ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་ཁག་གཉིས་པ། | 2011/11/14 15:21:00

   གཉིས་པ་ནི། རང་གི་རིག་པས་དཔྱད་པ་ནི།

  འོན་ཀྱང་གནའ་སྔ་མོ་ནས་ཞང་ཞུང་བོན་གྱི་བླ་སྲོག་ལས་དར་བའི་གནས་ལྔ་རིག་པའི་ཡུལ་སྲོལ་གོམས་གཤིས་ནི།

 བགྲང་བྱ་བླ་རི་གངས་དཀར་ལས་མཐོ་ཞིང་གཏིང་ཟབ་མ་ཕམ་གཡུ་མཚོ་དང་མཉམ་པའི་ཕ་མྱེས་ཀྱི་ལོ་རྒྱུས་འདི་དག་ནི།

 གངས་ཅན་བོད་ཀྱི་ཟས་མཆོག་སྦྲང་དཀར་རྩམ་པ་དང་དཀར་གསུམ་གྱི་རྙིང་དྲི་མ་ཉམས་པར་དཔྱད་གཞི་ཚད་དང་ལྡན་ཅིང་གངས་ཅན་འདིའི་ཞིང་དུ་རང་བཞིན་གྱིས་སྐྱེས་ཤིང་དར་རྒྱས་བྱུང་ནས་ད་བར་དུ་འཕོ་འགྱུར་རིམ་པ་མང་པོ་སོང་བའི་ཆེས་རྒས་པའི་ཨ་མྱེ་དབུ་དཀར་ཞིག་གི་རྣམ་པ་མཚུངས་ཀྱང་།

  དེ་དག་ལ་ཡིད་ཆེས་མ་བྱས་ནས་མཁས་རློམ་ཁ་ཤས་ཀྱིས།

   ཡ་མཚན་པ་ཞིག་ལ་གོང་དུ་རྒྱལ་པོ་བཞི་ཡི་འཕྲིན་ཡིག་ལ་ལན་མེད་པས་ཤིན་ཏུ་ངོ་ཚ་བ་དང་།

  གཞན་གྱིས་འཕྱ་བའི་གནས་སུ་གྱུར་པ་དང་། ཆོས་སྲིད་ཀྱིདགོས་མཁོ་ཡི་གེ་འབྲི་བའི་སྲོལ་ཙུགས།

  སྲོང་བཙན་ལོ་བཅུ་གསུམ་ཐོག་ཡི་གེ་སློབ་པར་གཏོང་འགོ་ཙུགས། ཞེས་པ་སོགས་ལ་མི་འཐད་པར་འདུག་སྟེ། དཔེར་ན།

    རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོ་དགུང་ལོ་བཅུ་དྲུག་ཐོག་ལ་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་གསུངས།

  དེ་དུས་རྒྱལ་པོས་གསེར་གྱི་དོང་ཙེ་ལྔ་དང་། རིན་པོ་ཆེའི་བེེཌཱུར་གྱི་རྨོག་ལ་པདྨ་ར་གའི་ཁྲ་ཅན་དང་།

   བཀའ་ཤོག་སྒྲོམ་བུ་གསུམ་བཅས་བསྐུར་ཅེས་དང་། དེའི་སྐབས་བཀའ་ཤོག་སྒྲོམ་བུ་གསུམ་བསྐུར་རྒྱུ་ཡོད་ན།

    གོང་མ་རྒྱལ་པོ་རྣམ་བཞི་ལ་འཕྲིན་ལན་མེད་པར་བླུན་རྟགས་སྟོན་ནས་འདུག་དགོས་པས་རྒྱུ་མཚན་ཅི་ཡང་མེད།

   སྔོན་དུ་ཡི་གེ་མེད་པས་རྐྱེན་གྱིས་བྱུང་ཞེས་པ་མི་འཐད་དེ།

 དེ་ཡི་སྐབས་ཡི་གེ་ཡོད་པ་ཁོ་རང་གིས་བལ་པོའི་རྒྱལ་པོ་ལ་བཀའ་ཤོག་སྒྲོམ་བུ་གསུམ་སོགས་བསྐུར་ཟེར་བ་ཁྱོད་རང་རྣམས་ཀྱི་ལོ་རྒྱུས་ལས་གསལ།

   གལ་ཏེ་རྒྱལ་པོས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་དུས་རྒྱ་གར་ཡི་གེ་བོད་དུ་བསྒྱུར་ཚར་ཟེར་ན།

    རྒྱལ་པོ་ལོ་བཅུ་གསུམ་ཐོག་ལ་ཡབ་འདས་ནས་ཁང་རྒྱལ་སར་འཁོད།

  དེ་ནས་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ནས་ཁོ་རང་ལོ་བདུན་ལ་རྒྱ་གར་དུ་བཞུགས་པ་རྒྱལ་རབས་གསལ་བའི་མེ་ལོང་དང་ཐོན་མིའི་ཞལ་ལུང་སོགས་ཀྱི་ནང་ལ་དེ་ལྟར་བཤད་པ་དང་།

   ཐོན་མི་རྒྱ་གར་ལ་སོང་ནས་ལོ་བཞི་ཡི་མཚམས་སུ་རྒྱལ་པོས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་གསུང་པ་ལ།

    བསམ་བློ་ཞིག་གཏོང་ན་དེ་དུས་ད་ལྟ་ནང་བཞིན་འཕྲུལ་ཆ་གནམ་གྲུ་དང་མེ་འཁོར་སོགས་མེད་པ་དང་།

  དེའི་སྐབས་ཐོན་མིས་རྒྱ་གར་ནས་ཡི་གེ་བོད་དུ་བསྒྱུར་མ་ཐུབ་པར་མངོན་སེམས་ཡིན་ནོ ཡང་ཁ་གཅིག་གིས།

     གོང་དུ་རྒྱལ་པོ་ཡིས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུ་ལེན་བྱས་དུས།

 སྲོང་བཙན་གྱིས་བལ་པོའི་རྒྱལ་པོ་ལ་འབུལ་རྒྱུ་གསེར་དང་བཀའ་ཤོག་སྒྲོམ་བུ་གསུམ་སོགས་བསྐུར་ཞེས་པ་དེ་བལ་པོའི་ཡི་གེ་དང་ནོར་རྫས་སོགས་བསྐུར་བ་ཡིན་ཟེར་ན།

  རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་བལ་པོའི་ཡི་གེ་བེད་སྤྱོད་བྱས་པ་ཡིན་ན།

 གོང་དུ་རྒྱལ་པོས་རྒྱལ་སྲིད་བཟུང་སྐབས་སུ་ཡང་རྒྱལ་པོ་རྣམ་བཞི་ཡིས་ཡི་གེ་བསྐུར་བའི་དུས་སུ་བླུན་རྟགས་སྟོན་ནས་མི་འདུག་པར་བལ་པོའི་ཡི་གེ་ཡི་ཐོག་ནས་བལ་པོ་ལ་འཕྲིན་ལན་མི་བསྐུར་བའིརྒྱུ་མཚན་ཅི་ཡང་མེད།

   ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས།

 སྲོང་བཙན་ཆུང་དུས་ནས་རིགས་པའི་གནས་ལྔ་ལ་མཁས་པ་གྱུར་ནས་རྒྱལ་སར་ཕེབས་གསུངས།

  དེ་ལ་རིག་པས་རྟགས་དཔྱད་བྱས་ན། རྒྱལ་པོ་སྲོང་བཙན་སྔོན་དུ་བོད་ཡིག་ཡོད་པ་གསལ་བོར་རྟོགས་ནུས།

   དེ་ཡི་སྔོན་བོད་རང་ལ་ཤེས་རིག་ཕུན་སུམ་ཚོགས་པ་ཡོད་ནས་སྲོང་བཙན་མཁས་པ་ཆགས་སོང་བ་ཡིན།

   མཁས་པ་འགྱུར་བྱེད་ཀྱིས་རྒྱུ་ཆ་བོད་ཀྱི་རིག་གནས་མེད་ན། དཔེར་ན།

    རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་བཞིན་རྒྱལ་པོ་སྲོང་བཙན་མཁས་པར་འགྱུར་བ་ག་ལ་སྲིད།

  འོན་ཀྱང་རྒྱལ་པོ་སྲོང་བཙན་ཡན་ཆད་ལ་བོད་ཡིག་སོགས་མེད་ན། བོད་གངས་ཅན་གྱི་ལོ་རྒྱུས་ཕལ་མོ་ཆེ་རྣམས་ཀྱི་ནང་ལ།

 བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཤེས་རིག་དར་ཡོད་ཀྱང་བོད་ཡིག་མེད་པ་བཤད་ན།

  བླུན་པོའི་ངག་ནས་ཐོན་པའི་ཚིག་ཡིན་པ་གོར་མ་ཆགས།

 དེར་མ་ཟད་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པས་དུས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱུ་འབྲས་བསྟན་པ་དར་ཞིང་རྒྱས་པ་བྱུང་བ་དང་།

 དེའི་སྐབས་སུ་ཐར་ལམ་འདྲེན་པའི་དཔོན་གསས་ནི་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱིས་མཛད་པ་དང་།

  ཐུགས་དམ་གྱི་བོན་ནི་སྤྱི་སྤུངས་བོན་བསྐོར་སོགས་བོད་གངས་ཅན་ལྗོངས་ལ་འཕེལ་རྒྱས་ཆེ་པོ་བྱུང་ཡོད་པས།

    དེ་ཡི་དུས་སུ་བོད་ལ་ཡི་གེ་ཡོད་ནས།

 དེ་རྗེས་སྤྱི་སྤུངས་བོན་བསྐོར་དེ་དག་ཉམས་སུ་ལེན་མཁན་དང་རྒྱུད་འཛིན་པ་གཙོ་བོར་བོད་ཀྱི་རྒྱལ་རབས་སུམ་བཅུ་སོ་གཉིས་བྱོན་པ་དང་རིག་འཛིན་གྲུབ་ཐོབ་གྲངས་མེད་པར་བྱོན་ཡོད་པར་བོན་གྱི་ལོ་རྒྱུས་སོགས་ལས་གསལ།

  དེ་རྣམས་ཀྱིས་ཚང་མ་བློ་འཛིན་ཐུབ་པ་དང་ཡིད་ལ་བཟུང་བ་ག་ལ་སྲིད།

   ཡང་དེ་སྐབས་བོད་ལ་ཤེས་རིག་གི་གཞུང་ལུགས་དང་སྲོལ་འཛིན་བྱེད་ཀྱི་ཡིག་ཆ་གང་ཡང་མེད་ན།

   བླུན་པོའི་གྲལ་དུ་འདུག་དགོས་པས་རྒྱལ་སྲིད་དང་མངའ་སྡེ་སྐྱོང་བས་ཐབས་ཀྱང་མེད་པ་དང་།

 བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་གནམ་རི་སྲོང་བཙན་ཡན་ཆད་ཀྱི་བོད་རྒྱལ་རྣམས་འཁྲུངས་འདས་དང་མཛད་འཕྲིན་གྱིས་ལོ་རྒྱུས་བཤད་ཤེས་པས་ཐབས་ག་ལ་ཡོད།

   ཡབ་མེས་གོང་མའི་ལོ་རྒྱུས་ཀྱི་ཡིག་ཆ་མེད་ན། དཔེར་ན།

  རི་བོང་གི་རྭ་མེད་པའི་རྐྱེན་གྱིས་དེ་ཡི་རིང་ཐུང་དང་ཚད་གཞི་འཇོགས་ཤེས་མཁན་མེད་པ་ནང་བཞིན་འགྱུར་རོ།

   སློབ་དཔོན་པད་མའི་ཞལ་ནས་ཀྱང་། རྒྱ་གར་ཆོས་རྣམས་བོད་དུ་བསྒྱུར་བའི་ཚེ། རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ།

  ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ལྷ་ཡི་མཚན་རྣམས་འབྱུང་བའི་སྒྲ་ལས་དྲངས།

  སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སོར་བཞག །ཅེས་གསུངས་པ་དང་།

    ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས།

  བོད་རྒྱལ་ཐོག་མ་གཉའ་ཁྲི་སོགས་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་མེད་ངག་རྒྱུན་ཙམ་ཞིག་ཡིན་ན།

  མི་རབས་སུམ་ཅུའི་ལྷག་རིང་བརྒྱུད་ཐུབ་པ་ལྟ་ཞོག་མི་རབས་ཁ་ཤས་སོང་མཚམས་སུ་ངག་རྒྱུན་ཙམ་ཡང་ལུས་མི་སྲིད།

   འདི་ཡིག་ཐོག་ཏུ་འཁོད་ཡོད་པ་ངེས་པ་རེད་ཅེས་གསུངས་སོ།།

 དེ་བཞིན་དུ་སྔ་མ་ཡི་གེ་མེད་ན་དེང་སོང་བོད་རྒྱལ་ཐོག་མ་གཉའ་ཁྲི་ལ་སོགས་ཀྱི་ལོ་རྒྱུས་སམ་རྣམ་ཐར་འཆད་དང་འཆད་བཞིན་པ་འདི་དག་རྣམས་ཁ་བཤད་ཙམ་མ་གཏོགས་ཁུངས་ལུང་མེད་པར་ཡང་རྒྱུ་དང་།

  དེ་འདྲ་བཤད་མཁན་རྣམས་ཀྱིས་བོད་རང་ལ་ཡི་གེ་མེད་ཅེས་སྨ་འབེབས་ཆེ་པོ་ཞིག་བྱས་པ་ཡིན་ཀྱང་།

  རང་ཉིད་ཀྱི་རིག་གཞུང་ལ་ག་དར་ཡག་པོ་བྱས་པ་ཡིན་བསམ་ན་ཐང་།

  ཞོར་དུ་རང་གི་གནའ་རབས་ཀྱི་རིག་གཞུང་གད་སྙིགས་བར་དུ་རྡོག་བརྫིས་བྱས་པ་ཡིན།

 བོད་རང་གི་གནའ་རབས་རིག་གནས་ཐམས་ཅད་མེད་ཟེར་ནས་རང་ཉིད་ཀྱི་ཕ་མྱེས་ཀྱི་ལོ་རྒྱུས་རྣལ་མ་ལ་ག་དར་བྱེད་བཞིན་པས་མཁས་མཆོག་དག་བསམ་ཡུལ་ལས་འདས་པས་ཐུགས་ཕམ་དགོས་པ་ཞིག་བཤད་ཡོད་པས།

      དེ་ཡིས་རིགས་སྨྲ་མཁན་ནི། བོད་ཀྱི་མགོ་རྣ་ཐལ་བ་ལ་དབྱུག་པ་དང་ཞབས་འདྲེན་ཞུ་མཁན་ཤ་སྟག་ཡིན།

  གནའ་རབས་བོད་ཀྱི་རིག་གནས་དང་གམས་གཤིས་ལ་བརྩི་བསྐུལ་མེད་པ་དང་།

    བོད་རང་ཉིད་ཀྱི་ལོ་རྒྱུས་ལ་ཕུགས་ཐག་མེད་པརབཤད་པ་དང་།

    རྒྱལ་ཁབ་འདི་ཡི་བཅུ་ཕྲག་གི་རིག་གཞུང་རྒྱ་གར་སོགས་ནས་ཕབས་བསྒྱུར་བྱས་པ་བཤད་མཁན་རྣམས་ཀྱིས།

   གནའ་རབས་བོད་ཀྱི་རིག་གནས་སམ་གཡུང་དྲུང་བོན་གྱི་ལོ་རྒྱུས་ལ་ཡིད་ཆེས་དང་མཇལ་བས་ལས་སྐལ་མ་ལྡན་ནས།

               རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བྱས་ནས་བཤད་པ་མངོན་སེམས་ཀྱིས་གྲུབ་བོ།།

      ལུང་རིག་སྨྲ་བས་ཚད་མཐུན་གྱི་ཡིད་ཆེས་ག་ལ་སྲིད།   སྨྲས་པ།

གནའ་རབས་བོད་ཀྱི་རིག་གཞུང་གསེར་རི་སྟེ།།

སྒྲིབ་གཉིས་མུན་པ་གསལ་བྱེད་ཁྲི་གདུག་བཞིན།།

ལུགས་གཉིས་མ་ནོར་བསྟན་བྱེད་རྒྱལ་བའི་བཀའ།།

ཚད་འཇལ་ལོ་རྒྱུས་རྣལ་མ་དར་དིར་སྒྲོག།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.