ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས།  | 2011/12/16 14:40:00

༄༅ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་

གཏམ་དུས་རབས་གསར་པའི་འབབ་སྟེགས།

 

དགེ་བཤེས་བློ་གྲོས་རབ་གསལ།

 

སྲིད་སྒོང་སྦུབས་ལས་གྲོལ་བའི་གངས་ཅན་པའི།།

རིག་རྩལ་འཕྲུལ་གྱིས་བསྐྲུན་པའི་ཡི་གེའི་སྲོལ།།

ཆུ་འཛིན་སྟུག་པོས་མ་སྒྲིབ་རྣལ་མ་ཞིག །

ལྷག་བསམ་ཁོལ་མས་དྲངས་ལ་གཟིགས་མོར་བྱོས།།

 

 རང་རེ་བོད་མིའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་བོད་ཡིག་གི་བྱུང་ཁུངས་སྐོར་ལ།

 གནའ་དེང་གི་མཁས་པ་རྣམས་ཀྱི་བསམ་ཚུལ་དང་བཤད་སྒྲོས་གཅིག་ཏུ་མ་ངེས་པས་སྲོང་བཙན་གོང་ལ་བོད་ཡིག་གི་ཚིག་སྦྱོར་ཡོད་པའི་ཐག་མ་ཆོད་ལ། མེད་པའི་མེད་ཐག་ཀྱང་མ་ཆོད་པར་རྩོད་རྙོག་དང་། ལབ་གླེང་མུ་མཐུད་གནས་ཡོད། ང་ཚོའི་བོད་ཡིག་གི་འབྱུང་ཁུངས་འདི། རྟོག་བརྗོད་ཀྱི་གཏམ་རྒྱུད་མིན་པར་དངོས་བྱུང་གི་ལོ་རྒྱུས་ཤིག་ཡིན་པར་བརྟེན། གངས་ཅན་པའི་ལོ་རྒྱུས་སྤྱི་དང་བྱེད་བྲག་ཡི་གེའི་བྱུང་ཁུངས་བཙལ་སྐབས། ཆོས་ལུགས་དང་གྲུབ་མཐའི་ཕྱོགས་ལྷུང་མིན་པའི་རིག་ལམ་རྣལ་མས་འདེངས་འཇོག་བྱ་རྒྱུ་ནི་གངས་ཅན་རིག་སྨྲ་དང་སྨྱུག་ཁ་གཅུ་མཁན་ཀུན་གྱི་ཁུར་འཁྲིའི་འོས་འགན་ཞིག་ཡིན་པར་གོར་མ་ཆག  དེར་བརྟེན་ཁོ་བོས་ལྟ་ཚུལ་གྱི་སྡོམ་ཚིག་འགའ་ཞིག་བྱང་ཁོག་ཏུ་མ་སྦབ་པར་ལྕེ་རྩེ་ནས་མི་འཕེན་ཐུབ་མེད་བརྟེན། བསྟོད་ཚིག་གི་འབབ་སྟེགས་སུ་འགྱིང་བའི་བོད་རྒྱལ་འགའ་ཡིས་དཀར་ནག་རྒྱ་ལ་གཉེན་སྲིད་སྦྲེལ་ནས་བཟུང་བོད་མིའི་སྲིད་འགོ་རྒྱ་ནག་འོག་ཏུ་འཆུག་ལ།གཞན་ཆོས་རྒྱ་བལ་ཡུལ་ནས་མག་པ་བསུ་བའི་ཨ་གསར་ཞིག་གིས་བོད་རང་གི་ཕ་མེས་ཀྱི་ཆོས་ལུགས་རྒྱབ་ཏུ་ དོར་བར་མ་ཟད་གནའ་རབས་བོད་མི་རྣམས་ཀྱང་དུད་འགྲོའི་ཁྱུ་ཚོགས་ཤིག་ཏུ་བརྩིས་པ་དེས། མི་རིགས་འདི་ཡི་རིགས་གཞུང་ལ་ཕམ་ཁ་དང་གྱོང་རྒུད་ཅིག་སྤྲད་ཡོད་པ་སྨོས་ཅི་དགོས།

དང་པོ་ཡི་གེའི་ངོ་བོ་གྲུབ་ཚུལ།

ང་ཚོའི་བོད་ཡིག་གི་འཕེལ་རིམ་སྐོར་ལ་རང་སེམས་བག་ཏུ་ཕབ་ནས་བསམ་གཞིག་ཡང་ཡང་བྱེད་སྐབས་སྲོང་བཙན་གོང་ལ་བོད་ཡིག་མེད་པའི་རྒྱུ་མཚན་ཁུངས་སྐྱེལ་ལྡན་པ་ཞིག་རྙེད་དཀའ་བ་དང་དེབ་ཐེར་ཁག་ཏུ་ཐོན་མིས་བོད་ཡིག་གསར་དུ་བརྩམས་ཞེས་པ་ནི། ཆོས་ཀྱིས་བསླད་པའི་སྦོམ་ཚིག་གཅིག་ཡིན་པས་གཙིགས་ཀྱང་མི་ཆེ།བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་སྲོང་བཙན་བར་རྒྱལ་རབས་སོ་གཉིས་རིང་ལ་རྒྱལ་པོ་རིམ་བྱོན་རྣམས་ཀྱི་ཆབ་སྲིད་ཀྱི་ཁྲིམས་ལུགས་དང་སྔོན་འདས་ཀྱི་བྱས་རྗེས། སླད་འབྱུང་ གི་འཆར་གཞི་རྣམས་ཡི་སྟེང་ལ་མེད་པར་རྒྱལ་སྲིད་སྐྱོང་རྒྱུ་དཀའ་བར་སེམས།ད་དུང་བོན་གཞུང་མང་དག་ཅིག་ཡིག་ཐོག་ལ་མེད་ན་ངག་འཛིན་ཁོ་ནས་སྲོང་བཙན་བར་བརྒྱུད་ཐུབ་མིན་ཁ་ནང་དུ་འཁོར་ཏེ་རིག་པའི་འཕྲང་ནས་དཔྱད་ན་དེ་བས་དཀའ་ཚིགས་ཆེ།ཐུབ་ཆོས་བོད་དུ་མ་དར་གོང་དུ་ཁྱིམ་མཚེས་རྒྱལ་ཁབ་ཞང་ཞུང་དང་རྒྱ་གར།རྒྱ་ནགབལ་པོ་སོགས་ལ་ཡི་གེའི་མཚམས་སྦྱོར་བྱུང་ནས་དམངས་ཁྲོད་དུ་བེད་སྤྱོད་བྱས་ཡོད་ལ་བོད་མིའི་གཞིས་ཁྱིམ་ཚུགས་ནས་ལོ་ངོ་སྟོང་ཕྲག་དུ་མ་འདས་ཟིན་ཡང་།ད་དུང་བོད་ཡིག་གི་སྲོལ་མ་དར་བ་ཅི་འདྲའི་ཡ་མཚན་པ་དང་ཡིད་སྐྱོ་དགོས་པའི་གནས་སུ་གྱུར།ཐོན་མིས་བོད་ཡིག་གསར་དུ་བཟོས་མ་བཟོས་ཟེར་བའི་ཡི་གེ་དེ། ཁ་ཡི་ལྕེ་རྩེ་ནས་ཐོན་པའི་སྒྲ་གདངས་གཅིག་པུར་མིན་ལ་ཡི་གེའི་རྣམ་པ་འཆར་བྱེད་ཀྱི་ཡིག་གཟུགས་ཁོ་ན་མིན་པར་དེ་གཉིས་གཞི་གཅིག་ཏུ་འདྲེས་པའི་གྲུབ་ཆ་ཞིག་ལ་ངོས་བཟུང་དགོས། དེ་ཡང་བོད་ཡིག་གི་སྒྲ་གདངས་དང་ཡིག་གཟུགས་འདི་རྣམས་ཞང་ཞུང་དང་རྒྱ་གར་གཉིས་ལས་གཙོ་ཆེར་ཞང་ཞུང་གི་ཡིག་རིགས་དང་མཐུན་ཤས་ཆེ་ལ། ཐོག་མར་ཞང་བོད་བར་གཉའ་ཁྲི་ཡས་མས་སུ་ཐུགས་འདྲིས་དམ་ཟབ་ཅིག་བྱུང་དོན་ནི་ཕལ་ཆེར་བོན་ཆོས་བརྒྱུད་ནས་བྱུང་ཞིང་ལ་ལ་སྐད་ཡིག་དང་གོམས་གཤིས།འཚོ་སྤྱོད་ཅི་རིགས་ལས་ཕ་བུ་དང་དགེ་སློབ་ལྟ་བུའི་འབྲེལ་བ་ཞིག་ཆགས་འདུགསྐད་རིགས་ལའང་དཔའ་བོ་འབྲུ་ལྔ་ལས། །ཨཱོྃ། རཾ། སྲུཾ། ཁཾ། ཡཾ།༽བྱུང་བའི་འཕྲུལ་ཡིག་བཞི་བཅུ་དེ་ཉིད་ཞང་བོད་གཉིས་ཀས་བེད་སྤྱོད་བྱས་ཤིང་གྲངས་རིམ་ཡང་ གཅིག་གྱུར་དུ་གནས་ཡོད།དེ་ནི་ད་ལྟ་བོད་མིའི་ཁྲོད་དུ་དར་བའི་བོད་ཡིག་གི་འབྱུང་རྩའམ་མ་མ་ཡིན་ལ་ཡི་གེ་དེ་ལ་ནང་གསེས་རྩ་བ་ཡན་ལག་གཉིས་སུ་ཕྱེས་ཤིང་།རྩ་བ་སུམ་ཅུདང་ཡན་ལག་ལ་བཅུ་མངོན། རྩ་བ་སུམ་ཅུ་དེ་བོད་ཀྱི་གསལ་བྱེད་སུམ་ཅུ་རང་ཡིན་པས་ཞང་བོད་གཉིས་ལ་སྒྲ་གདངས་མི་འདྲ་བ་འབྱེད་དཀའ་བས་གཅིག་ཏུ་སོང་ཡང་སྐྱོན་དེ་ཙམ་མི་ཆེ། ཡན་ལག་ཡི་གེ་བཅུ་ལ་ཞང་བོད་གཉིས་ཀྱིས་ཁྱད་འབྱེད་དེ་ཞང་སྐད་ཐོག་ནས།ཀྴཨ༔ ཥྟ། ཨུ།ཨེ། ཨོ། ཨཾ། བྷི། མྷིང་། ཞེས་བཀླག་དགོས། བོད་སྐད་ནས་རིམ་བཞིན་འགོ་འདྲེན།ཚེགཤད། གི་གུ ཞབས་ཀྱུ། འགྲེང་བུ། ན་རོ། ཀླད་གོར། ཡ་སྟ། ར་སྟ། ཞེས་འབོད་ཅིང་མིང་ལ་སྐབས་སྦྱོར་གྱི་ཡི་གེ་བཅུ་ཟེར། དང་ཐོག་དཔའ་བོ་འབྲུ་ལྔ་གྲུབ་ཚུལ་དང་། འབྱུང་ལྔའི་ ས་བོན་གྱུར་ལུགས་ན་༼ཨཱོྃ་ནམ་མཁའི་ཁམས་༽ཞེས་པ་ནམ་མཁའི་ནམ་མཁའ་ཨ་ལ་ས་ཡི་བུ་ན་རོ་དང་ཆུ་ཡི་ནམ་མཁའ་མ་བརྒྱན་ཞིང་།ཆུ་ཡི་མེ་འ་བཏགས་པས་ཨཱོྃ་དུ་གྱུར།  དེ་བཞིན་༼རཾ་མེ་ཁམས་༽ཞེས་པའང་མེ་ཡི་མེ་ར་ལ་ཆུ་ཡི་ནམ་མཁའ་མ་བཞག་པས་རཾ་དུ་གྲུབ། ཡང་༼སྲུཾ་ས་ཁམས་༽ཞེས་པ་ས་ཡི་ས་ཡིག་ས་ལ་ས་ཡི་མེ་བུ་ར་སྟ་དང་ཆུ་ཡི་བུ་ཞབས་ཀྱུ་ཆུ་ཡི་ནམ་མཁའ་མ་བཞག་པས་སྲུཾ་དུ་གྲུབ།༼ཁཾ་ཆུ་ཁམས་༽ཞེས་པ་ནམ་མཁའ་ང་བཞག་བཞག་པས་ཁཾ་དུ་གྲུབ།༼ཡཾ་རླུང་ཁམས་༽ཞེས་པ་རླུང་གི་རླུང་ཡ་ལ་ནམ་མཁའི་ནམ་མཁའ་ང་བརྒྱན་པས་ཡཾ་དུ་གྲུབ་བོ། །ཡེ་གེའི་སྒྲོམ་གཞི་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་སྟངས་ནི་ཨཱོྃ་ལས་ཀྴ་ཀ་ཁ་ག་ང་ཧ་ཨ་ཨཾ་བཅས་འབྱུང་བ་ནམ་མཁའི་ཡི་གེ་བརྒྱད་བྱུང་།དེ་བཞིན་མེ་ཁམས་རཾ་ལས་ཨེ་ཅ་ཆ་ཇ་ཉ་ར་བྷི་ཥྟ་མེ་ཡིག་བརྒྱད་ བྱུང་གྲུབ། ས་ཁམས་སྲུཾ་ལས་ཨོ་ཏ་ཐ་ད་ན་ལ་ས་མྷིང་ཞེས་པ་ས་ཡིག་བརྒྱད་བྱུང་། ཆུ་ཁམས་ཁཾ་ལས་ཨུ་པ་ཕ་བ་མ་ཟ་འ་ཨཿབཅས་ས་ཁམས་ཀྱི་ཡི་གེ་བརྒྱད་གྲུབ།རླུང་ཁམས་ཡཾ་ལས་ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་ཞེས་པ་རླུང་ཡིག་བརྒྱད་བྱུང་བ་སོགས་ནི་འབྱུང་ཆེན་བྱུང་སྟངས་ཀྱི་ཆ་ནས་ཕྱེའོ།། འབྱུང་ཆུང་སྡེ་ལྔ་ཞེས་པར་འཕྲུལ་ཡིག་བཞི་བཅུ་ལ་སྒྲ་ གདངས་དྲག་ཞན་གྱི་ཕྱེས་པ་སྟེ་ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿ་ཥྟ་བརྒྱད་ནི་དབྱང་གསལ་གྱི་ཡི་གེ་གཞན་ལས་སྒྲ་ཤིན་ཏུ་རིང་པོ་ཡིན་པས་རླུང་སྡེ་ཆེན་པོ་ཡིན་ཅིང་གསལ་བྱེད་ཀུན་ལ་རླུང་བཞིན་ཁྱབ། ཀ་ཅ་ཏ་པ་ཙ་ཞ་ར་ཧ་རྣམས་ཀྱང་གསལ་བྱེད་ཀུན་ལས་སྒྲ་རྩོལ་དྲག་པོ་དང་རྩུབ་པས་ས་སྡེ་ཡིན། ཁ་ཆ་ཐ་ཕ་ཚ་ཟ་ལ་ཨ་བརྒྱད་དེ་གསལ་བྱེད་ནང་ནས་སྒྲ་གདངས་འབྲིང་ཙམ་ཡིན་པས་ཆུ་སྡེར་བཞེད།ག་ཇ་ད་བ་ཛ་འ་ཤ་བྷི་རྣམས་ངག་གི་རྩོལ་ བ་དམན་པས་མེ་ཡི་སྡེ་ཡིན།ང་ཉ་ན་མ་ཝ་ཡ་ས་མྷིང་རྣམས་སྒྲ་རྩོལ་ཤིན་ཏུ་ཞན་པས་རྔུབ་པ་སྟེ། ནམ་མཁའི་སྡེ་རུ་གཏོགས་ཞེས་པས་འབྱུང་བ་དེ་དག་གཡོ་བསྐྱོད་ཀྱི་ནུས་སྟོབས་ཆེ་ཆུང་ལ་ལྟོས་ནས་ཡི་གེའི་སྒྲ་གདངས་དྲག་ཞན་དབྱེ་ཚུལ་འདི་ནི་ཕ་མེས་ཀྱི་ཁྲག་དང་རྔུལ་ཆུ་ལས་མཆེད་པའི་སྲོལ་རྙིང་རིང་ཐང་བ་ཞིག་ཡིན་པས་བུ་ཚ་རྣམས་ཀྱིས་གཞན་པའི་ལན་ཟློས་ལ་མ་གཡེང་བར་གཅེས་ཉར་དགོས་པར་མཐོང་།ཡི་གེ་དེ་དག་སྒྲ་ཡི་སྐྱེ་གནས་ལ་སྦྱར་ཚུལ་ཡང་ཀྵ་ཀ་ཁ་ག་ང་རྣམས་མགྲིན་པ་ནས་སྐྱེས་ལ་ཤིང་ཁམས་ཡིན།ཨེ་ཅ་ཆ་ཇ་ཉ་ལྔ་དེ་རྐན་ནས་སྐྱེས་པས་མེ་ཡི་ཁམས།ཨོ་ཏ་ཐ་ད་ན་ཡང་ལྕེ་ནས་སྐྱེས་ལ་ས་ཡི་ཁམས། ཨུ་པ་ཕ་བ་མ་རྣམས་མཆུ་ནས་སྐྱེས་པས་ཆུ་ཡི་ཁམས།ཨི་ཙ་ཚ་ཛ་ཝ་ལྔ་དེ་སྣ་ནས་སྐྱེས་པས་རླུང་གི་ཁམས།ཨཾ་ཞ་ཟ་འ་ཡ་རྣམས་སོ་ནས་སྐྱེས་ལ་ལྕགས་ཀྱི་ཁམས། ཨཿར་ལ་ཤ་ས་རྣམས་སྤྱི་བོ་ནས་སྐྱེས་པས་རི་ཡི་ཁམས་ཟེར། ཥྟ་ཧ་ཨ་བྷི་མྷིང་རྣམས་ཀྱང་ཁོག་ནས་སྐྱེས་པས་ནམ་མཁའི་ཁམས་སུ་བཞེད་པ་རྣམས་ཀྱང་སྔ་རབས་ཞང་བོད་ཀྱི་སྲོལ་རྙིང་ཐུན་མིན་ཞིག་ཡིན་པས་ཉིང་དགོས་ཡོད་པའི་རྒྱུ་མཚན་ཡང་སྙིང་ལྡན་པ་ཞིག་ལོས་ཡིན།ཡི་གེའི་སྒྲ་གདངས་དྲག་ཞན་ལ་ཕོ་མོ་མ་ནིང་དབྱེ་ཚུལ་དེ་ཕྱིས་སུ་ ཐོན་མིས་གསར་དུ་བཟོས་པ་ཞིག་ལས་ཞང་བོད་རང་ལ་འབྱུང་བའི་སྒོ་ནས་ཕྱེས་བའི་སྲོལ་གོང་ལྟར་ཡིན།   འཕྲུལ་ཡིག་བཞི་བཅུ་དེ་ཉིད་ཀློག་ཚུལ་ཐང་བབ་ཀྱི་གོ་རིམ་ལ་དབྱངས་གསལ་གྱི་སྡེ་ཚན་དང་རྩ་ལག་གི་སྡེ་ཚན་གཉིས་ཡོད།དང་པོ་དབྱངས་གསལ་ལ་གསལ་བྱེད་ཀྱི་ཡི་གེ་བཞི་རེར་ཕྱེ་བས་སྡེ་ཚན་བརྒྱད་དུ་ངེས་ཏེ་ཀ་ཁ་ག་ང་།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ་བྷི་མྷིང་བཅས་པའི་གསལ་བྱེད་སོ་གཉིས་དང་། ལྷག་མ་བརྒྱད་ནི་དབྱངས་ཡིག་སྟེ་ཀྵ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྟ་བཅས། གཉིས་པ་རྩ་བ་དང་ཡན་ལག་གི་བརྩི་སྟངས་ནི། གསལ་བྱེད་ཀྱི་བྷི་མྷིང་དེ་གཉིས་ལྷག་མའི་དབྱངས་ཡིག་བརྒྱད་ལ་བསྣན་པས་ཡན་ལག་གི་ཡི་གེ་བཅུར་བཞེད་ལ།ལྷག་མའི་ཡི་གེ་སུམ་ཅུ་རྩ་བ་སུམ་ཅུ་ཡིན་པས་ལུགས་དེ་གཉིས་ལ་བྷི་མྷིང་གཉིས་ཡར་སྣོན་དང་མར་འཕྲི་ཙམ་ལས་གཞན་གཅིག་མཚུངས་ཡིན། གཉིས་པ་ཡིག་གཟུགས་ཀྱི་འཕེལ་རིམ་སྐོར། བོད་མིའི་ཁྲོད་དུ་དར་རྒྱུན་ཡོད་པའི་ཡིག་གཟུགས་འདི་རྣམས། མི་ཐོག་དུ་མའི་རིང་ནས་བརྒྱུད་བསྡད་པ་ཞིག་ཡིན་ཕྱིར། ང་ཚོས་གཅེས་ཉར་དགོས་རྒྱུ་གལ་ཆེ་མཐོང་། དེ་ཡང་རིག་གནས་ཆེ་ལྔའི་ཡ་གྱལ་བཟོ་རིག་པའི་ཁྱབ་ཁོངས་སུ་གཏོགས་པའི་ཡིག་གཟུགས་ཟེར་བ་དེ་ནི།སྐད་ཀྱི་སྒྲ་གདངས་མཚོན་པར་བྱེད་པའི་གཟུགས་རིས་སམ་རི་མོ་ཞིག་ཡིན་སྟབས་ཐོག་མར་སྟོན་པ་གཤེན་རབ་མི་ལོ་གཉིས་ནས་བརྒྱ་རུ་མ་ཟིན་པའི་བར་དེར་བཟོ་རྒྱལ་གར་མ་ལི་ཤོ་ལ།སངས་རྒྱས་བསྟན་པ་ཆགས་སའི་གཞི་མ་བཟོ་རིག་ བསྟན་ནས་ད་ལྟའི་ཆུ་རྟ་ལོ་བར་མི་ལ་ ༼༡༧༩༡༨༽ཙམ་ཕྱིན་ཡོད།  བཟོ་རྒྱལ་གར་མ་ལི་ཤོ་དང་དེའི་སློབ་མ་བསྟན་པའི་རྒྱན་དྲུག་གི་ནང་གསེས་བྲིས་ལ་མཁན་པ་ཡི་གེ་འཕྲུལ་ཆུང་གཉིས་ཀྱིས་ཡིག་གཟུགས་ཀྱི་སྲོལ་ཕྱེས་པ་ནས་བཟུང་།རྟག་གཟིགས་ལ་སྤུངས་སོ་ཆེ་ཆུང་དང་། ཞང་ཞུང་ལ་ཡིག་རྒན་དང་།སྨར་སྦྲག ཞང་ཞུང་སྒོ་བར་ལ་སྨན་ཆེན་སྨར་ཆུང་།རྒྱ་གར་ལ་ལཉྫ་དང་ཝརྟུ།བོད་ལ་ཐོག་མར་གཟབ་ཚུགས་དང་། འབྲུ་མའི་གཟུགས་རྣམས་རིམ་བཞིན་དར་ཁྱབ་ཡོང་བའི་བྱེད་སྒོ་རྒྱ་ཆེན་པོ་སྤེལ་རྗེས་ཞང་བོད་རྒྱ་དཀར་ནག་བཅས་སོ་སོའི་ཡུལ་དུ་རྒྱུ་འབྲས་ཀྱི་བོན་དཔེ་རྣམས་ཡིག་གཟུགས་སྟེང་ནས་དར་འགོ་ཚུགས། རྟག་གཟིགས་ཟེར་བའི་ཡུལ་དེ་ད་ལྟ་ཨེ་ཤ་ཡ་༼Asia༽ཡི་དབུས་དང་།ནུབ་བྱང་གི་ས་ཁྱོན་ཕྱོགས་སུ་ངོས་འཛིན་ལ།ད་ལྟ་དེའི་སྐད་དང་།ཡིག་རིགས་ཕལ་ཆེར་ གྱི་ཕུག་རྩ་རྟག་གཟིགས་དང་།ཞང་ཞུང་བཅས་ལ་ཐུག་ཡོད། ཡིག་གཟུགས་ལ་ལཉྫ་དང་། ཝརྟུ། གུཔྟ་༼Gupta༽བཅས་ཀྱི་ཡི་གེ་རྣམས་ཀྱང་།རྟག་གཟིགས་ཀྱི་སྤུངས་སོ་ཆེ་ཆུང་དང་ཞང་ཞུང་གི་སྨར་ཡིག་བཅས་ནས་བྱུང་བར་བཤད། ང་ཚོའི་བོད་ཀྱི་ཡིག་གཟུགས་འདི་གཉའ་ཁྲིའི་ཡར་སྔོན་ནས་བོད་ལ་བྱུང་བར་རིགས་ཏེ། སྟོན་པ་གཤེན་ལོ་ཉི་ཤུའི་ཐོག་བོད་ལ་ཕེབས་སྐབས་ད་ཆར་བོན་པོས་ཀློག་བཞིན་པའི་འབུམ་ཉི་མ་དགུ་ཤར་གྱི་པོད་རྣམས། ད་ལྟ་མངའ་རིས་ཁོངས་སུ་གཏོགས་པའི་གཙང་བྱེ་མ་གཡུང་དྲུང་གི་གནས་སུ་གསུངས་པས་ཡིག་གཟུགས་ལ་མ་བརྟེན་པར་གཏན་ལ་འབེབ་དཀའ་བར་སྣང་། གཞན་ཡང་བོད་ཀྱི་བོན་པོ་རྣམས་ལ་ངེས་དོན་གྱི་བོན་གསུང་མེད་ཀྱང་ལྷ་གསོལ་བ་དང་།འདྲེ་བཀར་བ།སྲི་གནོན་པ། ཕྱྭ་གཡང་ལེན་པ་སོགས་རྒྱུ་ཡི་བོན་འགའ་ཞིག་གསུངས་པས་དེ་དག་ཀྱང་ཡིག་གཟུགས་ལ་བརྟེན་དགོས།མདོར་ན་བོད་རྒྱལ་ཐོག་མ་གཉའ་ཁྲིའི་ ཡས་མས་སུ་བོན་གཞུང་རླབས་པོ་ཆེ་ཞིག་ཞང་ཞུང་ནས་བོད་དུ་ཕབ་བསྒྱུར་བྱས་པར་རྩོད་མེད་ཡིན་པས། ཞང་ཡིག་ལས་ཐ་དད་པའི་བོད་ཀྱི་ཡིག་གཟུགས་ཤིག་དགོས་ཏེ། ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར་བ་སོགས་ཀྱིས་སྒྲུབ་བོ།།སྐབས་དེར་བོད་ཀྱི་ཡིག་གཟུགས་འདི་དང་དེ་འདྲ་ཞིག་རེད་ཟེར་པའི་ལོ་རྒྱུས་དང་རྣལ་མའི་ངེས་ཤེས་ཤིག་མ་ རྙེད་ཀྱང་ལུང་ཚིག་འགའ་དང་དོན་དངོས་ཀྱི་འགྲོས་ལ་དཔྱད་ན།བོད་ཀྱི་ཡིག་གཟུགས་གཟབ་གཟུགས་དང་། རྗིབ་ཚུགས་འབྲུ་མའི་ཚུགས་སོགས་བྱུང་བ་ཐག་གཅོད་བྱེད་ཆོག་རྒྱུ་མཚན་ནི་བོད་རྒྱལ་གྲི་གུམ་དུས་སུ་གཏེར་ལ་སྦས་པའི་བོན་དཔེ་མང་དག་ཅིགདུས་རབས་ བཅུ་པའི་འགོར་གཤེན་ཆེན་ཀླུ་དགའ་སོགས་ཀྱིས་གཏེར་ལས་ལས་དྲངས་པའི་བོན་དཔེའི་ནང་།   ལ་ལ་འབྲུ་མའི་ཐོག་ནས་བྲིས་ཡོད་ལ། འགའ་རེ་གཟབ་ཚུགས་ཀྱི་ཐོག་ནས་བྲིས་པ་དག་ལས་རྟོགས་ནུས། མ་ཚད་བཅའ་འདོན་སྐོར་གྱི་བོན་དཔེ་རྙིང་གྲས་རྣམས་ཀྱང་འབྲུ་མ་དང་རྗིབ་ཀྱི་ཐོག་ནས་བྲིས་ཡོད།དེ་རྗེས་བོད་རྒྱལ་བརྒྱད་པ་གྲི་གུམ་དུས་སུ་བོད་ཀྱི་འབྲུ་ གཟབ་གཉིས་ཀྱི་སྟེང་ནས་བྲིས་པའི་མདོ་སྔགས་རྫོགས་གསུམ་གྱི་པོ་ཏི་བཞི་བརྒྱ་ཡས་མས་ཤིག་རྒྱལ་པོའི་ཐུགས་ལ་གདོན་ཞུགས་པའི་དབང་གིས།བོན་གཤེན་རིག་འཛིན་རྣམས་ཀྱིས་ བོན་དཔེ་མང་དག་ཅིག་བོད་ཀྱི་མཐའ་མཚམས་ཟང་ཟང་ལྷ་བྲག་དང་།སྤ་གྲོ་ཕུག་བཅལ།ཟར་གྱི་སྟག་སྣ།བསམ་ཡས། འབྲིགས་མཚམས་མཐའ་དཀར། ཡར་ལུང་རམ་པོ་དཔལ་རི། དྭང་ར་ཁྱུང་རྫོང་། རྒྱུ་སྲུབ་གསང་བའི་བྲག་བཅས་ལ་སྦས་དགོས་བྱུང་དེའི་སྲས་སྤུ་ལྡེ་གུང་རྒྱལ་གྱི་དུས་སུ་བོན་རྣམས་སྔར་བཞིན་དར་རྒྱས་བྱུང་ཡོད་པས་ཡིག་གཟུགས་རྣམས་ཀྱང་སྔར་གྱི་ཡིག་གཟུགས་ལས་འགྱུར་འགྲོས་སོང་བ་བརྗོད་ཐུབ།དེ་ནས་བཟུང་བོད་རྒྱལ་ས་ལལེགས་དྲུག་དང་ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ།ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་སོགས་ཀྱི་རིང་བོད་ཀྱི་ཡིག་གཟུགས་དེ་དག་གིས་བོན་གཞུང་མདོ་སྡེ་དང་། འབུམ་སྡེ། རྒྱུད་སྡེ། མཛོད་ཀྱི་སྡེ་རྣམས་བོད་ཁམས་ཡོངས་ལ་འབུར་དུ་ཐོན་པའི་དར་རྒྱས་བྱུང་ནིམགྲིན་པ་བཏེགས་ནས་སྨྲ་ཆོག དེ་རྗེས་བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པའི་རིང་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་བརྫངས་ཤིང་། ཁོང་གིས་བྲམ་ཟེ་ལི་བྱིན་སོགས་ལ་བསྟེན་ནས་ཡོན་ཏན་མཐར་སོན་པ་དེས་རྒྱ་གར་ནས་དམ་ཆོས་བོད་སྐད་དུ་བསྒྱུར་བ་དགེ་མཚན་ཆེན་ པོ་བྱུང་ཞིང་ད་དུང་བོད་ཀྱི་ཡིག་གཟུགས་དང་ཡི་གེ་ལ་ཕོ་མོ་མ་ནིང་དབྱེ་ཚུལ།རྣམ་དབྱེ་སོགས་ལ་ཅུང་ཙམ་ཡར་རྒྱས་བཏང་ཡོད་ནའང་སྲིད། བོད་ལ་སྔར་མ་དར་བའི་ཡིག་གཟུགས་གསར་དུ་བཟོས་མེད་ལ་ཡི་གེའི་སྒྲ་གདངས་ཀྱང་གསར་དུ་རྩོམ་མེད།དེས་ན་ཐོན་ མིས་བོད་ལ་འཁོ་ཚད་ལ་ལོང་བའི་ཡི་གེའི་གྲངས་རྣམས་རྒྱ་གར་ཡི་གེ་ལས་དཔེ་བླངས་ནས་གསར་དུ་བཟོས་ཟེར་བ་ནི།ཡིད་རྟོན་མེད་པའི་ཁུངས་སུ་སྣང་སྟེ།རྒྱ་ཡིག་ལ་ཅ་ཆ་ཇ་དང་ཞ་ཟ་འ་བཅས་མེད་པ་དང་།ཐོན་མིས་ཡི་གེ་དྲུག་པོ་གསར་དུ་བཙལ་ཚུལ་དང་བཟོས་ཚུལ་དེ་དག་ལྷ་སྒྲུང་ལྟ་བུ་ཞིག་ལས་དོན་དངོས་ཀྱི་ལོ་རྒྱུས་ཤིག་ཡིན་པ་རིགས་པ་སྨྲ་བའི་ཁྲོད་ནས་བརྒྱ་ཆ་མ་ལོང་བའི་ཇི་འདྲ་ནུས་མེད་ཞིག་རེད་ཨང་།བོད་རྒྱལ་གཉའ་ཁྲིའི་ཡས་མས་སུ་ འཕྲུལ་ཡིག་བཞི་བཅུ་བོད་ལ་དར་རྒྱས་བྱུང་བས་སྟོད་ནས་ཅ་ཆ་ཇ་གསུམ་དང་སྨད་ཀྱི་ཞ་ཟ་འ་གསུམ་ནི་འཕྲུལ་ཡིག་བཞི་བཅུའི་ནང་གསེས་ཀྱི་ཡི་གེ་ཡིན་པས་སླར་ཡང་ཐོན་མིས་གསར་དུ་བརྩམ་པའི་ངལ་བ་མི་དགོས།ཁྲི་སྲོང་སྐབས་སུ་རྒྱལ་བློན་རྣམས་ཀྱིས་བོན་ཆོས་བསྣུབ་རྒྱུ་ དང་དམ་ཆོས་སྤེལ་བའི་ལས་འགུལ་གཉིས་དུས་གཅིག་ལ་ཚ་འདེད་བྱས་པར་བརྟེན་བོན་དཔེ་ཕལ་ཆེ་བ་བསྡུ་རུབ་བྱས་ནས།ཁག་གཅིག་ཆུ་ལ་གཡུགས་པ་དང་འགའ་ཞིག་མེར་བསྲེགས་པ་ཚོ་གཅིག་བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་མནན་པ་སོགས་བོན་པོ་ཚོ་ལ་སྐྱུག་བྲོ་བའི་ཚོར་སྣང་འཕར་མ་ཞིག་འབྱིན་བཞིན་ཡོད་སྟབས་སྙིང་མེད་ན་གློ་སྟོང་འཕག་ཞེས་པའི་དཔེ་ལྟར། བོན་ཆོས་བར་ལ་འཐབ་རྩོད་ཤུགས་ཆེན་ལངས། དེར་བརྟེན་ཆོས་ཕྱོགས་ཀྱི་མཁས་པས་བོད་ཀྱི་ཤེས་གཞུང་གོམས་གསུམ་གྱི་བྱུང་ཁུངས་བོན་ཆོས་ལ་ཐུག་པར་མཁྱེན་ཡང་།  ཆོས་ཀྱི་ལ་རྒྱ་འཆོར་བར་དྭོགས་ནས་བོད་ཀྱི་རིག་གཞུང་ཀུན་གྱི་ཕ་ཡུལ་རྒྱ་གར་ལ་བཅོལ། ཆོས་རྒྱལ་དང་ཆོས་བློན་རྣམས་ཀྱི་དགོངས་གཞི་ལ། བོན་ཆོས་ཡོངས་རྫོགས་བསྣུབ་རྗེས་ད་གཟོད་དམ་ཆོས་དང་མཉམ་དུ་བོད་མིའི་རིག་གཞུང་རྒྱ་གར་ནས་བྱུང་བ་བརྗོད་རྒྱུ་ཉག་གཅིག་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་དམ་སྙམ།ལོ་རྒྱུས་འདི་རྣམས་ཀྱི་བབ་ལ་ཞིབ་མོས་དཔྱད་ན་ཐུབ་ཆོས་བོད་དུ་མ་དར་སྔོན་ལ་བོད་ལ་བོད་ཡིག་གི་སྲོལ་དང་། སུམ་རྟགས་ཀྱི་འགྲོས་རྣམས་བྱུང་ཡོར་པར་མངའ་རིས་ས་ཁུལ་ནས་ཐོན་པའི་གནའ་རྫས་དང་ཤོག་དྲིལ་བཅས་ཀྱིས་ར་སྤྲོད་བྱས་ཡོད།འོ་ན་ཐོན་མིས་བོད་ཡིག་སྐོར་ལ་བྱས་རྗེས་མེད་དམ་ཞེ་ན་མ་ཡིན་ཏེ་བོད་ཡིག་ཇེ་རྒྱས་དང་།ཇེ་ཕྱུག་ཏུ་བཏང་ཡོད་དེ་འཕྲུལ་ཡིག་བཞི་བཅུ་ནས་ད་ལྟའི་དབྱངས་གསལ་སོ་བཞི་གཏན་འབེབ་བྱས་ལ། གསལ་བྱེད་སུམ་ཅུ་རང་འཇགས་སུ་བཞག་པ་དང་ཡན་ལག་ཡི་གེ་བཅུ་ནས་དབྱངས་བཞི་ཕྱིར་འཐེན་ཞིང་ལྷག་མ་དྲུག་ཡི་གེའི་གྲངས་སུ་མ་བགྲང་བ་ཡིན། རྣམ་དབྱེའི་སྐོར་ལ་ལ་དོན་གྱི་ཕྲད་དང་། བྱེད་སྒྲའི་ཕྲད། འབྲེལ་སྒྲའི་ཕྲད་བཅས་ལ་ཚད་དང་ལྡན་པ་གཏན་འཁེལ་གནང་ཞིང་རྗེས་འཇུག་ལ་ལྟོས་པའི་ཕྲད་འཐོབ་ཚུལ་སྐོར་ལ་གསལ་ཁ་ཅུང་ཙམ་བཏོན་ཡོད་ནའང་ཐང་། བོད་རྒྱལ་མང་སྲོང་མང་བཙན་གྱི་དུས་སུ་ཡིག་གཟུགས་མཁས་ཅན་ཆ་ངར་རིན་ཆེན་འབར་གྱིས་བྲིས་པའི་ཡིག་གཟུགས་ལ༼སོ་ཕག་གཤིབ་འདྲ་༽ཟེར།བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་ཡིག་གཟུགས་མཁས་པ་དགེ་བསྙེན་དཀོན་མཆོག་གིས་བྲིས་པའི་ཡིག་གཟུགས་ལ་༼ནས་སྔོན་པོ་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ་༽ཟེར།དེ་རྗེས་བོད་རྒྱལ་མུ་ནེ་བཙན་པོའི་དུས་རིང་ལ་ཡིག་མཁས་ཚེས་སྤོང་བྱང་ཆུབ་ཀྱིས་བྲིས་པའི་ཡིག་གཟུགས་ལ་༼སྦུར་ནག་བགྲད་འདྲ་༽ཞེས་བཤད་ལ། བོད་རྒྱལ་ཁྲི་རལ་པའི་སྐབས་སུ་ཡིག་གཟུགས་པ་འབྲེ་བ་ཡོན་ཏན་གྱིས་བྲིས་པའི་ཡིག་གཟུགས་ལ་༼སེང་གེ་གནམ་མཆོང་༽འདྲ་བ་བཅས་བྱུང་ཞིང་། དེ་རྗེས་ཡིག་གཟུགས་ལ་མཁས་པ་ཁྱུང་པོ་གཡུ་ཁྲི་དང་ཤྭཀྱ་རྡོ་རྗེ། སྣ་ནམ་ཞང་བཙུན། སུམ་པ་གནོད་སྦྱིན་སོགས་རིམ་བཞིན་བྱུང་ལ་ལྷག་པར་ཁྱུང་པོ་གཡུ་ཁྲི་ལ་ཡིག་མཁན་སློབ་མ་བཅུ་གཉིས་བྱུང་། ཁོང་གིས་བོད་ཡིག་དབུ་ཅན་གྱི་ཐིག་རིས་ཀྱང་མཛད་ཡོད། དེ་ནི་དུས་རབས་དགུ་པའི་འགོ་ལ་བྱུང་བ་ཞིག་ཡིན་འདུག དེ་ནས་ད་ལྟའི་བར་གངས་ལྗོངས་སུ་ཡིག་གཟུགས་ཀྱི་བརྒྱུད་སྲོལ་མ་ཉམས་པར་གནས་པ་སྨོན་ཅི་དགོས། བོད་ཡིག་དབུ་ཅན་ལ་ཡིག་དཀར་ཡང་ཟེར་ལ་གཟབ་ཀྱང་ཟེར་དེ་ཉིད་ཞང་ཞུང་སྨར་ཆུང་ཤིན་ཏུ་མཚུངས་པས་གང་རུང་ཞིག་ཤེས་ན་གཅིག་ཤོས་དེ་དཀའ་ཚེགས་མེད་པར་བདེ་བླག་ཏུ་ཀློག་ཐུབ་འབྲུ་མ་དང་ རྒུར་རྣམས་གཅིག་ལ། དེ་ཉིད་ཞང་ཞུང་སྨར་ཆེན་དང་འདྲ་སྟེ་སྨྱུག་སོས་ཁམས་འདོན་སྟངས་དང་བཟོ་དབྱིབས་ཕལ་ཆེར་མཚུངས། བོད་ཀྱི་དབུ་ཅན་དང་དབུ་མེད་གཉིས་ཞང་ཞུང་སྨར་ཆེ་ཆུང་ལས་བྱུང་བའི་བཤད་སྒྲོས་དེ་དངོས་ལྡན་གྱི་ལོ་རྒྱུས་ཤིག་སྣང་། གཞན་ཡང་བོད་ཀྱི་ཡིག་གཟུགས་ལ་ཚུགས་རིང་དང་ཚུགས་ཐུང་ངམ་རྗིབ། ཚུགས་མ་འཁྱུག་འཁྱུག་ཡིག་རྣམས་དབུ་མེད་དང་ལུས་ཀྱི་ཆ་ནས་མཚུངས་ཀྱང་། སྨྱུག་གུས་ཁམས་ལེན་སྟངས་ཞིབ་ཚག་སོགས་དུ་མའི་ཐོག་ནས་ཁྱད་ཡོད་ཅིང་དེ་དག་བོད་ཡོངས་ལ་སྤྱི་མཚུངས་ཀྱི་དར་སྲོལ་བྱུང་ཡོད། འབྲུ་མའམ་རྒུར་ཟེར་བའི་ཡིག་གཟུགས་འདི་བོད་ཁམས་ཡོངས་ལ་འབྲི་སྲོལ་དེ་ཙམ་དུ་གྲགས་མེད་ཀྱང་། བོན་ལུགས་ལ་དར་སྲོལ་ཆེན་པོ་ཡིན་ཞིང་། བྲིས་གཟུགས་འདི་ལ་ཁྱུང་བྲིས་ཀྱང་ཟེར། བོན་པོའི་ནང་ནས་ཁྱུང་ཡུལ་སྟོད་སྨད་ལ་དར་ཁྱབ་ཆེན་པོ་ཡིན་ཏེ་སྟ་རེའི་ཁམས་དང་། ག་གཟིའི་ཁམས། མ་ནིའི་ཁམས། སྒོ་ཧྲང་ལུགས། ཁྲ་ཡི་ཁམས་སོགས་བཟོ་དབྱིབས་མི་འདྲ་བར་དུ་མ་ཡོད་པས་དེའི་ནང་གསེས་ལ་བྲིས་ཁམས་བཟང་མིན་གྱི་རྒྱུ་རྩལ་དུ་མ་མཆིས། སྤྱིར་འབྲུ་མ་འདི་ལ་ལི་ཁམས་ཟག་གསུམ་དང་། དོད་གཙང་སྙོམས་གསུམ་དགོས་པ་གཅིག་གྱུར་ཡིན་ལ།བྲིས་ཀྱི་ཁོག་དབུབ་སྟངས་སོགས་ཕལ་ཆེར་འདྲ། ཡིག་བྲིས་པའི་རུསས་མིང་ངམ་ཁྱིམ་ཚང་གི་མིང་ཡང་ན་ཁོ་རང་མིང་ཡིག་གཟུགས་ལ་ཐོག་ནས་སོ་སོའི་ལུགས་སམ་དེ་ཡི་བྲིས་ཁམས་ཞེས་བཤད་སྒྲོས་ཡོད། བོད་ཀྱི་འབྲུ་ཚ་ཟེར་བའི་ཡིག་གཟུགས་འདི་ཡང་འབྲུ་མ་དང་ཕྱོགས་མཚུངས་ཏེ། འབྲུ་མ་ལ་དཔེར་ བླངས་ནས་བཟོས་ཤེང་འབྲུ་ཡི་ཚ་བོ་ལྟ་བུ་གྱུར་བས་འབྲུ་ཚར་གྲགས། དེབ་ཐེར་དང་དེང་གི་མཁས་པའི་བཞེད་ཚུལ། ཆོས་ཕྱོགས་ཀྱི་དེབ་ཐེར་དང་ད་ལྟའི་མཁས་པ་སོ་སོའི་བཞེད་པ་ཅི་རིགས་རང་སོར་གནས་པ་ལས།   ད་ཕན་གནའ་བོའི་ལོ་རྒྱུས་དངོས་དང་འཚམས་པའི་སྡོམ་ཚིག་རྣལ་མ་ཞིག་བྱུང་མེད་པ་ནི་ལོང་བས་གླང་འཇུག་གི་ངང་ཚུལ་ལྷུར་ལེན་པའམ་ཡང་ན་སྨྲ་བ་སྤང་ནས་སྡོད་དགོས་པའི་གནད་དོན་ཞིག་ཏུ་སྣང་། དེབ་ཐེར་ཁག་ཏུ་ཐོན་མིས་བོད་ཡིག་བཟོས་ཚུལ་མི་མཐུན་པ་དུ་ཞིག་མཆིས་ཏེ་ཏཱ་ལའི་སྐུ་ཕྲེང་ལྔ་པས་བརྩམས་པའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་དགའ་སྟོན། གསེར་ཏོག་སྐུ་ཕྲེང་ལྔ་པས་མཛད་པའི་སུམ་རྟགས་བཅས་ནས། ༼ལཉྫ་ལ་དཔེ་བྱས་ནས་དབུ་ཆེན་དང་། ཝརྟུ་ལ་དཔེ་བྱས་ནས་བཤར་མའམ་དབུ་མེད་བཟོས།༽ ཞེས་དང་། སི་ཏུ་པཎ་ཆེན་གྱིས་བརྩམས་པའི་སི་ཏུ་འགྲེལ་ཆེན་དང་། དགེ་འདུན་ཆོས་འཕེལ། རྗེ་བུ་སྟོན་སོགས་ཀྱིས་༼ཐོན་མིས་ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་བཟོས་༽ཞེས་དང་ཡང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཆོས་འབྱུང་ལས།༼ཁ་ཆེའི་ཡི་གེ་དང་བསྟུས་ནས་ཐོན་མིས་བོད་ཀྱི་ཡི་གེ་མཛད།༽ཅེས་དང་། ཡང་འགའ་ཞིག་གིས་གུཔྟ ༼Gapta༽ཡི་ཡི་གེ་ལས་བོད་ཀྱི་ཡི་གེ་བྱུང་ཞེས་པ་ལྟར་ན་ད་ལྟའི་བོད་ཡིག་གི་ཕྱི་མོ་ལ་ལཉྫ་དང་། ཝརྟུ། ན་ག་རའི་ཡི་གེ ཁ་ཆེའི་ཡི་གེགུཔྟའི་ཡི་གེ་བཅས་ཁག་ལྔ་ཙམ་བྱུང་བས་ཡིད་གཏད་ཐུབ་པའི་དོན་དངོས་ཀྱི་ལོ་རྒྱུས་ལྟ་ཞོག་རྫུན་པས་བདེན་པ་བསུབ་པའི་སྨྱོན་ལབ་ཅིག་ལས་མ་འདས། ཆོས་ཕྱོགས་ཀྱི་ལོ་རྒྱུས་རྩོམ་པ་པོ་ཕལ་ཆེ་བ་ཆོས་ལ་མཁས་པ་ཡིན་པ་དང་། ཆོས་བྱུང་ས་རྒྱ་གར་ཡིན་པའི་ཆ་ནས་བོད་ཡིག་གི་བྱུང་ཁུངས་ཀྱང་རྒྱ་གར་ལ་གཏུགས་འདུག དེ་དག་ནི་དངོས་བྱུང་ལོ་རྒྱུས་དང་མི་འཚམས་པའི་འགལ་བ་ཞིག་ཡིན་པས་རིང་དུ་འདོར་རྒྱུའི་གྲས་སུ་གྱུར། ད་དུང་ཞང་ཞུང་དང་བོན་ཆོས་བར་འབྲེལ་བ་མེད་ཚུལ་གྱི་གཏམ་ནི་ཧ་ཅང་ཐལ་དྲགས་པའི་སྐྱོན་དུ་ངེས། ཡང་འགའ་ཞིག་གིས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པའི་བཞེད་ཚུལ་ནི་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་བོད་ཀྱི་རིག་གནས་ལྔ་ཡི་རྣམ་བཞག་ནང་ལ། ༼མདོར་བསྡུས་བཞི་པ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་པ་ན། བཀའ་སྡུས་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ་སྡེ་སྣོད་གསུམ་མ་གྷ་དྷའི་སྐད་ཀྱིས་བྲིས་སོ། མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་བྲིས་སོ། ཕ་རོལ་ཕྱིན་པ་དང་སྔགས་ཀྱི་ཚུལ་ནི་ལེགས་སྦྱར་སྐད་ཀྱིས་བྲིས་སོ།  རྒྱུད་དང་རྒྱུད་གཞན་ནི། ལེགས་སྦྱར་དང་། ཐ་མལ་པའི་སྐད་དང་། ཟུར་ཆགས་ཀྱི་སྐད། ཀླ་ཀློའི་སྐད་ཀྱིས་བྲིས་སོ། དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་སྐད་ཀྱིས་བྲིས་སོ་༽ཞེས་པས། བོད་རྒྱལ་སྤུ་ལྡེ་ཡར་མར་གྱི་དུས་ཚིགས་ཤིག་ལ་ཁེལ་ཡོད། དེ་དུས་བོད་ལ་བོད་ཡིག་མེད་ན་ཐེག་པ་གསུམ་བོད་སྐད་དུ་འབྲི་རྒྱུ་མེད་པ་དང་ཡི་གེ་གཞན་ཞིག་གི་ཐོག་ནས་བོད་སྐད་དུ་འཕབ་མི་ཐུབ་པར་མངོན། ཡང་དགེ་འདུས་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོའི་ནང་ལ། ༼སྲོང་བཙན་གོང་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང་། དེ་ཡང་རྟག་གཟིགས་ཀྱི་སྤུངས་ཡིག་བྱ་བ་ཞང་ཞུང་ཡིག་རྒན་དུ་བསྒྱུར་། དེ་སྨར་སྦྲག་ཏུ་བསྒྱུར། དེ་རིམ་བཞིན་བོད་ཀྱི་དབུ་ཅན་དང་། འབྲུ་མར་བསྒྱུར་༽ཞེས་དང་། ཡང་ཚེ་ཏན་ཞབས་དྲང་གིས། ༼ཐོ་ཐོ་རི་གཉན་བཙན་གྱིས་དུས་སུ། བོན་པོ་རང་ལ་ཡི་གེ་ཡོད་དམ་ཅེས་དྲིས་ན། བོན་པོ་རང་གི་ཆོས་ཕྱོགས་ལ་སྤྱོད་པའི་ཡི་གེ་རེ་ཡོད་པའམ་སྲིད། དེ་ནི་ཆོས་ཕྱོགས་ཁོ་ནར་བཀོལ་ཐུབ་ཙམ་ཞིག་ལས། ཆོས་སྲིད་གཉིས་ཀར་བཀོལ་བའི་ཡི་གེ་ཁྱབ་གདལ་དུ་ཡོད་པ་མི་འདོད། དེའི་དུས་བོན་པོ་ལ་ཡི་གེ་ཡོད་ཀྱང་ཆོས་ཆོས་སྲིད་གཉིས་ཀར་སྤྱོད་མི་ཐུབ་པའི་དཔེར་མཚོན་ལ་,,ཟ་ལར་,,གྱི་ཡི་གེ་འདི་ངས་དཔེ་བཀོད་པ་ཡིན།དེའི་ཕྱིར་ལོ་རྒྱུས་ཀྱི་དབྱེ་་གཉིས་པོད་ལྟའི་བོད་ཡིག་དང་།བོན་པོའི་ཡི་གེར་ཟེར་འདི་སོ་སོར་བཀར་ནས་དཔྱད་པ་གཏོང་དགོས་༽ཞེས་པ་ལ།  སྲོང་བཙན་གོང་དུ་བོད་ལ་ཞང་ཞུང་ནས་བོན་ཆོས་བོད་སྐད་དུ་བསྒྱུར་གཏུབ་པའི་ཡི་གེ་ཞིག་ཡོད་དུས་ཆབ་སྲིད་ཀྱི་ལམ་ལུགས་རྣམས་ཡི་གེ་ དེའི་སྟེང་ནས་སྤྱོད་མི་ཐུབ་པའི་རྒྱུ་མཚན་མེད། གཏིང་དཔག་དཀའ་བའི་བོན་ཆོས་ཀྱི་ཚིག་ཐམས་ཅད་ཡི་གེ་དེས་གཏན་ལ་ཕབ་ཡོད་པས་ཆབ་སྲིད་ཀྱི་ངག་ཚིག་རྣམས་སྨོས་ཅི་དགོས། གལ་ཏེ་ཆབ་སྲིད་གཏན་ལ་འབེབ་པའི་ཡི་གེའི་མཚམས་སྦྱོར་མེད་ཟེར་ན། བོན་ཆོས་རྣམས་ཡི་གེ་དེས་བོད་སྐད་དུ་ཕབ་མི་ནུས་ཏེ། བོད་ཡིག་གི་མཚམས་སྦྱོར་མེད་པའི་ཕྱིར། གཞན་ཡང་བོད་རྒྱལ་སོ་གཉིས་རིང་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་བོན་ཆོས་དང་སྦྲེལ་ནས་བོད་ཀྱི་རྒྱལ་སྲིད་བཟུང་བ་ལས། བོན་དང་མ་འབྲེལ་བར་རྒྱལ་སྲིད་བཟུང་མེད། བོད་རྒྱལ་རེ་ལ་ལྷ་མཆོད་ཀྱི་སྐུ་གཤེན་རེ་དང་། ཐུགས་དམ་གྱི་བོན་རེ་ ཡོད་སྟབས་བོད་རྒྱལ་དེ་དག་གིས་ཆོས་སྲིད་གཉིས་ཀར་སྤྱོད་ནས་བོད་ཀྱི་རྒྱལ་སྲིད་བཟུང་བར་བརྟེན། སྲིད་ཕྱོགས་ནས་བཀོལ་ཡི་གེ་མེད་པ་དང་། ཆོས་ཕྱོགས་ལ་སྤྱོད་པའི་ཡི་གེ་ཡོད་ ཟེར་བ་མནོ་བསམ་མ་གཏང་བའི་ཚིག་ཏུ་ཟད། ཡང་ནོར་བྲང་ཨོ་རྒྱན་གྱིས་བོད་ལྗོངས་ཞིབ་ འཇུག་ཏུ་བྲིས་པའི་ཡི་གེའི་བྱུང་ཚུལ་སྐོར་ཞེས་པའི་ནང་ནས། ༼གནའ་བོའི་བོད་ཀྱི་ཡི་གེ་དེ་ཞང་ཞུང་གི་ཡི་གེར་ངོས་འཛིན་དགོས་ལ། དེ་ཡང་བོད་ཀྱི་ས་ཁུལ་བྱེ་བྲག་པའི་ཡི་གེར་བརྩི་བ་ལས་བོད་སྤྱི་པའི་ཡི་གེར་མི་བརྩི་བ་ལྟ་བུར་གོ་བ་བླངས་ན་དེར་འགལ་བ་ཆེར་མི་འདུག་སྙམ་༽ཞེས་པ་ལ། གནའ་བོའི་ཞང་ཞུང་ཡི་གེས་གནའ་བོའི་བོད་ཀྱི་ཡི་གེའི་ཚབ་མཚོན་ཐུབ་ན། བོན་གཤེན་རྣམས་ཀྱིས་ངལ་བ་བསྲིངས་ནས་བོན་གྱི་མདོ་སྔགས་རྫོགས་གསུམ་རྣམས་དམིགས་སུ་བཀར་ཏེ། ཞང་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་ཐེངས་མང་བྱེད་དགོས་དོན་མེད། ཞང་ཞུང་སྨར་ཆེ་ཆུང་ལ་དཔེ་བླངས་ནས་བོད་ཀྱི་ཡིག་གཟུགས་གཟབ་དང་འབྲུ་མ་ཡང་བརྩམས་པར་དགོས་མེད་ཡིན། དེས་ན་ཞང་སྐད་དུ་ཡིད་པའི་བོན་གཞུང་རྣམས་བོད་མིར་གོ་བརྡ་མི་འཕྲོད་པ་དང་། བོད་སྐད་དུ་ཡོད་པའི་བོན་གཞུང་རྣམས་ཀྱང་ཞང་ཞུང་པས་བཀོལ་སྤྱོད་མི་ཐུབ་པའི་ཡན་དགར་བ་ཞིག་ཡིན་སྟབས།  བོད་རྒྱལ་གྲི་གུམ་གྱིས་བོན་ཆོས་བསྣུབ་སྐབས་བོན་གཤེན་རྣམས་ཀྱིས་ཞང་ཞུང་དུ་གདན་དྲངས་པར་བོད་ཀྱི་མཐའ་མཚམས་ཁག་ལ་གཏེར་དུ་སྦས་དགོས་བྱུང་ཡོད། ད་དུང་བོད་ཀྱི་ཤ་རི་དབུ་ཆེན་གྱིས་བོན་ཆོས་ཕབ་བསྒྱུར་ཆེད་དུ་ཞང་བོད་ཀྱི་སྒྲ་མདོ་བརྩམས་དགོས་བྱུང་བ་དག་དཔྱད་ན་ཞང་བོད་གཉིས་ཀྱི་སྐད་ཡིག་བར་ལ་འབྲེལ་བ་ཡོད་ཀྱང་གཅིག་པ་མིན་པ་ར་སྤྲོད་ཐུབ་པ་བཅས་སོ།། 

 

Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2014/2/14 1:37:09
སྐུ་མགྲོན་w06Ev3(སྐུ་མགྲོན)ཨ་རོ་བན་པོ་ཚོ་རྒྱུ་མཚན་གང་ཡང་མེད་པ་མི་ལོ་སྟོང་ཕྲག་མང་པོ་གོང་གི་ལོ་རྒྱུད་ཡོད་ཐོན་མིས་ཧམ་བཟའ་བྱེད་པ་ཧ་པ་ཆེན་
རྩོམ་པ་པོ།:སྐུ་མགྲོན་w06Ev3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2013/3/12 11:51:35
རང་སེམས་སྐྱོ་གླུ།(སྐུ་མགྲོན)བོད་ལ་རིག་གནས་ཆེ་ཆུང་ཟེར་བའི་གཞུང་ལུགས་མང་པོ་འདི་དག་རྒྱ་གར་གཙོ་བོ་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་དར་བའི་རིག་གནས་ཆེ་ཆུང་རྣམས་ཀྱིས་གསོས་པ་ཡིན་པ་གཟུར་གནས་བློ་ལྡན་དག་གིས་དཔྱད་ན་ཤེས། མ་མཐར་སྙན་ངག་དང་མངོན་བརྗོད་ཀྱི་གཞུང་ཙམ་ལ་དཔྱད་པས་ཀྱང་སྔོན་གྱི་རྒྱ་གར་གྱི་རིག་གནས་སྙིང་བོ་བྱས་ཏེ་བཟོ་བཅོས་ཁ་སྣོན་བྱས་པ་རྟོགས་ནུས། དེ་ལ་མི་དཔྱོད་པར་བོན་གྱི་སྟོན་པ་ག་གེ་མོས་གནས་ག་གེ་མོ་ནས་གསུང་པ་སོགས་འུད་སྒྲོག་གིས་ངལ་བ་སུས་བསྟེན། དོན་སྙིང་ཅི། ད་ལྟའི་བོད་ཡིག་འདིའང་ཐོན་མིའི་གོང་ནས་བོད་ལ་ཡོད་ཟེར་ན་བོན་ལ་གཟི་བརྗིད་དུ་འགྲོ་བར་བསམས་ཀྱང་། ལོ་རྒྱུས་སྨྲ་བ་ལ་བདེན་སྤངས་ཡོད་དགོས། ཁྱེད་ཀྱིས་རྩོམ་ཆ་འདི་ལ་དུས་ཚོད་ཡང་མི་ཉུང་བ་ཞིག་འཕྲོ་བརླག་ཏུ་སོང་འདུག། རྗེས་སུ་ཕྱོགས་ཞན་གྱི་རྩོམ་འདིའི་རིགས་མི་འབྲི་བའི་རང་ཐག་ཆོད་ན་ལེགས་ཤོས་རེད། རྒྱུ་མཚན་ནི་སོ་སོ་མར་ལྷུང་བ་ལས་ནུས་པ་ཐོན་མི་སྲིད་ལ་རང་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པ་ཡོང་ངེས།
རྩོམ་པ་པོ།:རང་སེམས་སྐྱོ་གླུ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2013/3/12 11:47:27
རང་སེམས་སྐྱོ་གླུ།(སྐུ་མགྲོན)བོད་ལ་རིག་གནས་ཆེ་ཆུང་ཟེར་བའི་གཞུང་ལུགས་མང་པོ་འདི་དག་རྒྱ་གར་གཙོ་བོ་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་དར་བའི་རིག་གནས་ཆེ་ཆུང་རྣམས་ཀྱིས་གསོས་པ་ཡིན་པ་གཟུར་གནས་བློ་ལྡན་དག་གིས་དཔྱད་ན་ཤེས། མ་མཐར་སྙན་ངག་དང་མངོན་བརྗོད་ཀྱི་གཞུང་ཙམ་ལ་དཔྱད་པས་ཀྱང་སྔོན་གྱི་རྒྱ་གར་གྱི་རིག་གནས་སྙིང་བོ་བྱས་ཏེ་བཟོ་བཅོས་ཁ་སྣོན་བྱས་པ་རྟོགས་ནུས། དེ་ལ་མི་དཔྱོད་པར་བོན་གྱི་སྟོན་པ་ག་གེ་མོས་གནས་ག་གེ་མོ་ནས་གསུང་པ་སོགས་འུད་སྒྲོག་གིས་ངལ་བ་སུས་བསྟེན། དོན་སྙིང་ཅི། ད་ལྟའི་བོད་ཡིག་འདིའང་ཐོན་མིའི་གོང་ནས་བོད་ལ་ཡོད་ཟེར་ན་བོན་ལ་གཟི་བརྗིད་དུ་འགྲོ་བར་བསམས་ཀྱང་། ལོ་རྒྱུས་སྨྲ་བ་ལ་བདེན་སྤངས་ཡོད་དགོས། ཁྱེད་ཀྱིས་རྩོམ་ཆ་འདི་ལ་དུས་ཚོད་ཡང་མི་ཉུང་བ་ཞིག་འཕྲོ་བརླག་ཏུ་སོང་འདུག། རྗེས་སུ་ཕྱོགས་ཞན་གྱི་རྩོམ་འདིའི་རིགས་མི་འབྲི་བའི་རང་ཐག་ཆོད་ན་ལེགས་ཤོས་རེད། རྒྱུ་མཚན་ནི་སོ་སོ་མར་ལྷུང་བ་ལས་ནུས་པ་ཐོན་མི་སྲིད་ལ་རང་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པ་ཡོང་ངེས།
རྩོམ་པ་པོ།:རང་སེམས་སྐྱོ་གླུ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2012/2/21 22:33:34
སྐུ་མགྲོན་w06Ev2(སྐུ་མགྲོན)བོད་ཡིག་ནི་བོད་ཡིག་རང་ཡིན་པས་ དེ་སུས་ བཟོས་མིན་ནི་ཁ་སོང་གི་གཏམ་རྒྱུད་ཞིག་ལས་མ་འདས། ད་ནི་རང་རེས་དེ་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐབས་ལ་ འབད་པ་ལས་ཕན་ཚུན་འཐེན་ཁྱེར་དང་གཤེ་ སྐུར་སོགས་ཀྱིས་མི་མངས་ཁ་བྲལ་བཏང་བའི་ དུས་ཞིག་ཡིན་མིན་ཐུག་བསམ་བཞེས་རོག། དགེ་བཤེས་ལགས་ཀྱི་རྩོམ་ལ་རིན་ཐང་ཡོད་པ་མི་འདོད་ལ་དཔྱད་མཆན་འགོད་མཁན་ཀྱང་དེ་ལྟར་རེད།
རྩོམ་པ་པོ།:སྐུ་མགྲོན་w06Ev2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2011/12/21 18:00:44
སྐུ་མགྲོན་H40Nfr(སྐུ་མགྲོན)ངས་ཀྱང་བསམ་ཚུལ་ཞིག་བཤད་ན། དགེ་སློང་སེར་པོ་ནི་ཐུབ་ཆོས་རྗེས་འཛིན་གཤའ་མ་དེ་ཡིན་ལ། དེའི་ཆོས་ནི། སངས་རྒྱས་པ་ལ་བཞི་པ་དང་ལྔ་པ་ཐུབ་པའི་དགོངས་པ་མིན་ཞེས་བགྲང་ཡོད། ཐམས་ཅད་རྒྱ་གར་ནས་བྱུང་བར་འདོད་ན་དེ་ཡང་ལོ་རྒྱས་དྲང་པོ་ཞིག་རེད་དམ།
རྩོམ་པ་པོ།:སྐུ་མགྲོན་H40Nfr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2011/12/21 17:45:00
སྐུ་མགྲོན་H40Nfr(སྐུ་མགྲོན)ངོ་མ་ལོ་རྒྱུས་ནི་བཤད་མི་སུ་མང་དང་སྟབས་བདེ་མིན་ལ་མི་བལྟ་བར་
དངོས་བྱུང་ངོ་མ་དེ་ཡིན་དགོས།
རྒྱ་གར་ན་ལེན་ཊའི་ལམ་སྲོལ་གྱིས་ཤན་མ་ཞུགས་པར་ཞང་ཞུང་རྒན་པོའི་བཤད་སྲོལ་དག་མ་ཞིག དེའི་ཕྱིར་སྲོལ་རྙིང་འདི་དག་རྨང་གཞི་བཟུང་ནས་སྐད་གསར་བཅད་ཀྱི་ལམ་བུ་འགོ་བཙུགས་ནས་བཀོད་གཙང་ཅན་གྱི་ཡི་གེ་འདི་ང་ཚོའི་མིག་སྔར་དུ་མངོན་པ་ཞིག་རེད། རྒྱ་གར་ཡི་གེར་ཅ་ཆ་ཇ་གསུམ་མེད་པར་ཐུ་མིས་བཙལ་ཚུལ་དེ་སྔར་དུས་བདེན་སྲིད་ཀྱང་ད་ཆར་སོམ་ཉི་བྲལ། རྒྱ་གར་ཡི་གེ་ལ་ཅ་ཆ་ཇ་གསུམ་ཡོད་ལ། སཾསྐྲི་ཏའི་སྐད་ལའང་ཅ་ཆ་ཇ་གསུམ་ཡོད་པས་ད་དུང་དཔྱད་བྱའི་གནས་སུ་གྱུར་ཡོད།
རྩོམ་པ་པོ།:སྐུ་མགྲོན་H40Nfr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2011/12/18 21:34:05
sherabཡི་གེ་ཆུང་དྲག་འདུག་པའི་གློག་དགོས་ན་དཀའ་ངལ་འདུག
ཐུགས་ལ་བཞེས་རོགས་གནང་།
Re:ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ་དུས་རབས་གསར་པའི་འབབ་སྟེགས། | 2011/12/17 16:21:45
སྐུ་མགྲོན་uap0Tg(སྐུ་མགྲོན)བོན་གྱི་བཀའ་བརྟེན་དང་རིག་གནས་ཟེར་བའི་རྡོག་རྡོག་ཅིག་ངོམ་པ་འདི་ནི་སྙིང་པོ་ད་ལྟའི་བོད་རིག་པའི་སྙིང་བོ་སྟེ། རྒྱ་གར་ནས་དར་བའི་རིག་གནས་ཆེ་ཆུང་རྣམས་ཀྱིས་གསོས་པ་ཡིན་པ་གཟུར་གནས་བློ་ལྡན་དག་གིས་དཔྱད་ན་ཤེས། མ་མཐར་སྙན་ངག་དང་མངོན་བརྗོད་ཀྱི་གཞུང་ཙམ་ལ་དཔྱད་པས་ཀྱང་སྔོན་གྱི་རྒྱ་གར་གྱི་རིག་གནས་སྙིང་བོ་བྱས་ཏེ་བཟོ་བཅོས་ཁ་སྣོན་བྱས་པ་རྟོགས་ནུས། དེ་ལ་མི་དཔྱོད་པར་བོན་གྱི་སྟོན་པ་ག་གེ་མོས་གནས་ག་གེ་མོ་ནས་གསུང་པ་སོགས་འུད་སྒྲོག་གིས་ངལ་བ་སུས་བསྟེན། དོན་སྙིང་ཅི། ད་ལྟའི་བོད་ཡིག་འདིའང་ཐོན་མིའི་གོང་ནས་བོད་ལ་ཡོད་ཟེར་ན་བོན་ལ་གཟི་བརྗིད་དུ་འགྲོ་བར་བསམས་ཀྱང་། ལོ་རྒྱུས་སྨྲ་བ་ལ་འུ་ཚུགས་མེད་ན་ལེགས།ཕྱོགས་ཞེན་ལ་རྒྱ་དེ་ལས་ཀྱང་ངོ།
རྩོམ་པ་པོ།:སྐུ་མགྲོན་uap0Tg(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.