ཀ་རྩོམ་ཆགས་སྡང་འཇོམས་པའི་བདུད་རྩི།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།
ཀ་ཡེ་མཐུན་གྲོགས་བསམ་པ་དཀར་བ་རྣམས། །
ཁ་བ་རི་བའི་རིག་པ་ཁོ་ནས་སློབ། །
ག་ལེར་བརྟགས་ན་སྔ་ཕྱི་འགལ་བ་མང་། །
ང་དང་ཁྱོད་ཅེས་ཕྱོགས་འཛིན་ངན་པས་བསླུས། །
ཅ་ཅོར་སྨྲ་ཞིང་རང་ཉིད་གཅེས་འཛིན་གྱིས། །
ཆ་ལུགས་བསྒྱུར་ཙམ་བྱས་ན་ཆོས་པ་མིན། །
ཇ་ཆང་སྒྱུ་མའི་ནོར་འདི་འཇའ་ཚོན་བཞིན། །
ཉ་རྒྱས་ཟླ་བའང་མར་ངོ་ཉམས་ནས་སྟོང་། །
ཏཱ་རེ་སྒྲོལ་མ་བྱམས་མ་བསྟེན་ན་གཅིག །
ཐ་དད་མ་ཡིན་སངས་རྒྱས་ཐམས་ཅད་མཉམ། །
ད་ལྟ་གྲུབ་མཐའ་ཀུན་ལ་དག་སྣང་ཞོག །
ན་འཆི་བྱུང་རྗེས་ཕྱི་མའི་གནས་གཅིག་ཡིན། །
པ་སངས་ལྟར་དཀར་གཞན་ལ་སྤྲོ་སེམས་གཅེས། །
ཕ་རོལ་རྒོལ་བ་མེད་ན་ཕན་ཚུན་མཐུན། །
བ་ལང་ངན་ཀྱང་བཀོལ་སྤྱོད་བྱེད་དུས་མཁོ། །
མ་མཐུན་དཀྲུགས་ན་སྟོབས་ཤུགས་མིང་མི་འབྱུང་། །
ཙ་རི་མངའ་རིར་བསྡད་ཀྱང་གཙོ་བོ་སེམས། །
ཚ་གྲང་གནོད་པ་བཟོད་ན་ཚད་ལྡན་གྱི། །
ཛཱ་ཡ་འཕགས་པའི་ལུང་བཞིན་མཛའ་བརྩེ་འབྱུང་། །
ཝ་ལེར་རིག་པ་མ་བསླབ་ཝ་སྐྱེས་འདྲ། །
ཞ་ལོང་བཞིན་དི་བསྡད་ན་གཞན་དོན་དབེན། །
ཟ་མ་དུག་དང་འདྲེས་ན་བཟང་མི་བྱེད། །
འ་ཅག་བསམ་པ་ངན་ན་འོས་མཐུན་མེད། །
ཡ་མེད་གཤིན་རྗེའི་མདུན་ན་གཡོ་སྒྱུས་དཀའ། །
ར་རི་བྲལ་བའི་སེམས་ཀྱི་རང་ངོ་སྐྱོངས། །
ལ་ཐུར་བགྲོད་ན་རྟ་མཆོག་ལ་བརྟེན་བཞིན། །
ཤ་ཚ་སྙིང་ཉེ་མཐུན་པའི་བཤེས་གཉེན་བསྟེན། །
ས་སྟེང་མི་རིགས་ཀུན་གྱི་སེམས་མཐུན་དགོས། །
ཧ་ཧ་ཟེར་ཐབས་གཞན་གྱི་ཧོར་རྒྱུགས་མིན། །
ཨ་མའི་བུ་ལ་གདམས་བཞིན་ཨ་མཚར་ཚིག །
རིན་ཆུང་དོན་ཆེ་འདི་ཀོ་ཀུན་གྱིས་ཉོན། །
ཡིད་མཐུན་བྱེད་དོ་ཡིན་ལུགས་ཤེས་སོ་འཚལ། །
མི་རིགས་མི་གཅིག་ཡིན་མིན་སྲིད་འཛིན་གཅིག ། ༼ ཨི ༽
དུས་ཀུན་ཡུན་ཏུ་མཐུན་ཤུགས་བསྲུང་ཐུབ་ལུགས། ། ༼ ཨུ ༽
ཤེས་ཏེ་བརྩེ་ཆེན་བྱེད་དེས་བདེ་ལེགས་འཕེལ། ། ༼ ཨེ ༽
འདོད་དོན་ཡོངས་རྫོགས་སྨོས་སོ་གྲོགས་སོ་ཚོགས། ། ༼ ཨོ ༽
ཞེས་པའང་ཟས་ཀྱི་རྣལ་འབྱོར་གྱི་ཐུན་མཚམས་སུ་དགེ་ཕྲུག་རྣམས་ལ་རྩེད་མཚར་དུ་བྲིས་པས། མི་རིགས་ཐམས་ཅད་མཐུན་སྒྲིལ་ལྷུན་པོ་ལྟར་བརྟན་པར་གྱུར་ཅིག བྲིས་པ་དགེའོ། །
- ཟིན་ཐོ་གོང་མ།མཛད་པ་བཅུ་གཉིས་ཀྱི་ཞལ་ཐང་བཞུགས་སོ། །
- ཟིན་ཐོ་འོག་མ།མི་ཚེ།