ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བརྡ་དག་ཉུང་འདུས་བྱིས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།  | 2011/5/23 22:26:00

བརྡ་དག་ཉུང་འདུས་བྱིས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅།།བླ་མ་ལྷ་མཆོག་སྨྲ་སེང་དབྱེར་མེད་ལ།  །སྒོ་གསུམ་གུས་པས་ཕྱག་འཚལ་སྤྱི་བོར་བསྙེན།  །བཅུ་ཕྲག་རིག་པའི་བང་འཛོད་ཕོ་བྲང་ཆེར། །འཇུག་པའི་སྒོ་མོ་བརྡ་དག་ཉུང་བསྡུས་ཙམ།   །བློ་གསར་བྱིས་པའི་དོན་དུ་བྲི་བར་བྱ།   དང་དུ་ལོངས་དང་ཅུང་ཟད་ཕན་ངེས་ཡིན།

རྣམ་དབྱེ་བརྒྱད་ནི་དང་པོ་ངོ་བོའམ།   །མིང་ཙམ་བརྗོད་པ་གཉིས་པ་ལས་སུ་བྱ།།གསུམ་པ་བྱེད་པ་བཞི་བ་དགོས་ཆེད་དང༌།།ལྔ་བ་འབྱུང་ཁུངས་དྲུག་པ་འབྲེལ་བའི་སྒྲ །བདུན་པ་གནས་གཞི་བརྒྱད་པ་འབོད་སྒྲའོ།  །ཚིག་ཕྲད་སུ་རུ་ཏུ་དུ་ན་ལ་རྣམས། །རྣམ་དབྱེ་གཉིས་བཞི་བདུན་པ་དུས་ལའང་འཇུག །དེ་ཡང་རྗེས་འཇུག་ཡང་འཇུག་ལ་བལྟས་ནས། །ཐོབ་ཐང་མ་ནོར་བྲི་བ་གལ་ཆེ་བས།  །མཐའ་རྟེན་ས་ཡིག་ཡོད་ན་སུ་ཐོབ་ཅིང༌། །དེ་བཞིན་ག་བ་ད་དྲག་རྗེས་སུ་ཏུ།  །ང་ད་ན་མ་ར་ལ་རྗེས་སུ་དུ།།འ་དང་མཐའ་རྟེན་མེད་ན་རུ་དང་ར།།ཚེག་བར་མང་ཉུང་དབང་གིས་གང་རུང་སྦྱར།  །ཀྱི་གི་གྱི་འི་ཡི་དང་ལྔ་བོ་ནི།།རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ལ་འཇུག།ལྔ་བོ་དེ་ལ་རྗེས་འཇུག་ས་སྦྱར་ན།  །བྱེད་པའི་སྒྲ་ཡིན་བྱེད་འབྲེལ་གང་ཡིན་ཀྱང༌།  །སྦྱོར་ཚུལ་རྗེས་འཇུག་ད་བ་ས་གསུམ་མཐར།།ཀྱི་དང་ག་ང་གཉིས་མཐར་གི་སྦྱོར་དགོས།  །ན་མ་ར་ལ་བཞི་བོ་རྗེས་སུ་གྱི།  །འ་དང་མཐའ་རྟེན་མེད་མཐར་འི་དང་ཡི།།མཐུན་དང་མི་མཐུན་ཚིག་རྒྱན་སྡུད་པའི་སྒྲར།།ཀྱང་འང་ཡང་གསུམ་འཇུག་ལ་སྦྱོར་ཚུལ་ནི།  །ག་ད་བ་སའི་རྗེས་སུ་ཀྱང་ཐོབ་ལ།།ང་ན་མ་འ་ར་ལའི་རྗེས་སུ་ཡང༌།།མཐའ་རྟེན་མེད་མཐར་འང་དང་ཡང་གང་རུང༌།།སྟེ་ཏེ་དེ་གསུམ་ལྷག་བཅས་སྒྲ་ལ་འཇུག།སྦྱོར་ཚུལ་ད་མཐར་དེ་དང་ན་ར་ལ། །ས་མཐར་ཏེ་ཐོབ་ག་ད་བ་མ་འ།།རྗེས་འཇུག་མེད་མཐར་སྟེ་ཡིག་བྲི་བར་བྱ།།རྗེས་འཇུག་བཅུ་བོ་རང་མཐར་རང་འདྲ་ལ།།ཨོ་སྦྱར་སླར་སྡུད་ཟླ་སྡུད་རྫོགས་ཚིག་ཅེས།།ཚིག་སྦྱོར་དབང་གིས་ཡིན་པས་ཤེས་པར་གྱིས།།ད་དྲག་ཅན་མཐར་ཏོ་ཞེས་བྲི་བར་བྱ།།རྗེས་འཇུག་བཅུ་བོ་མིང་གཞི་བྱས་པ་ལ།།རྗེས་འཇུག་མ་ཡིག་སྦྱར་བའི་གམ་དམ་སོགས།།གཅིག་ལས་བྱེ་བྲག་དུ་མ་འབྱེད་པའི་སྒྲ།མང་པོ་གཅིག་ཏུ་སྡུད་ཅིང་ཐེ་ཚོམ་དང༌།།དྲི་བ་དང་ནི་གདམས་ངག་སྟོན་པའི་སྒྲ།སྦྱོར་ཚུལ་རྗེས་འཇུག་རང་མཐར་རང་འདྲ་སྦྱོར།།ད་དྲག་ཅན་མཐར་ཏམ་ཞེས་འབྲི་སྲོལ་ཡོད།།ཅིང་ཞིང་ཤིང་ནི་ཚིག་འཕྲོ་མཐུན་པའི་སྒྲ །ཅིག་ཞིག་ཤིག་ནི་ངེས་བཟུང་བསྐུལ་ཚིག་སྒྲ །ཅེས་ཞེས་ཤེས་ནི་སྔ་མ་ངེས་བཟུང་ཚིག།ཅེ་ན་ཞེ་ན་ཤེ་ན་དྲི་ལན་སྟོན།།སྦྱོར་ཚུལ་ག་ད་བ་དང་ད་དྲག་མཐར།།ཅིང་ཅེས་ཅེའོ་ཅེ་ན་ཅིག་སོགས་སྦྱོར།།ང་ན་མ་འ་ར་ལ་མཐའ་མེད་མཐར།།ཞིང་ཞེས་ཞེའོ་ཞེ་ན་ཞིག་སོགས་སྦྱོར།།ས་མཐར་ཤིང་ཤེས་ཤེའོ་ཤེ་ན་ཤིག  །གཞན་ཡང་ཚིག་ཕྲད་དེ་སྒྲ་རང་དབང་ཅན།།ཐ་སྙད་འདས་དང་ལྷག་བཅས་རྣམ་གྲངས་བརྗོད།།དུས་ནི་ད་ལྟ་བ་ལ་དེ་མི་འཇུག།འདས་དང་མ་འོངས་གཉིས་ལ་དེ་སྒྲ་འཇུག  །དངོས་པོ་བདེན་པའི་དོན་སྟོན་ལའང་འཇུག།བདག་ལ་མི་འཇུག་བདག་གི་བ་ལ་འཇུག།གསལ་བོར་མི་བརྗོད་གསང་བའི་ཐབས་ལའང་འཇུག།འདི་སྒྲ་ད་ལྟའི་དུས་དང་ཉེ་བ་དང༌།།མངོན་སུམ་པ་ལ་འཇུག་པར་བྱེད་པ་ལས།  །རྒྱང་རིང་བོར་དང་ལྐོག་ཏུ་གྱུར་པ་དང༌།།འདས་དང་མ་འོངས་དུས་ལ་མི་འཇུག་ཟེར།།ནས་ལས་གཉིས་ནི་ལྔ་བ་འབྱུང་ཁུངས་དང༌།།རིགས་དང་བྱ་བ་ཡོན་ཏན་ཁྱད་པར་གྱིས།།དགར་བ་ལ་འཇུག་ཚིག་དོན་སྡུད་པ་དང༌།།ལྷག་བཅས་རྣམས་ལའང་འཇུག་ཅེས་མཁས་རྣམས་བཞེད།།ཀྱེ་དང་ཀ་ཡེ་འབོད་པའི་སྒྲ་ལ་འཇུག།འགྲེང་བུ་ཉིས་བརྩེགས་ཀྱེ་འདི་བོད་ལ་མེད།།ནི་སྒྲ་དགར་བ་བསྣན་པ་ཚིགས་བཅད་ཀྱི།  །ཚེག་བར་སྐོང་བའི་དོན་ལ་འཇུག་པར་བཤད།  །གང་སུ་ཅི་ཇི་སྤྱི་སྒྲ་ཡིན་པ་དང༌།།གང་སུ་ཅི་ནི་མིང་གི་ཐོག་མཐར་སྦྱོར།  །ཇི་ནི་མིང་མཐར་མི་འཇུག་ཁྱད་ཤེས་དགོས།།དང་སྒྲ་འབྱེད་སྡུད་ཚེ་སྐབས་རྒྱུ་མཚན་དང༌།།གདམས་ངག་སྟོན་པའི་ཚིག་ལའང་འཇུག་ཅེས་བཤད།།པ་པོ་བ་བོ་མ་མོ་ཅན་ལྡན་རྣམས།།བདག་སྒྲ་འཇུག་ཅིང་སྦྱོར་ཚུལ་ག་ད་ན།།བ་མ་ས་མཐར་པ་ཐོབ་ང་འ་ར།།ལ་དང་མཐའ་རྟེན་མེད་མཐར་པ་བ་གཉིས།།གང་བདེ་སྦྱོར་ཆོག་མ་ནི་ཀུན་ལ་ཐོབ།  །པུ་བུ་འུ་གསུམ་ག་མཐར་པུ་ཐོབ་ཅིང༌།  །འ་མཐར་འུ་དང་གཞན་ལ་བུ་སྦྱོར་རོ།།མ་མི་མེད་མིན་དགག་སྒྲར་འཇུག་པ་ཡང༌།།མ་མི་གོང་དང་མེད་མིན་རྗེས་སུ་སྦྱོར།།གང་ཡང་ཚིག་སྦྱོར་དོན་གྱིས་གཙོ་ཆེ་བས།།ཡོད་ཚད་མཐའ་གཅིག་མ་ངེས་ཤེས་པར་མཛོད།།ཤད་ལ་དབུ་ཅན་ཚིགས་རྐང་མཚམས་སུ་གཉིས།  །ཡིག་མགོ་ལྟ་བུ་སྦྲུལ་ཤད་བྲི་བ་དང༌།   །ག་ཡིག་ཕྱི་རྐང་ཤད་ཀྱི་གོ་ཆོད་ཟེར།  །ཀ་ཤ་རྐང་བས་ཤད་གོ་ཆོད་མ་གསུངས།  །ང་ཡིག་རྐང་མཐར་བྱུང་ན་ཤད་གོང་ཚེག  །མེད་ན་པ་རུ་ནོར་ཟེར་འ་ཡིག་མཐར།།ཚེག་མེད་ལ་རུ་ནོར་ཞེས་སུས་མ་གསུངས།  །ཚིགས་བཅད་ཚིགས་ལྷུག་བར་མཚམས་འཇོག་ཚུལ་སོགས།།སློབ་དཔོན་མཁས་པའི་ཞལ་ལས་ལེགས་པར་སློབ།  །བློ་གསར་བྱིས་པས་བློར་འཛིན་བདེ་བའི་ཆེད།།ཉེ་བར་མཁོ་ཞེས་ཉེར་གནས་སློབ་བུས་བསྐུལ།།ཕན་སེམས་ཁོ་ནས་ཕན་པ་འབྱུང་ཕྱིར་བྲིས།།འདི་ཡི་དགེ་བས་འདི་ཕྱི་གཏན་བདེ་ཤོག།

ཅེས་པ་འདི་ཡང་རང་གི་ཉེར་གནས་སློབ་ཆུང་ཚ་བུ་གཡུང་དྲུང་དབང་རྒྱལ་དང་སྟོབས་ལྡན་ཚེ་རིང་གཉིས་ནས་བསྐུལ་ངོར། བོན་བརྒྱ་སྐྱེ་མིང་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའམ་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ནས་བྲིས་པ་དགེའོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.