ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་ཁག་གསུམ་པ། | 2011/12/1 13:27:00

 གསུམ་པ་ནི། གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་ལས་གསུང་ཚུལ། དེ་ཡང་ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འདི་མཛད་མཁན་ནམ་གསུང་མཁན་ནི། སྔོན་སྲིད་པ་ཡེ་སངས་ཀྱི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་སངས་པོ་འབུམ་ཁྲིས་ལོངས་སྐུའི་ཡི་གེ་ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི་གླེགས་བམ་གཏོ་ཡི་བཀའ་སྒྲོམ་ཞེས་པ་ཞིག་མཛད་པ་ཡིན་ཏེ། མདོ་གཟེར་མིག་ལས། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི། ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུལ་ནས། གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ནང་། ཐ་རམ་རྒྱ་ཡིས་བཏབ་ནས་ཡོད། བོན་གྱི་ཕུགས་ནི་འདི་ལ་ཐུག  །ཅེས་གསུངས།  དེའང་སངས་པོ་འབུམ་ཁྲིས་གསུང་པའི་ཡི་གེ་དེ་ཉིད་ཡོད་ན་ཡི་གེ་སྦྱོང་འདོད་པའི་གང་ཟག་རྣམས་ཀྱི་ཆེད་དུ་བསླབ་མི་དགོས་པར་མཐོང་མ་ཐག་ཀློག་ཤེས་ཤིང་དོན་གོ་བར་འགྱུར་ཏེ། མདོ་དྲི་མེད་གཟི་བརྗིད་ལས། ཐབས་ཀྱི་རྒྱལ་པོ་སངས་པོ་ཡི། ཡིག་འབྲུ་ཁྲི་དང་འབུམ་ཡོད་ན། དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱིས། ཡིག་རྩིས་མ་བསླ་རང་རྡོལ་ཤེས།  གཤེན་རབ་སྟོན་པ་བསྟན་པ་བཞིན། བསྟན་པ་བཞིན་དུ་ངེས་པར་གོ ཞེས་གསུངས། འོན་ཀྱང་སྙིགས་དུས་སེམས་ཅན་རྣམས་བསོད་ནམས་དམན་པ་དང་། དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་པའི་རྐྱེན་གཉིས་འཛོམས་ནས་གཏོ་ཡི་བཀའ་སྒྲོམ་དེ་ཉིད་མེ་ལ་བསྲེག་པས་མ་བཞུགས་པར་ནུབ་བོ། །ཡང་སངས་པོ་འབུམ་ཁྲིའི་བྱིན་རླབས་དང་སྟོན་པ་གཤེན་རབ་ཀྱི་ཐུགས་རྗེས། ཡིད་ཀྱི་ཁྱེའུ་ཆུང་གིས་མེ་ལ་བརྙབས་པས། བེའུ་བམ་ཚིག་འཕྲོ་སྤར་བ་གང་ཐོབ་པ་རྣམས་ཕྱག་ཏུ་སྣམས་ནས་མྱ་ངན་བྱེད་བཞིན་སྟོན་པ་གཤེན་རབ་ལ་ཕུལ། གཤེན་རབ་ཀྱིས་གསུངས་པ། མཁའ་གསལ་སྒྲོན་མ་མ་ནུབ་ན། སྐར་ཕྲན་འཐོར་བ་བཟོད་ཙམ་རྒྱུ། དཔའ་བོ་འབྲུ་ལྔ་མ་ཚིག་ན། ཡིག་འབྲུ་ཁྲི་འབུམ་བཟོད་ཙམ་རྒྱུ། །ཞེས་གསུངས། དེ་ནས་སྟོན་པ་གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་བྱིན་གྱིས་རླབས་པའོ། །བྱིན་གྱིས་རླབས་ཞེས་པ་དེ་ནི་དཔའ་བོ་འབྲུ་ལྔ་རེ་རེ་ནས་འཕྲུལ་ཡིག་བརྒྱད་རེ་སྐུ་ལ་སྣང་བའི་ཚུལ་གྱི་བྱིན་གྱིས་རླབས་པ་དང་། དེར་མ་ཟད་སྟོན་པ་གཤེན་རབ་ཀྱིས་བཟོ་རྒྱལ་གར་མ་ལི་ཤོ་ལ་ཡི་གེ་འབྲི་རྒྱུ་གཉེར་གཏད་མཛད་པ་ཡིན་ཏེ། མདོ་དྲི་མེད་ལས། ཉོན་ཅིག་གར་མ་ལི་ཤོ་ཉོན། ཤེས་བྱ་ཀུན་ཀྱི་ཐོག་མ་རུ། ཤེས་པའི་གཞི་མ་ཡི་གེ་བསླབ། མི་ཤེས་ལྐུགས་པ་ཡི་གེས་བཀྲོལ། མི་ཤེས་རྨུག་པ་ཡི་གེས་སེལ། རིག་པའི་སྒྲོན་མེ་ཡི་གེ་འདོགས། དེ་ཕྱིར་ཡི་གེ་རྒྱུན་བརྟན་ན། ཤེས་བྱ་ཀུན་གྱི་གཞི་མ་ཡིན། ཞེས་གསུངས་ནས་གཉེར་དུ་གཏད་པ་དང་། ཡང་མདོ་གཟེར་མིག་ལས། དཔའ་བོ་འབྲུ་ལྔ་བདུད་ལ་དཔའ། ཡེ་ཤེས་ལྔ་ཡི་ས་བོན་ཡིན། དུག་ལྔ་འདུལ་བའི་གཉེན་པོ་ཡིན། །ཞེས་དང་ཡང་དེ་ཉིད་ལས། གཏོ་ཡི་བཀའ་སྒྲོམ་བདུད་ཀྱི་ཞུགས་ལ་བསྲེགས། །བྱིན་གྱིས་རླབས་པས་དཔའ་བོ་འབྲུ་ལྔ་ལུས། །སྨོན་ལམ་བཏབས་པས་སུམ་བཅུ་རྩ་བརྒྱད་འཕེལ། ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས། ཞེས་དང་། དུང་ཤོག་དཀར་ལ་གཡུ་རིས་སྔོན་པོས་བྲིས། རིན་ཆེན་གླེགས་བམ་བྱེ་བ་དུང་ཕྱུར་བརྩོམས། དཀར་ནག་བཀྲ་གསལ་བསྟན་པ་རྗེས་སུ་བཞག །ཅེས་གསུངས་པས་དཔའ་བོ་འབྲུ་ལྔ་ནི། ཨྰོཾ། རཾ། སྲུཾ། ཁཾ། ཡཾ། རྣམས་ཡིན་ལ། དེ་དག་ནི་ཞང་བོད་གཉིས་ཀས་བེད་སྤྱོད་བྱེད་བཞིན་པའི་འཕྲུལ་གྱི་ཡི་གེ་བཞི་བཅུ་དེ་ཉིད་ཀྱི་འབྱུང་སའི་གཞི་རྩ་ཡིན་པར་གོར་མ་ཆགས།  ཡང་མདོ་དྲི་མེད་ལས། ཡི་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་དབུབ། འགོ་ཡི་ལམ་དྲངས་ཤདམདོ་བཅད། ཚེག་གིས་བར་ཕྱེ་མི་འཁྲུག་སྙོམ། གུག་འགྲེང་ན་རོ་ཞབས་ཀྱུ་དང་། ཡ་སྟ་ར་སྟ་བཅས་པ་ཡི། སྐབས་སྦྱོར་ཡན་ལག་རྒྱས་པར་འདོགས། ཞེས་དང་། ཡང་མ་རྒྱུད་སྐྱེ་མེད་ཐིག་ལེ་ལས། གསལ་བྱེད་སུམ་ཅུའི་སྟེང་དུ། འཕྲུལ་ཡིག་བཞི་བཅུས་གོ་ཕྱེ་བ། ཀྴ་ཡི་ལམ་དྲངས་ཨས་བར་འབྱེད། ཥྟ་ཡིས་མདོ་བཅད་ཨི་ཨུ་ཨེ། ཨོ་ཨཾ་སྐབས་སྦྱོར་ཡན་ལག་བཏགས། བྷི་མྷིང་སྤུངས་པས་བཞི་བཅུར་འགྱུར། ཞེས་པས་རྩ་བ་ལ་གསལ་བྱེད་སུམ་ཅུ་ཡིན་པ་གོ་སླའོ། སྐབས་སྦྱོར་ཡན་ལག་གི་ཡི་གེ་བཅུ་ལ་ཞང་བོད་གཉིས་ཀྱིས་ཁྱད་པར་ཡོད་དེ་ཞང་སྐད་ཐོག་ནས། ཀྴ། ཨ༔ ཥྟ། ཨི། ཨུ། ཨེ། ཨོ། ཨཾ། བྷི། མྷིང་། ཞེས་ལབ་དགོས། བོད་སྐད་དུ འགོ་འདྲེན། ཚེག ཤད། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ། ཀླད་གོར། ཡ་སྟ། ར་སྟ། ཞེས་འབོད་སྲོལ་ཡོད། དེ་ཡང་གོང་གི་ཡིག་འབྲུ་རྣམ་ལྔ་དང་དེ་ལས་བྱུང་བའི་བོད་ཡིག་གསལ་བྱེད་སུམ་ཅུའམ་འཕྲུལ་ཡིག་བཞི་བཅུ་དེ་དག་ནི་ད་ལྟ་བོད་མི་རིགས་ཀྱི་ཁྲོད་དུ་དར་ཁྱབ་སོང་བས་ཡི་གེ་འདི་རྣམས་ཀྱི་ཕུགས་རྩ་རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་གསུངས་པས་བཀའ་ཡིན་པར་མངོན་སུམ་དུ་ངེས་ཀྱང་། འཕྲུལ་ཡིག་བཞི་བཅུ་འདི་རྣམས་ཀྱི་ཐ་སྙད་མི་ཤེས་པའི་མཁས་རློམ་དག་གིས་ཡིད་ཆས་དང་མོས་པ་མེད་པ་ནའང་། ལུང་རིག་ལ་མཁྱེན་དཔྱོད་ཡངས་པའི་གྲོགས་པོ་རྣམས་ཀྱིས་འདི་བསྐོར་ལ་ཞབ་འཇུག་བྱེད་རྒྱུ་གར་ཆེ་བར་སེམས། འོན་ཀྱང་འདི་དག་ལ་ཐུན་མོངས་མ་ཡིན་པས་ཁྱད་པར་ནི། དཔའ་བོ་འབྲུ་ལྔ་དང་འབྱུང་ཆེན་ལས་འཕྲུལ་ཡིག་བཞི་བཅུ་བྱུང་སྟངས་དང་། འབྱུང་ཆུང་དང་སྒྲ་གདངས་དྲག་ཞན་གྱི་ཕྱེས་པ་གཉིས་ཡོད་དེ། དང་པོ་ནི། ཨྰོཾ་ལས་ཀྴ་ཀ་ཁ་ག་ང་ཧ་ཨ་ཨཾ་བཅས་འབྱུང་བ་ནམ་མཁའི་ཡི་གེ་བརྒྱད་བྱུང་། དེ་བཞིན་མེ་ཁམས་རཾ་ལས་ཨེ་ཅ་ཆ་ཇ་ཉ་ར་བྷི་ཥྟ་མེ་ཡིག་བརྒྱད་གྲུབ། ས་ཁམས་སྲུཾ་ལས་ཨོ་ཏ་ཐ་ད་ན་ལ་ས་མྷིང་ཞེས་པ་ས་ཡིག་བརྒྱད་བྱུང་། ཆུ་ཁམས་ཁཾ་ལས་ཨུ་པ་ཕ་བ་མ་ཟ་འ་ཨ༔བཅས་ཆུ་ཡིག་བརྒྱད་བྱུང་། རླུང་ཁམས་ཡཾ་ལས་ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་ཞེས་པ་རླུང་ཡིག་བརྒྱད་བྱུང་བ་སོགས་ནི་འབྱུང་ཆེན་བྱུང་སྟངས་ཡིན་ནོ། གཉིས་པ་ནི། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨ༔ཥྟ་བརྒྱད་ནི་གསལ་བྱེད་ཡི་གེ་གཞན་ལས་སྒྲ་ཤིན་ཏུ་རིང་པོ་ཡིན་པས་རླུང་སྡེ་ཆེན་པོ་ཡིན་ཅིང་གསལ་བྱེད་ཀུན་ལ་རླུང་ལྟར་ཁྱབ། ཀ་ཅ་ཏ་པ་ཙ་ཞ་ར་ཧ་བརྒྱད་རྣམས་ཀྱང་གསལ་བྱེད་ཀུན་ལས་སྒྲ་རྩོལ་དྲག་པོ་དང་རྩུབ་པས་ས་སྡེ་ཡིན། ཁ་ཆ་ཐ་ཕ་ཚ་ཟ་ལ་ཨ་བརྒྱད་དེ་རྣམས་གསལ་བྱེད་ནང་ནས་སྒྲ་གདངས་འབྲིང་ཙམ་ཡིན་པས་ཆུ་སྡེར་བཞེད།  ག་ཇ་ད་བ་ཛ་འ་ཤ་བྷི་བརྒྱད་རྣམས་ངག་གི་རྩོལ་བ་དམན་པས་མེ་ཡི་སྡེ་ཡིན། ང་ཉ་ན་མ་ཝ་ཡ་ས་མྷིང་བརྒྱད་རྣམས་སྒྲ་རྩོལ་ཤིན་ཏུ་ཞན་པས་རྔུབ་པ་སྟེ། ནམ་མཁའི་སྡེ་རུ་གཏོགས་ཞེས་པས་འབྱུང་བ་དེ་དག་གཡོ་བསྐྱོད་ཀྱི་ནུས་པ་ཆེ་ཆུང་ལ་ལྟོས་ནས་ཡི་གེའི་སྒྲ་གདངས་དྲག་ཞན་གྱི་དབྱེ་ཚུལ་འདི་ནི་ཡབ་མེས་གོང་མ་དག་གི་སྙིང་དང་ཁྲག་རྒྱུན་ལས་མཆེད་པའི་གནའ་རབས་ཀྱི་ལུགས་སྲོལ་མ་ཉམས་པར་བཞུགས་ཐོབ་པ་དེ་དག་ལ་རང་རིགས་ཀྱི་སྤུན་ཟླ་རྣམས་ཀྱིས་གཞན་པའི་ལན་མོ་མི་བྱེད་པར་འདི་རྣམས་གཅེས་ཉར་དགོས་པར་ག་ཆེ་བར་མཐོང་། ང་ཚོའི་བོད་ཀྱི་ཡི་གེ་འདི་སྤྱི་ལོའི་སྔོན་མི་ལོ་ ༡༤༡༡༦ ལོར་ཡས་མས་ཡོད་པ་ངེས་ཏེ། དེ་ཡི་སྐབས་སུ་སྟོན་པ་གཤེན་རབ་གཤེན་ལོ་ཉི་ཤུ་དུས་སུ་བོད་གངས་ཅན་ལྗོངས་ལ་ཕེབས་ནས་གསུངས་པས་ད་ལྟར་བོན་པོས་ཀློག་བཞིན་པའི་འབུམ་ཉི་མ་དགུ་ཤར་པོ་ཏི་བཅུ་ཡི་བདག་ཉིད་ཅན་རྣམས ད་ལྟ་མངའ་རིས་ས་ཆ་རུ་གཏོགས་པའི་གཙང་བྱེ་མ་གཡུང་དྲུང་ལ་གསུངས་ཡོད་པས། དེ་རྣམས་ཡི་གེ་ལ་བརྟེན་ནས་གཏན་ལ་ཕབ་ཡོད་པར་སེམས། འོན་ཀྱང་སྤྱི་ལོའི་སྔོན་མི་ལོ་ ༡༡༣༦ ལོར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོའི་མཚན་གསོལ་པ་འགོ་ཙུགས་ནས་བོད་ཀྱི་བཅུ་ཕྲག་རིག་གཞུང་དར་རྒྱས་ཆེ་པོར་བྱུང་བ་དང་། ལྷག་པར་དུ་གནམ་གྱི་ཁྲི་བདུན་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་རླབས་པོ་ཆེ་ཞིག་ཞང་ཞུང་ནས་བོད་དུ་ཕབ་བསྒྱུར་བྱས་ཡོད་པར་གནའ་རབས་བོན་གྱི་གཞུང་ལ་གསལ་བ་ཡིན་པས། ཞང་ཞུང་ཡི་གེ་ལས་ངོ་བོ་ཐ་དད་པའི་བོད་ཀྱི་ཡི་གེ་ཞིག་ཡོད་དགོས་ཏེ། ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར་ཞེས་སོགས་གསུངས་པས་ངེས་སོ། །ཡང་བོད་རྒྱལ་དེ་རྣམས་ཀྱི་སྐབས་སུ་བེད་སྤྱོད་མཛད་བཞིན་པས་བོན་གྱི་རིག་གཞུང་མདོ་སྔགས་རྫོགས་གསུམ་གྱི་པོ་ཏི་མང་པོ་དར་ནས་དེ་དག་ལ་སྒྲུབ་པ་ཉམས་ལེན་མཛད་ནས་ཕུང་པོ་ལྷག་མེད་དུ་གཤེགས་པས་བསྟན་འཛིན་སྐྱེས་ཆེན་དུ་མ་བྱོན་ཡོད་ཀྱང་། དེ་རྗེས་བོད་རྒྱལ་བརྒྱད་པ་གྲི་གུམ་ལ་གདོན་ཞུགས་དུས་སུ་བོད་ཀྱི་ཡི་གེ་འབྲུ་གཟབ་གཉིས་ཀྱི་སྟེང་ནས་བྲིས་པའི་གླེགས་བམ་བརྒྱ་ཕྲག་མང་པ་ཞིག་བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་དཔེ་དེ་དག་བོད་ཀྱི་མཐའ་མཚམས་ཟང་ཟང་ལྷ་བྲག་དང་། དྭང་ར་ཁྱུང་རྫོང་། འབྲིགས་མཚམས་མཐའ་དཀར་སོགས་ལ་གཏེར་དུ་སྦས་དགོས་བྱུང་བ་དང་། དེའི་སྲས་སྤུ་ལྡེ་གུང་རྒྱལ་གྱི་དུས་ནས་བཟུང་བོད་རྒྱལ་ས་ལ་ལེགས་དྲུག་དང་ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ། ཕུན་སུམ་ཚོགས་པའི་བོད་རྒྱལ་བཞི་སོགས་རིང་ལ་སྔར་བཞིན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་བོད་ཁམས་ཡོངས་ལ་བླ་ན་མེད་པར་འཕེལ་རྒྱས་བྱུང་ཡོད་པར་ཚད་གསུམ་ལམ་ནས་སྨྲ་ཆོག  རྒྱུ་མཚན་ནི་བོད་རྒྱལ་བརྒྱད་པ་གྲི་གུམ་གྱི་སྐབས་སུ་གཏེར་ལ་སྦས་པའི་བོན་དཔེ་མང་པོ་ཞིག་བོན་བསྟན་ཕྱི་དར་གྱི་དུས་སྤྱི་ལོ ༡༠༡༧ ལོར་གཤེན་ཆེན་ཀླུ་དགའ་སོགས་ཀྱིས་གཏེར་ནས་དྲངས་པའི་བོན་གཞུང་པོ་ཏིའི་ནང་། འགའ་ཤེས་འབྲུ་མའི་ཐོག་ནས་བྲིས་པ་དང་། ལ་ལ་གཟབ་དང་ཚུགས་སོགས་ཀྱི་ཐོག་ནས་བྲིས་ཡོད་པ་གསལ་བོར་རྟོགས་ནུས། མདོར་ན་ལུང་དང་རིག་པའི་རྒྱུ་མཚན་མང་པོ་ཞིག་གི་རྟགས་ལ་བརྟེན་ནས། ཤེས་རིག་རྒྱ་མཚོ་ལྟ་བུ་ལ་འཇུག་བྱེད་ཀྱི་སྒོ་འཕྲུལ་གྱི་ཡི་གེ་བཞི་ཅུ་འདི་ཡིན་པར་གོར་མ་ཆགས།  དེ་བཞིན་དུ་འཕྲུལ་ཡིག་འདི་རྣམས་བོད་གངས་ཅན་ནས་དར་བའི་ཤེས་རིག་མ་མ་ཞིག་ཡིན་པ་མ་གཏོགས་ཕྱིས་སུ་སྤྱི་ལོའི་དུས་རབས་ནང་དུ་ཤྰཀྱ་ཐུབ་པའི་ཆོས་བོད་དུ་བསྒྱུར་དུས་སུ་རྒྱ་གར་ཡུལ་ནས་ནོར་རྫས་སྤྲད་ནས་བཀའ་གཡར་ཞུས་པ་མིན་ལ། གསེར་དངུལ་སྤྲད་པ་དང་གཉེན་སྒྲིག་བྱས་ནས་ཉོས་པ་ཞིག་མ་ཡིན་པར་ལུང་དང་རིག་པ་གང་གི་སྒོ་ནས་ལྟ་དཔྱད་བྱས་ན་བདེན་དཔང་ཡོངས་རྫོགས་ཐུབ་བོ།། སྨྲས་པ།

      གནའ་རབས་བོད་ཀྱི་འཕྲུལ་ཡིག་བྱུང་ཁུངས་དཔྱད་པའི་གཏམ་གླེང་ཉིད།།

      གནའ་རབས་གཞུང་ལུགས་གསེར་རིའི་བང་མཛོད་རིག་པས་སྒོ་ཕྱེས་ཏེ།།

     གནའ་རབས་ལོ་རྒྱུས་ཡིད་ཆེས་ཚད་མ་གསུམ་གྱིས་རྟ་བདུན་ཤར།།

    གནའ་རབསགཞུང་ལ་ཐོས་བསམ་བྱེད་བཞིན་མགྲིན་པའི་ལམ་ནས་ཐལ།།

རྨོངས་བླུན་རང་གི་དྲན་སྣང་ཡིན་གྱི་ལོ་རྒྱུས་ཕུགས་ཐག་ཆོད་པའི་བགྲོ་གླེང་མིན།།

གཟུར་བོར་གནས་པའི་སྤུན་ཟླའི་དཔྱད་བྱ་ཡིན་གྱི་ཕྲག་དོག་ཅན་ལ་བསྐུལ་བ་མིན།།

ཐོས་ཆུང་རང་བློ་གོང་འཕེལ་ཡང་ཆེད་ཡིན་གྱི་ཁེ་གྲགས་དོན་དུ་བྲིས་པ་མིན།།

རྒྱལ་གཤེན་བོན་གྱིབཀའ་ལ་བརྟེན་པ་ཡིན་གྱི་བླུན་པོའི་ངག་ནས་གཏམ་བཤད་མིན།།

ཁྱུང་བསྟན་པ་རབ་གསལ་དུ་འབོད་པས་སྤྱི་ལོ་༢༠༡༡ལོར་ཟླ་༦ཚེས་༡༦ཉིན་འཇུག་རྫོགས་པར་བྲིས།
Re:བོད་ཀྱི་ཡི་གེ་བྱུང་ཁུངས་སྐོར་གྱི་བགྲོ་གླེང་ཁག་གསུམ་པ། | 2011/12/1 14:29:12
yongdromསྨྱུག་མཆེད་ཁྱུང་བསྟན་རབ་ལགས་བོད་ཡིག་བྱུང་ཁུངས་སྐོར་གྱི་གཏམ་གླེང་འདིར་སྤེལ་བར་བཀའ་དྲིན་ཆེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.