རྗེས་དྲན་དད་པའི་ལྷ་རྫས།
ཟླ་སྤྲུལ་གཟུགས་སྐུ་རྐང་གཉིས་ཚུལ་བཟུང་ནས།།
ཁྱུང་ཡུལ་ནོར་འཛིན་དཔལ་གྱི་དགེ་ལྡན་དུ།།
མཚན་དཔེ་ཟླ་བ་གཞོན་ནུ་མངོན་པར་འཛུམ།།
བསྟན་འགྲོའི་མཛད་བཟང་གངས་རི་ལྗོངས་ལ་རྒྱས།།
ཁྱུང་ཆེན་ཟླ་བ་དཀར་པོའི་འོད་སྟོང་སྟེ།།
སྙན་པས་གྲགས་པ་སྲིད་གསུམ་ཁྱོན་དུ་བདལ།།
རྒྱལ་བསྟན་རིན་ཆེན་བསླབ་གསུམ་སྲོག་ལྟར་གཅེས།།
འཆད་རྩོད་རྩོམ་པས་ཕུན་ཚོགས་འདོད་རྒུས་ཕྱུག།
སྐུ་ཡི་གཟི་མདྭངས་འདུས་སྡེའི་དབུས་ལ་སྤ།།
གསུང་གི་བདུད་རྩི་སྐྱེ་འགྲོ་རྣམས་ལ་སྦྱིན།།
ཐུགས་ཀྱི་དགོངས་པ་ནམ་མཁའི་ཀློང་དབྱིངས་སུ།།
ཡོན་ཏན་མི་ཟད་སྒྱུ་སྐར་འོད་ཟེར་སྤྲོས།།
འཕྲིན་ལས་མ་འགག་འགྲོ་ལ་ཐར་བདེ་སྟེར།།
བྱང་ཆུབ་སེམས་དཔའ་མི་ཡི་རོལ་གར་བཞེངས།།
དུས་འགྱུར་རླུང་དམར་ཁྲོད་ཀྱི་རྒྱལ་སྲས་ཁྱེད།།
གློ་བུར་ཞི་བར་གཤེགས་པ་ཅི་ཡི་དོན།།
བསྟན་འགྲོའི་དོན་ཆེན་རྫོགས་པས་རྟགས་མཚན་ནམ།།
དམ་ཅན་སྲུང་མས་བར་ཆད་མ་བསལ་ལམ།།
རྗེས་འཇུག་དྭ་ཕྲུག་བསོད་ནམས་ཟད་པ་འམ།།
རང་ཉིད་སྡུག་གིས་མནར་བ་ཐེངས་གཅིག་མིན།།
སྙིགས་དུས་མུན་སྨག་སེལ་བྱེད་ཟླ་གཞོན་ཉིད།།
འགོག་མེད་ལས་དབང་བཙན་པོས་ནུབ་རི་སྒར།།
ཐོས་པའི་བསྐལ་ངན་ཤར་བས་དུས་སྐབས་ལ།།
དྲན་སེམས་ཀུན་ད་དཀར་པོ་ཁེར་རྐྱང་ལུས།།
སྐྱོ་གདུང་མིག་ཆུ་ལྷུང་བཞིན་གདུང་མཆོད་ཕུལ།།
རེ་བའི་མིག་ཞག་སྐྱབས་བཞི་དག་ལ་སྐྱོལ།།
ངག་ནས་སྨོན་ལམ་སྣ་ཚོགས་ཡང་ཡང་བཏབས།།
དད་སེམས་དངོས་འབྱོར་ཡིད་སྤྲུལ་མཆོད་བཤམས་ནས།།
ཁྱེད་ལ་དད་པའི་བླ་མཁན་གྲངས་མེད་ཀྱིས།།
གདུང་མཆོད་ཕེབས་ནས་ཚོགས་ཀྱི་འཁོར་ལོ་སྐོར།།
ཁྱེད་ལ་དད་པའི་གྲྭ་བཙུན་ཁྱུ་ཚོགས་ཀྱིས།།
ཕྱི་མཆོད་རྣམ་པ་ལྔ་ཡི་མཆོད་སྤྲིན་ཕུལ།།
ཁྱེད་ལ་དད་པའི་མི་ཚོགས་གྲངས་མེད་ཀྱིས།།
མིག་ཆུ་ལྷུང་བཞིན་སྒྲོན་མེའི་འོད་སྣང་སྤར།།
ཁྱེད་ལ་དད་པའི་དྭ་ཕྲུག་ཤུལ་ལུས་ཀྱིས།།
རྣམ་དཀར་དགེ་རྩ་གང་མཆིས་ཁྱེད་ལ་འབུལ།།
ཡོངས་སྲིད་ཁྱུང་གི་དུང་ཟླ་གཞོན་ནུ་ཉིད།།
མི་འཇོང་མྱུར་བར་ནམ་མཁའི་དབྱིངས་ཀློང་དུ།།
ཤར་བས་སྐལ་བཟང་དགེ་བའི་དུས་སྟོན་དེར།།
གཤེན་བསྟན་ནོར་གྱི་གླིང་དུ་མྱུར་ཕེབས་སྨོན།།
- ཟིན་ཐོ་གོང་མ།གཡུང་དྲུང་བོན་གྱི་སྨན་འབུམ་བཞི་ལ་དཔྱད་པ། ༼འོས་སྦྱོར།༽
- ཟིན་ཐོ་འོག་མ།རེ་བ་མེད་པའི་གྲྭ་རྐྱང་།
གསུང་མ་དྲོས་མཚོ་མོ་གཏིང་དཔག་དཀའ།
ཐུགས་བརྩེ་ཆེན་རྟ་བདུན་འོད་སྟོང་འཕྲོ།
རྗེ་བླ་མ་དྲན་པའི་གདུང་བ་ལྕི། ཁུ་ནས།