སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་གྱི་དཀྱིལ་འཁོར་སྐོར། 
[ 2011/7/11 13:11:00 | By: lodoe ]
 

བོན་གྱི་དཀྱིལ་འཁོར་སྐོར་ཅུང་ཙམ་གླེང་བ།

དགེ་བཤེས་བློ་གྲོས་རབ་གསལ།

ཅི་པར་སད་གྱེར་སྨར་ལ་གུ་དུན་ཧྲུན།

 

དཀྱིལ་འཁོར་སྤྱི་བཤད།

དབྱིངས་ཉིད་དཀྱིལ་འཁོར་མ་བཅོས་ལྷུན་གྱིས་གྲུབ།།

ཏིང་འཛིན་དལ་དཀྱིལ་ཡིད་ཀྱིས་དྭངས་གསལ་བསྐྱེད།།

རྡུལ་ཚོན་དལ་རིས་ལག་གིས་འབུར་གཟུགས་གཏོད།།

དཀྱིལ་འཁོར་གསུམ་གྱི་བཞིན་རས་མངོན་མཇལ་ཤོག།

ཅེས་དཀྱིལ་འཁོར་རམ། དལ་དཀྱིལ་ཅེས་པའི་ཤེས་རིག་འདི་ཉིད་ཐོག་མར་ཞང་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱིས་བསྐྲུན་པའི་མཐོ་སྒང་གི་ས་བཅུད་དང་འདྲེས་ནས། ནར་སོན་པའི་ཞང་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་ཆོས་དང་འབྲེལ་བའི་རིག་གཞུང་གལ་ཆེན་ཞིག་ཏུ་གྲུབ་སྟེ། མི་རབས་མང་པོའི་རིང་ནས་བཀོལ་སྤྱོད་བྱས་ནས་དུས་ད་ལྟའི་བར་དུ་གནས་པ་ཞིག་ཡིན་ངེས། དེས་ན་དཀྱིལ་འཁོར་གྱི་གོ་དོན་ནི་ལྷ་གཙོ་བོ་དཀྱིལ་དུ་གནས་ཤིང་འཁོར་རྣམས་མཐའ་ནས་སྐོར་བའམ་འཁོར་བའི་ཚུལ་གྱིས་གནས་པས་ན་དཀྱིལ་འཁོར་ཞེས་བཞེད། བོན་གཞུང་ནས་དཀྱིལ་འཁོར་གྱི་གོ་དོན་འདི་ལྟར་གསུངས་ཡོད་དེ། མཁའ་འགྲོ་རིན་ཕྲེང་ལས། དཀྱིལ་འཁོར་མཚན་ཉིད་བསྟན་པར་བྱ། ངོ་བོ་རིག་པའི་སེམས་དཀྱིལ་དུ། ཁམས་གསུམ་སྲིད་གསུམ་ཀུན་འཁོར་བས། མི་འཕྱུག་ངོ་བོ་ཤེས་པར་བྱ། ངེས་ཚིག་ཚོམ་བུ་ཉི་ཤུ་ལྔ། སྣ་ཚོགས་བསྐོར་ཞིང་དཀྱིལ་དུ་འཁོར། གཅིག་དཀྱིལ་འཁོར་བས་ངེས་པའོ། །ཞེས་གསུངས། དེ་ཡང་སྤྱིར་དཀྱིལ་འཁོར་གྱི་རྣམ་གྲངས་ལ་གཞུང་སོ་སོར་ནས་དུ་མ་ཞིག་བསྟན་ཡོད་དེ། མཁའ་འགྲོ་རིན་ཕྲེང་ལྟར་ན། ཕྱི་ནང་གསང་བ་ཡང་གསང་བཞི་ཡི་དཀྱིལ་འཁོར་བསྟན་ལ། རྗེ་ཡི་དཀྱིལ་འཁོར་འབྲི་ཐབས་ལ་སོགས་རང་གཞུང་ཡོངས་གྲགས་ལྟར་ན། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར། ཏིང་འཛིན་རིག་པའི་དཀྱིལ་འཁོར། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་དུ་གསུངས། ཁྲོ་བོ་རྒྱུད་དྲུག་ལས་ཐིག་༣༤༢ལས། དཀྱིལ་འཁོར་འབྲི་བའི་རིམ་པ་ནི། རྣམ་པ་གསུམ་དུ་ཤེས་པར་བྱ། བྱིན་རླབས་གཞན་དོན་བྱ་བ་དང་། དམོད་མོ་དྲག་ཏུ་སྒྲུབ་པ་དང་། རང་དོན་བྱང་ཆུབ་སྒྲུབ་པའོ། །ཞེས་སོ། །མདོར་ན་གཞུང་སོ་སོ་ནས་དགོས་དབང་དང་བསྟུན་པའི་རྣམ་གྲངས་དུ་མ་ཞིག་བསྟན་ཡོད་ཀྱང་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང། ཏིང་འཛིན་རིག་པའི་དཀྱིལ་འཁོར་དང་། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་རྣམ་པ་གསུམ་དུ་འདུས་པར་་་་ངེས། དེ་ཡང་རང་བཞིན་དཀྱིལ་འཁོར་དབྱིངས་ནས་ལྷུན་གྱིས་གྲུབ་པ་དང་། ཏིང་འཛིན་རིག་པའི་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་བསྒོམ་པ་དང་། མཚན་མ་རྡུལ་ཚོན་དཀྱིལ་འཁོར་ས་ལ་ལག་གིས་བྲིས་ཞེས་པ་ལྟར། མ་དག་སེམས་ཅན་གྱི་སྣང་ངོ་ལ་ལྟོས་ན་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། དག་པ་ལམ་ཞུགས་ཀྱི་སྣང་ངོ་ལ་ལྟོས་ན་ཏིང་འཛིན་རིག་པའི་དཀྱིལ་འཁོར། ཡང་དག་སངས་རྒྱས་ཀྱི་སྣང་ངོ་ལ་ལྟོས་ན་བོན་ཉིད་ཀྱི་་་་དཀྱིལ་འཁོར་གསུམ་དུ་ངེས་པའོ། །དེ་ཡང་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་མ་ཤེས་ན་ཏིང་འཛིན་རིག་པའི་དཀྱིལ་འཁོར་བསྒོམ་མི་ཤེས་པ་དང་། ཏིང་འཛིན་རིག་པའི་དཀྱིལ་འཁོར་ཡིད་ཀྱིས་བསྒོམ་མ་ཤེས་ན། བོན་ཉིད་དབྱིངས་ཀྱི་དཀྱིལ་འཁོར་མཇལ་མི་ཐུབ་གསུངས་པ་ལྟར། ཐོག་མར་བོན་སྒོ་ལ་ཞུགས་པ་དག་གིས་མཚན་མ་་་་རྡུལ་ཚོན་གྱི་དཀྱིལ་འཁོར་ས་ལ་འདེབས་པ་དང་པིར་སྨྱུག་གིས་འབྲི་བ་སོགས་ལ་ཕུལ་དུ་ཕྱིན་པ་ཞིག་སྦྱངས་་་་་་ཤིང་། མ་ཚད་གཞུང་སོ་སོའི་རྡུལ་ཚོན་གོ་རིམ་གྱི་གནས་བཀོད་ཡིད་ངོར་གསལ་ལྷང་ངེར་ཞིག་འཆར་རྒྱུ་ཡོད་ན། གཞུང་དེའི་བསྐྱེད་རྫོགས་ཉམས་ལེན་སྐབས་སུ་བདག་བསྐྱེད་དང་མདུན་བསྐྱེད་སོགས་ཀྱི་བསྒོམ་རིམ་ལ་དགེ་་་་་་མཚན་ཆེར་འབྱུང་བ་དོན་གྱིས་གྲུབ་པའོ།།

མཚན་མ་རྫས་ཀྱི་དཀྱིལ་འཁོར་སྐོར་བཤད་པ།

སྤྱིར་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་གཉིས་སུ་ངེས་པ་སྟེ། འཇིག་རྟེན་གཏོས་ཀྱི་དཀྱིལ་འཁོར་དང་རྡུལ་ཚོན་ལག་གིས་འབྲི་བའི་དཀྱིལ་འཁོར་གཉིས་སོ། །དང་པོ་ལ་བཞི་རུ་བསྟན་པ་སྟེ། ཕྱི་སྣོད་འཇིག་རྟེན་ལ་སྦྱར་བའི་དཀྱིལ་འཁོར་དང་། ནང་བཅུད་སེམས་ཅན་ལ་སྦྱར་བའི་དཀྱིལ་འཁོར། ཡི་དམ་གཙོ་འཁོར་གྱི་ལྷ་ལ་སྦྱར་བའི་དཀྱིལ་འཁོར། ས་དང་ལམ་ལ་སྦྱར་བའི་དཀྱིལ་འཁོར་དང་བཞི་རུ་བསྟན་ཏེ། ཁྱུང་སྤྲུལ་གྱི་དཀྱིལ་འཁོར་༥ལས། དང་པོ་དཀྱིལ་འཁོར་སྟོང་གསུམ་ཞིང་བཀོད་ལ། སྦྱར་ཏེ་བཤད་པ་འཇིག་རྟེན་གཏོས་ཀྱི་དཀྱིལ་འཁོར། གཉིས་པ་ནང་བཅུད་སེམས་ཅན་རྟེན་གནས་ཀྱང་། དཀྱིལ་འཁོར་དག་གི་བཀོད་པ་སྦྱར་བར་བྱ། གསུམ་པ་ཡི་དམ་རྩ་བའི་ལྷ་གང་ཡིན། གཙོ་འཁོར་དང་བཅས་རྟེན་གྱི་དཀྱིལ་འཁོར་སྦྱར། བཞི་པ་ཕར་ཕྱིན་བཅུ་སོགས་ས་ལམ་གྲངས། དགྲ་བཅོམ་ཡན་ལག་བདག་དོན་ལྷུན་གྲུབ་དང་། ཚད་མེད་བཞི་ཕན་གཞན་དོན་མཐའ་ཕྱིན་འབྲས། དཀྱིལ་འཁོར་དང་སྦྱར་བཤད་པར་བྱ་བའོ། །ཞེས་གསུངས། གཉིས་པ་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ལ་དོན་བཞི་ཡི་སྒོ་ནས་བསྟན་པ་རྗེ་རིན་པོ་ཆེས་གསུངས་པ་ལྟར། བརྩེག་ཅིང་ཆག་ཆག་གདབ་པ་དང་། ཐིག་གདབ་པ། ཚོན་བཀྱེ་བ། ས་བོན་བཀོད་པ་དང་བཞིའོ། །ཐོག་མར་ཞང་བོད་ཡུལ་ལྗོངས་འདི་རུ་རྡུལ་ཚོན་དཀྱིལ་འཁོར་ལག་ཏུ་ལེན་ཚུལ་ལ། ས་ཚོན་འདེབས་པའི་ཚུལ་དང་། ཆུ་ཚོན་འབྲི་བའི་ལུགས་སུ་གཉིས་སུ་བྱུང་ཡོད་གཤིས། དེ་ཡང་གཞུང་དུ་མ་ནས། དེ་མཚོན་ཕྱི་རུ་མཚན་མ་རྡུལ་ཚོན་དཀྱིལ་འཁོར་ས་ལ་ལག་གིས་བྲིས། ཞེས་གསུངས་པ་ལྟར། ཐོག་མར་རྡུལ་ཚོན་ལག་པས་བྲིས་པའམ་ལག་གིས་འདེབས་ཚུལ་གྱི་དུས་རབས་བྱུང་ཡོད་པ་ཤེས་ཐུབ་ཅིང་། དེ་རྗེས་རིམ་བཞིན་ཞང་བོད་མི་རིགས་ལ་རྣམ་རིག་འཕེལ་རྒྱས་སོང་བའི་དུས་རབས་དང་བསྟུན་ནས་ཟངས་བུག་དང་ལྕགས་བུག་ནས་འདྲེན་པའི་དུས་རབས་ཀྱང་བྱུང་ཡོད་སྟབས། ད་ལྟའི་བཀོད་གཙང་ཅན་གྱི་རྡུལ་ཚོན་རི་མོ་འདི་ང་ཚོའི་མིག་སྔར་མངོན་ཐུབ་པ་ཞིག་ཡིན་སྙམ། དེ་ཡང་རྗེ་ཡི་རྡུལ་ཚོན་ལག་ལེན༤༩ལས། དཀྱིལ་འཁོར་ཚད་ལྡན་འགྲུས་སྙོམ་པ། མཁས་པས་ལག་རིས་དོད་པར་འབྲི། རྡུལ་ཚོན་ཁ་བ་བབ་པ་འདྲ། སྲབ་མིན་འཐུག་མིན་ངོ་སྙོམ་བྱ། རེ་ཁ་གྲི་སོ་བསླང་པ་འདྲ། ཚོན་ཐལ་མ་སོང་ཆད་པ་མིན། ཡ་ཡོ་མ་ཡིན་དྲང་པོ་དང་། འཐུག་པ་མ་ཡིན་སྲབ་པ་མིན། སྙོམ་ལ་མཛེས་ཤིང་མཁས་པས་འབྲི། དེ་ལྟར་མཛེས་ལེགས་ལྡན་གྱུར་ན། ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། ཞེས་གསུངས། གཞུང་ཚིག་འདི་ནི་རྗེ་ཡི་རྡུལ་ཚོན་ལག་ལེན་ནང་དུ་མཁའ་འགྲོ་གསང་མཛོད་ནས་ལུང་དྲངས་ཚུལ་འཁོད་ཅིང་། ཁྱུང་སྤྲུལ་དཀྱིལ་འཁོར་ནང་དུ་མཁའ་འགྲོ་་་་རིན་ཆེན་ཕྲེང་རྒྱུད་ལས་ལུང་དྲངས་ཚུལ་འཁོད་པས། ཡེ་ཁྲི་རིན་ཕྲེང་ནང་བསྩལ་ཀྱང་ཚིག་འདི་འདྲ་མ་རྙེད་པས་གང་ཡིན་དཔྱད་བྱར་ལུས། ཡང་རྒྱུད་དྲུག་དབལ་མོ་ལས་ཐིག༣༤༢ལས། དཀྱིལ་འཁོར་ཆེན་པོ་བཞེངས་འདོད་ན། དང་ལ་ས་ཚོན་བྱིན་རླབས་ཏེ། ཡི་གེ་དཔའ་བོ་འབྲུ་ལྔ་ཡང་། ཡེ་ཤེས་ལྔ་རུ་གྱུར་པར་བསམ། དབུས་ཀྱི་ཕུར་པའི་ཁུང་བུ་རུ། ས་ཚོན་རྣམ་ལྔས་གང་བར་བྱ། དེ་ནས་དཀྱིལ་འཁོར་འབྲི་བར་བྱ། ཞེས་དང་ཡང་། ཁྱུང་སྤྲུལ་དཀྱིལ་འཁོར་ལས། གཉིས་པ་རྡུལ་ཚོན་ལག་གིས་འབྲི་བ་ནི། གཙང་མའི་ས་ལ་མཎྜལ་དབྱིབས་ལེགས་ཏེ། རྡུལ་ཚོན་ལག་གིས་འདེབས་པ་འདི་ཉིད་དོ། དེ་རྣམས་དོན་དམ་ལྷ་གདན་དཀྱིལ་འཁོར་སོགས། ཐ་དད་མ་ཡིན་གཅིག་གི་ངང་དུ་འདུས། ཞེས་སོགས་ས་ཚོན་རྣམས་ཡི་གེ་དཔའ་བོ་འབྲུ་ལྔས་བྱིན་གྱིས་རླབས་ནས་དངོས་གཞི་ས་ཚོན་འདེབས་སྐབས། ལ་ལ་སྲབ་ཅིང་ལ་ལ་མཐུག་པོ་མ་ཡིན་པར་ཁ་བ་བབ་པ་བཞིན་དུ་གཟབ་དགོས་ལ། ད་དུང་ཡ་ཡོ་ཀྱག་ཀྱོག་མ་ཡིན་པར་བཀོད་དྲང་སོགས་གོང་གི་ལུང་ཚིག་བཞིན་དུ་འདེབས་དགོས་པར་མངོན།

ས་སློང་བྱ་བའི་རིམ་པའི་སྐོར།

བོད་ཀྱི་ཆོས་ལུགས་སམ་གནའ་སྲོལ་ཁས་ལེན་པའི་གང་ཟག་དག་གིས་ས་རྡོ་རི་བྲག་དང་། རྩི་ཤིང་ནག་ཚལ་སོགས། མདོར་ན་སྣང་སྲིད་དངོས་པོ་གང་ཡིན་རྣམས་ལ་བདག་དབང་བྱེད་པའི་སེམས་ཅན་གཞན་ཞིག་ཡོད་པ་ཁས་འཆེས་པ་གཞིར་བཅས། ས་རྡོ་རི་བྲག་དང་རྩི་ཤིང་ཆུ་ཕྲན་སོགས་ལ་འཇིག་རྟེན་མིས་གནས་སྐབས་བཀོལ་སྤྱོད་དགོས་ཚེ་དེ་རྣམས་བདག་བཟུང་བྱེད་པའི་མངའ་དབང་ཅན་གྱི་ལྷ་ཀླུ་ས་བདག་དང་འཇིག་་རྟེན་བརྟན་མ་ལ་སོགས་ལ། ཆོ་གའི་གཞུང་བསྲང་ནས་ས་ཡི་དངོས་གྲུབ་མ་ཞུས་པར་རང་འགར་བཀོལ་སྤྱོད་་་དང་རྩིགས་པ་ལ་སོགས་ཀྱིས་བེད་སྤྱོད་བྱས་ན། འགལ་རྐྱེན་མི་མཐུན་པའི་ཀོ་ལོངས་ལ་སོགས་འབྱུང་སྲིད་པས་ན། དང་པོ་ཉིད་ནས་གཞི་གནས་ས་ཡི་དངོས་གྲུབ་ཞུ་ཞིང་། དེ་ལ་ས་ཆོག་དོན་སྐོར་བདུན་གྱི་སྒོ་ནས་གསུངས་པ་བསྟན་ཡོད་དེ། དང་པོ་ས་འདུལ་བ། གཉིས་པ་ས་བཅགས་པ། གསུམ་པ་ས་དབང་དུ་བསྡུ་བ། བཞི་པ་ས་སློང་བ། ལྔ་པ་ས་ཡི་སྒྲིབ་པ་སྦྱང་བ་དང་། དྲུག་པ་ས་གཏེར་གཞུག་པ། བདུན་པ་ས་པྲ་བརྟག་པ་བཅས་སོ། །ས་འདུལ་བ་ལ་ཁྲོ་བོ་རོལ་པའི་གར་ཞེ་ལྔ་དགོས་ཞེས་པ་དང་། ས་བཅག་པ་ལ་ཁྲོ་མོ་རྔམ་པའི་བྲོ་ཞེ་ལྔ། ས་དབང་བསྡུ་བ་ལ་གཤེན་རབ་བརྟུལ་ཤུགས་ཀྱི་གླུ་བཞི་བཅུ་རྩ་༼ལྔ་༽བྱའོ། །ཞེས་གསུངས་ཡོད། མདོར་ན་ས་སློང་བ་དང་ས་ཡོན་འབུལ་བ། ས་ཡི་སྒྲིབ་པ་སྦྱོང་བ་དང་། ཚན་ཁྲུས་དང་རིན་འཕྲད་བརྩལ་ཚུལ། ས་གཏེར་གཞུག་པ་དང་སྤྱན་དབྱེ་ཞིང་བཞུགས་སུ་གསོལ་བ། རྟེན་ལ་བསྟིམ་ཞིང་མཆོད་པ་འབུལ་བ་དང་། ས་པྲ་བརྟག་ལ་སྤང་ལེན་གྱི་རྣམ་བཞག་བྱེད་པ་སོགས་ཀྱི་ཁྱད་ཡོན་དགོས་པའི་ལོ་རྒྱུས་ཞིབ་གསལ་གཞུང་གཞན་དུ་གསལ་བས་དེར་བལྟ་བར་་་་བྱའོ།།

 
 
Re:བོན་གྱི་དཀྱིལ་འཁོར་སྐོར།
[ 2011/8/21 16:02:33 | By: lodoe ]
 
lodoeགྲོགས་མཆེད་ལགས་དཔྱད་གཏམ་སྤེལ་བ་དགའ་བསུ་ཞུ། གོང་གི་བརྗོད་ཚིག་གཉིས་པོའི་ལུང་ཚིག་གང་དུ་ཡོད་དམ།
 
 
Re:བོན་གྱི་དཀྱིལ་འཁོར་སྐོར།
[ 2011/7/11 19:54:10 | By: སྐུ་མགྲོན་qul8OB(སྐུ་མགྲོན) ]
 
སྐུ་མགྲོན་qul8OB(སྐུ་མགྲོན)དཀྱིལ་ནི་རང་བཞིན་རྫོགས་པས་དཀྱིལ། །འཁོར་ནི་གཙོ་འཁོར་ལྡན་པས་འཁོར། །དེས་ན་ལྷ་ཡོད་ན་དཀྱིལ་འཁོར་ཡོད། དཀྱིལ་འཁོར་ཡོད་ན་སྒྲུབ་པ་ཡོད། སྒྲུབ་པ་ཡོད་ན་ལག་ལེན་ཡོད། ལག་ལེན་ཡོད་ན་དགོས་སོ་ཅོག་གི་བོན་ཐམས་ཅད་ཡོད། དེ་ཐམས་ཅད་ཚང་ན་གསང་སྔགས་འཆང་བ་པོ་ཞིག་གིས་ལམ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཚང་བའོ། །དེ་འདྲ་མ་རེད་དམ་གྲོགས་པོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.