ཕོ་ཚོད་ཁག་གཅིག་ལ་གདམས་པའི་གཏམ།
དགེ་བཤེས་ཤེས་རབ་ཀུན་གྲགས།
བདེན་པའི་ཕུ་ཐག་ཆུ་ལས་རིང་།
དྲངས་པའི་ཚད་མ་མདའ་ཡིས་བདར།
ཡིན་མིན་བདེན་རྫུན་དངོས་པོས་བཤེར།
འཁོར་འདས་ལས་འབྲས་བཙན་པ་ལ།
ཡས་ཕབས་ལྟ་བ་མཐའ་དགུ་བྲལ།
མས་འཛེགས་དགེ་བཅུ་ངང་གིས་སྲུང་།
སྙིང་རྗེས་གཞིར་བཏིང་ཕྱོགས་དང་བྲལ།
ཐབས་མཆོག་ཕྱིན་བཅུ་ཡང་པ་ལ།
ལ་སྟོད་གངས་དཀར་འཁྱག་གིས་བསྡམ།
ལྷོ་མཐའ་གསེར་ལུང་རྐང་འཐུང་རྒྱས།
ཡན་ལག་ཟེའུ་འབྲུ་གཡུར་དུ་སྨིན།
ཟད་མེད་ལོངས་སྤྱོད་མང་བ་ལ།
བཀའ་ལུང་ཞལ་ཁྲིད་མེས་པོའི་སྲོལ།
འཁྱུག་མེད་འཚོ་བ་སློབ་མའི་འགན།
དོན་ཐོག་ཁེལ་ཞད་དད་འདུན་སེམས།
མཐར་ཕྱིན་གྲུབ་མིན་འབེལ་བ་ལ།
རེ་སྒུག་ལྟ་བ་ཐེག་དམན་བློ།
ཉམས་ལེན་རྒྱུན་སྐྱོང་རྣལ་འབྱོར་བ།
སྐད་རིགས་ཕུལ་ཕྱིན་མཁས་པའི་རྒྱན།
རང་རྐྱ་ཕེར་བ་དཀོན་པ་ལ།
སེམས་ཀློང་སྡེ་ཚན་ནམ་མཁའི་མཐའ།
གཏན་ཚིགས་གྲས་ཐག་སྐར་ཚོགས་རྒྱན།
སེལ་བུ་འབྱེད་པ་བླ་སློབ་འགན།
ཁྲིགས་སུ་ཕྱམ་མེ་མགྱོགས་པ་ལ།
རང་རིག་རྣལ་འབྱོར་རང་ལ་ཤར།
གྲོས་འཁྲུལ་གཤིས་ཀ་གཞི་ལ་ནུབ།
རྩལ་ཤར་སྣ་ཚོགས་གཞི་ཡི་རྒྱན།
རང་རིག་སྐྱོང་ལུགས་བདེ་བ་ལ།
ཉོན་མོངས་འཁོར་ཚོགས་གཤིས་ལ་ནུབ།
ཟག་མེད་ཏིང་འཛིན་ལོངས་སུ་རོལ།
འཁོར་འདས་སྣང་སྲིད་གཞི་རུ་ཤར།
འཇིག་རྟེན་བྱ་སྟོང་མཚར་བ་ལ།
རང་དོན་ཐུན་བཞི་ལུང་བཞིན་སྒོམ།
གཞན་དོན་འཆད་རྩོད་བོན་འཁོར་བསྐོར།
རྩ་ལག་དམ་ཚིག་མིག་བཞིན་སྲུང་།
བླ་མ་དགེ་བཤེས་ཉུང་བ་ལ།
ཕོ་གླིང་ཁྲི་སྨོན་རྒྱལ་བཞད་འདྲ།
མོ་གླིང་ཁོ་མ་ནེའུ་ཆུང་བཞིན།
བར་དུ་ཡང་དག་ཁྲི་གཙུག་རྒྱལ།
རྣལ་འབྱོར་ཕོ་མོ་དགའ་བ་ལ།