒྱུན་དུ་ཡེ་མེད་བྱ་ར་གྱིས། བོན་མི་རྟག་དོན་དེ་མ་བསྒོམ་ན། ཕྱི་མུ་སྟེགས་རྟག་ལྟའི་ས་རུ་གོལ། དོན་དགེ་བ་ཡིད་ལས་དྲན་མི་འགྱུར། ཡིད་དྲན་ཀྱང་ཕྱི་བཤོལ་དབང་འགྱུར་ཞིང༌། བོན་ཚུལ་བཞིན་འགྲུབ་པར་མི་ཡོང་བའི། དོན་རྩ་བ་རྟག་འཛིན་བློ་འདིར་ཐུག གནད་དེ་དོན་མི་རྟག་སྒོམ་པར་ཞུ། བོན་གདམས་པ་ཟབ་མོ་འདི་སྒོམ་ནས། ལུས་དལ་འབྱོར་རྟག་པའི་བློ་མེད་ཅིང༌། དགེ་ལ་འུར་བརྩོན་པའི་རྒྱུ་རུ་འགྱུར། དགེ་བརྩོན་པའི་འབྲས་བུ་བསླུ་བ་མེད། མཐརསངས་རྒྱས་ཐོབ་པའི་རྒྱུ་ཉིད་ཡིན། དོན་རྒྱུ་འབྲས་སྤང་བླང་ཞིབ་མོར་སྤྱོད། དཔེར་དུག་ཅན་ཟས་ལ་འཛེམ་པ་བཞིན། སྡིག་མི་དགེའི་ལས་སྤྱོད་ཐམས་ཅད་ཀུན། རྒྱུ་ཕྲ་བའི་ཕྲ་བ་ཡིན་ཀྱང་སྤོརྒྱུས་ནད་ལ་གང་ཕན་སྨན་དཔྱད་བཞིན། དཀར་དགེ་བའི་ལས་སྤྱོད་ཐམས་ཅད་ཀུན རྒྱུ་ཕྲ་བའི་ཕྲ་བ་ཡིན་ཀྱང་སྒྲུབ། ལས་རྒྱུ་འབྲས་སྤངས་བླང་ཞིབ་མོ་རུ། དོན་ཡིད་ལ་ངེས་པར་གཞིག་པ་ནི། དགེ་རབ་ཏུ་བསྙེན་པའི་མི་མཆོག་ཡིན། ཡང་ཉོན་དང་གསོན་ཅིག་སློབ་མ་རྣམས། དོན་ཐེག་ཆེན་བོན་ལ་སྤྱོད་པའི་དུས། སྐྱབས་ཡུལ་མཆོག་ཕྱི་ནང་གསང་གསུམ་ལ། འཇིགས་འཁོར་བའི་སྡུག་བསྔལ་སྐྱོབས་པའི་ཕྱིར། སྒོ་གསུམ་གྱི་གུས་པ་ཕྱག་འཚལ་ཞིང༌། སྐྱབས་ཡང་དག་འགྲོ་བའི་ཡན་ལག་སློབས། གཞན་དོན་དུ་ཚད་མེད་བཞི་ཡི་སྒོར། དགེ་ཀུན་གྱི་གཞི་མར་སེམས་མཆོག་སྐྱེད། རྒྱུ་སྒྲིབ་གཉིས་མ་ལུས་ཡོངས་སྦྱང་ཕྱིར། གཟུངས་ཡི་གེ་བརྒྱ་དང་སྙིང་པོ་གསུམ། དུས་མཚམས་མེད་ཆུ་བོའི་རྒྱུན་བཞིན་སྒྲོངས། ལམ་ཚོགས་གཉིས་ཡོངས་སུ་བསགས་པའི་ཕྱིར། མཆོད་ཕྱི་ནང་གསང་བའི་མཎྚལ་ཕུལ། ཕ་བླ་མའི་བྱིན་རླབས་བདག་འཇུག་ཕྱིར། གནད་བསྣུན་པའི་གསོལ་བ་ཡང་ཡང་ཐོབས། ལམ་རིམ་པར་འཇུག་པའི་སྔོན་འགྲོ་དེ། སྒོ་གསུམ་གྱི་ཡང་དག་བརྩོན་པར་གྱིས། འདི་ཐར་ལམ་བསྒྲོད་པའི་ཐེམ་སྐས་ཡིན། འདི་འཁོར་བའི་མཚོ་བརྒལ་གྲུ་ཆེན་ཡིན། འདི་སྡུག་བསྔལ་མཚོ་སྐེམ་ཉི་མ་ཡིན། འདི་སངས་རྒྱས་སྒྲུབ་པའི་ཉེ་ལམ་ཡིན། འདི་ཐེག་ཆེན་སྒོམ་པའི་བོགས་འདོན་ཡིན། ལར་དྲང་དོན་གཏན་ལ་མ་ཕབ་ན། མཆོག་ངེས་དོན་རྒྱུད་ལ་མི་འཆར་གསུངས། སྐྱབས་ཡུལ་མཆོག་ཕྱོགས་ལ་མ་དད་ན། སྡུག་འཁོར་བའི་འཇིགས་ལས་ཐར་དུས་མེད། ཀུན་གཞི་མར་སེམས་མཆོག་མ་བསྐྱེད་ན། བོནབྱང་ཆུབ་མྱུ་གུ་འཁྲུངས་དུས་མེ། དོན་སྙིང་པོའི་ཡི་གེ་མ་བསྒྲང་ན། རྒྱུ་ཉོན་ཤེས་སྒྲིབ་པ་བྱང་དུས་མེད། མཆོད་ཕྱི་ནང་གསང་གསུམ་མ་ཕུལ་ན། རྒྱུ་འབྲས་བུ་ཚོགས་ཆེན་རྫོགས་དུས་མེད། ཕ་བླ་མའི་གསོལ་འདེབས་མ་བརྩོན་ན། མཆོག་གནས་ལུགས་རྒྱུད་ལ་འཆར་དུས་མེད། དོན་དེ་ཕྱིར་ལམ་མཆོག་འདི་ལ་བརྩོན། རྗེ་བླ་མའི་གསུང་ལྟར་ཉམས་སུ་ལོན། འབྲས་བསླུ་བ་མེད་དོ་རིགས་ཀྱི་བུ། ཡང་ཉོན་དང་གསོན་ཅིག་སློབ་མ་རྣམས། དོན་ཐེག་ཆེན་གདམས་པ་ཚིག་གསུམ་ཞུ། ལུས་མ་བཅོས་ཆ་ལུགས་ལྔ་ལྡན་སྡོད། ངག་མ་བཅོས་སྨྲ་བསམ་བརྗོད་བྲལ་ཞོགས། སེམས་མ་བཅོས་རང་ལུགས་སོ་མར་སྐྱོང། གན་འདི་ཡིས་དུག་ལྔ་རབ་ཞི་ནས། དོན་ཡེ་ཤེ་རང་རྒྱུད་གནས་པ་དང༌། ས་མོས་སྤྱོད་བཞི་ལྡན་སྦྱོར་ལམ་ཐོབ། ཚེ་ཐོག་མའི་དུས་ནས་ད་ཐུག་བར། ལས་འཁོར་བར་འཁྱམས་པའི་མཁན་པོ་སེམས། དེ་འབྱུང་གནས་ཐིམ་གསུམ་རྩད་ཆོད་ནས། དཔེར་ཆུ་དང་ཆུ་ཟླ་བཞིན་ཤེས་དགོས། གང་ཞིག་གི་དམན་པའི་ཐེག་པ་ལ། དུས་སྐལ་པ་གསུམ་དུ་འབད་པ་ལ༼ལས༽། དོན་བླ་མེད་ཐེག་པ་ཆེན་པོའི་ཕྱིར། ལུས་གོམ་པ་གསུམ་བོར་བསོད་ནམས་ཆེ། ཡིད་དྲན་པས་ངན་སོང་སྒོ་ཁེགཤིང༌། སེམས་སྐད་ཅིག་དྲན་པ་མི་ལུས་ཐོབ། དོན་ཡང་དག་ངང་ལ་གནས་གྱུར་ན། ཚེ་འདི་ཉིད་དག་ལ་སངས་རྒྱས་ཐོབ། ཞེས་གསུངས་ལྟར་རང་སེམས་ལྷག་མཐོང་གི། དོན་བསྒོམ་པའི་ཡོན་ཏན་བསམ་མི་ཁྱབ། སེམས་གནས་པ་འགྱུ་བ་རིག་པ་གསུམ། རྒྱུ་གཞི་དང་ལམ་དང་འབྲས་བུ་གསུམ། དོན་འཇོ་པ་བཤིག་པ་སྐྱོང་པ་གསུམ། འདི་རྩེ་གཅིག་ཆེ་འབྲིང་ཆུང་གསུམ་གྱི། དོན་ཉམས་སུ་ལེན་པའི་རྒྱུ་ཡིན་འདྲ། སེམས་མ་དང་བུ་དང་རྩལ་དང་གསུམ། ཉམས་བདེ་དང་སྟོང་དང་གསལ་བ་གསུམ། ཀུན་གཞི་དང་རིག་པ་བློ་དང་གསུམ། འདི་སྤྲོས་བྲལ་རབ་འབྲིང་ཐ་གསུམ་གྱི། དོན་ཉམས་སུ་ལེན་པའི་རྒྱུ་ཡིན་འདྲ། བོན་ལྟ་སྒོམ་སྤྱོད་དང་འབྲས་བུ་བཞི། དཔེ་ངང་དང་རང་བཞིན་བདག་ཉིད་གསུམ། དོན་ཀློང་ཆེན་མ་བཅོས་རྣལ་མ་གསུམ། འདི་བསྒོམ་མེད་མཐོ་དམན་བར་གསུམ་གྱི། བོན་ཉམས་སུ་ལེན་པའི་རྒྱུ་ཡིན་འདྲ། རྗེ་སངས་རྒྱས་སྒམ་པོས་མ་མཛད་ཅིང༌། སྡུག་སེམས་ཅན་སྒྲིན་བུས་མ་བཅོས་པའི། སེམས་ཡེ་ནས་སྐུ་གསུམ་རང་ཆས་འདི། འགྲོ་ཀུན་ལ་ཡོད་དེ་ངོ་ཤེས་དཀའ། དོན་རྟོགས་ན་ནད་བརྒྱ་སྨན་གཅིག་གིས། འཇོམས་བཞིན་དུ་འཁྲུལ་རྟོག་ཀུན་སངས་ན། དོན་འབྲས་བུ་ཀུན་བཟང་ལག་འཆང་ཐོབ། དོན་མ་རྟོག་འཁོར་བར་འཁྱམས་པའི་རྒྱུ། བོན་ཐེག་པའི་ཡོངས་རྩེ་བླ་མེད་འདི། ལས་སྐལ་ལྡན་འཕྲོ་ཅན་སྤྱོད་ཡུལ་ཡིན། ཕོ་སྙིང་རུས་ཅན་གྱི་སྒོ་ནོར་འདྲ། བློ་རིག་གསལ་ཅན་གྱི་སྨན་ཡིན་ཏེ། དོན་རྨོངས་པ་ཅན་གྱི་དུག་ཏུ་འགྱུར། ལུས་དལ་འབྱོར་ལྡན་པའི་སློབ་མ་རྣམས། ལས་བྱ་སྤྱོད་མ་མང་སེམས་དོན་འདི། དུས་ཉིན་མཚན་འཁོར་མེད་ཉམས་སུ་ལོན། དོན་འདི་རྟོགས་སངས་རྒྱས་རིན་པོ་ཆེ། ཉམས་ངོ་མཚར་དགའ་སྟོང་ཨ་ལ་ལ། ཨེ་མ་ཧོ། ཡེ་ནས་རང་སངས་རྒྱས་པ་བོན་གྱི་སྐུ། མ་འགག་དུ་མར་སྣང་བ་ལོངས་སྤྱོད་རྫོགས། གཉིས་མེད་ཟུང་དུ་འཇུག་པ་འགྲོ་འདུལ་སྤྲུལ། སྐུ་གསུམ་ངོ་བོ་སེམས་ཉིད་རིན་པོ་ཆེ། མབཅོས་སྤྲོས་བྲལ་ངང་ནས་གསོལ་བ་འདེབས། འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། ྋ རྒྱལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཐུགས་མཁྱེན་བརྩེའི་ཡོན་ཏན་གཅིག་བསྡུས་པའི། ཕ་བླ་མ་དྲིན་ཅན་དམ་པ་ལ། བུ་ང་ཡིས་གསོལ་བ་སྙིང་ནས་འདེབས། དོན་རང་རྒྱུད་མ་རྟོགས་དུག་ལྔ་འདི། དུས་ཅིག་ཆར་ཡེ་ལྔའི་རང་རྩལ་དུ། བློ་ཕུག་ཐག་ཆོད་པར་བྱིན་གྱིས་རློབས། བརྩལ་མ་དགོས་རང་ཤར་བླ་མ་དེ། གནས་མཐའ་དབུས་བྲལ་བའི་ཞིང་མཆོག་ཏུ། སྐུ་གཅིག་ལས་རང་བཞིན་བསམ་མཐའ་ཡས། གསུང་མ་འགག་གྲགས་སྟོང་ཚངས་པའི་དབྱངས། ཐུགས་ཀུན་གསལ་ཐིག་ལེ་ཉག་མ་གཅིག དོན་ལེགས་འབྱུང་ཡོན་ཏན་བརྗོད་ལས་འདས། རྒྱུ་གང་ལ་ཐོགས་མེད་འགྲུབ་པའི་རྩལ། རང་གཞན་གྱི་དོན་གཉིས་ལྷུན་འགྲུབ་པའི། མཚན་བརྗོད་ནས་ཀུན་ཁྱབ་ཡེ་ཤེས་སམ། འཁོར་འདས་གཉིས་དབྱེར་མེད་ཟང་ཐལ་ཟེར། སྐྱབས་བསླུ་མེད་རྩ་བའི་བླ་མ་དེ། དུས་མཚམས་མེད་ཆུ་བོའི་རྒྱུན་བཞིན་དུ། ཡིད་བློ་ཡིས་མ་བཀག་ལྷུག་གསོལ་འདེབས། དོན་འབད་མེད་ལྷུན་གྲུབ་བྱིན་གྱིས་རློབས། སེམས་རེ་དྭོགས་གཉིས་སུ་འཛིན་པ་ཡི། དགྲ་ཡ་མེད་བདུད་དེ་འཇིགས་པ་ལ། སྐྱབས་མཆོག་འགྱུར་བླ་མ་རང་འབྱུང་གི། ཐུགས་ཡེ་ཤེས་རང་གསལ་འོད་གུར་ཀློང༌། རྒྱུ་འཛིན་རྟོག་རང་ཞིར་སྐྱབས་སུ་འཆི། རང་མཉམ་བཞག་རིག་པའི་སྣང་ཡུལ་དུ། རྒྱུ་མ་དག་ཁམས་གསུམ་འགྲོ་བ་དྲུག ལས་སྡུག་བསྔལ་དྲག་པོས་མྱོང་བ་རྣམས། དོན་རིག་སྟོང་སྤྲོས་དང་བྲལ་བའི་ངང༌། བདག་གཞན་གཉིས་འཛིན་མེད་སེམས་མཆོག་བསྐྱེད། ལས་དགེ་དང་སྡིག་པར་ལྟ་བའི་བློས། སྐྱོན་ཡོན་ཏན་སོ་སོར་འཛིན་པ་ཡི། དོན་མ་རྟོག་འཁྲུལ་བའི་སྡིག་སྒྲིབ་ཀུན། གནད་བླང་དོར་བྲལ་བའི་ངང་དུ་མཐོལ། ཀུན་གཞི་མར་དལ་བའི་མཎྚ་ལ། ལམ་མ་འགག་སྣང་བའི་རྒྱན་ཚོགས་བཀོད། འབྲས་གསལ་སྟོང་ཟུང་འབྲེལ་ལྷ་ལ་འབུལ། དོན་ཚོགས་གཉིས་ཅིག་ཆར་རབ་རྫོགས་ཤོག སྐྱེ་འཆི་བའི་རྟོག་བྲལ་བརྟན་བཞུགས་ཤིང༌། བོན་སྨྲ་བསམ་བརྗོད་མེད་བཀའ་འཁོར་བསྐོར། དོན་འགྱུར་མེད་གདེང་ཐོག་རྗེས་ཡི་རང༌། དགེ་ལྷུག་འབྱུང་མི་དམིགས་ཁྱབ་པར་བསྔོ༌། བློ་རེ་དྭོག་བྲལ་བའི་སྨོན་ལམ་འདེབས། དུས་སྐལ་སྲིད་གཡོ་ཡང་མི་འཇིག་པར། གཞི་ཡོངས་སུ་བརྟན་པའི་བཀྲ་ཤིས་ཤོག །

 

ཅེས་པ་འདི་ནི་རྣམ་ཐར་ནོར་བུའི་ཕྲེང་བ་ལས་ཟུར་དུ་བཏོན་པའོ།།

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.