དགུ་བ། བླ་མེད་ཐེག་པ།
ཐེག་པ་དགུ་བ་རྒྱུ་འབྲས་གཉིས་སུ་མེད་ཅིང་ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཐབས་དམ་པ་བླ་མེད་ཐེག་པ་ཆེན་པོའི་བོན་འདི་ནི་སྟོན་པ་ཉིད་གཤེན་ལོ་དགུ་བཞེས་པའི་སྐབས་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས། མི་གཡོ་བསམ་གཏན་གྱི་གླིང་ལ་བྱོན་ནས། གཤེན་གྱི་ཕོ་བྲང་ཆེན་པོ་དགུ་ཁྲི་གླིང་མཁར་གྱི་དབུས་ནས་ཚད་མེད་འོད་ཀྱི་གཙུག་ཕུད་ཅན་ལ་གཉེར་དུ་གཏད་དོ། །
དེ་ལ་སྤྱི་རུ་རྣམ་པ་གསུམ་དུ་དབྱེ་སྟེ། གཞི་ལམ་འབྲས་གསུམ་དང༌། སྒོས་སུ་རྣམ་པ་བཞི་རུ་སྟེ། ལྟ་སྒོམ་སྤྱོད་གསུམ་དང་བླ་མེད་དོན་གྱི་འབྲས་བུའོ། བྱེ་བྲག་སོ་སོར་དབྱེ་ན། ཕར་སྤྲོས་བརྒྱད་ཁྲི་བཞི་སྟོང༌། ཚུར་བསྡུས་ཐིག་ལེ་ཉག་གཅིག་གོ
ཐོག་མར་སྤྱི་རུ་རྣམ་པ་གསུམ་དུ་དབྱེ་བ་ལས། གཞི་ཡི་གནས་ཚུལ་དང་གྲོལ་ཚུལ། ལམ་གྱི་བགྲོད་ཚུལ། འབྲས་བུའི་གྲུབ་ཚུལ་སོགས་སོ་སོར་བསྟན་ཅིང༌། སྒོས་སུ་རྣམ་པ་བཞི་རུ་དབྱེ་བ་ལས། ཐོག་མར་ལྟ་བ་བསྟན་པ་སྟེ། «མདོ»ལས“ཀུན་གཞི་སྐྱེ་མེད་བོན་གྱི་དབྱིངས། རིག་པ་འགག་མེད་ཡེ་ཤེས་སྐུ། གཉིས་སུ་མེད་པ་ཉག་གཅིག་དང༌། བླ་མེད་ཐེག་པ་ཆེན་པོའི་དོན། ལྟ་རྒྱུ་ལྟ་བྱེད་མཐའ་དང་བྲལ། བལྟས་པས་མཐོང་མེད་བོན་གྱི་དབྱིངས། མ་བལྟས་རང་གསལ་སེམས་ཀྱི་ངང༌། གཉིས་སུ་མེད་པ་ཉག་གཅིག་ཡིན།”ཅེས་དང། གཉིས་པ་སྒོམ་པ་བསྟན་པ་ནི། དེ་ཉིད་ལས། “བྱང་ཆུབ་སེམས་ཉིད་རིན་པོ་ཆེ། ཀ་དག་ལྷུན་གྲུབ་འདུས་མ་བྱས། ཡེ་ནས་མ་བཅོས་རྩོལ་བྲལ་ལ། བསྒོམ་བྱ་སྒོམ་བྱེད་མཐའ་དང་བྲལ། སྒོམ་རྒྱུ་བྱུང་ན་བོན་ཉིད་བཅོས། སྒོམ་མཁན་བྱུང་ན་སེམས་ཉིད་བསླད། མ་གཡོས་མ་བཅོས་མ་བསླད་པར། སོ་མ་གཉུག་མ་དབུ་མའི་ལམ། བདེ་བ་ཆེན་པོ་བོན་ཉིད་དང༌། ངང་ལ་ངང་དུ་གནས་པ་ན། སྒོམ་པའི་རྒྱལ་པོ་དེ་ཀ་ཡིན།”ཅེས་དང། གསུམ་པ་སྤྱོད་པ་བསྟན་པ་ནི། དེ་ཉིད་ལས། “བྱང་ཆུབ་སེམས་ཉིད་རིན་པོ་ཆེ། འཁོར་འདས་དབྱེ་མེད་མཉམ་པ་ཉིད། སྤང་དང་བླང་བའི་མཐའ་མ་གྲུབ། བོན་ཉིད་ངང་ལ་རང་འབྱུང་སྐུ། ཐིག་ལེ་ཉག་གཅིག་མངོན་རོལ་སྤྱོད། སྤྱད་རྒྱུ་སྤྱོད་མཁན་རང་གི་སེམས། སྤྱད་ཀྱང་རང་འབྱུང་སེམས་ཀྱི་རྩལ། མ་སྤྱད་ཉག་གཅིག་དོན་ལ་གནས། དེ་དག་སྤྱད་པའི་རྒྱུ་མ་མཆིས། སྤྱོད་ཅེས་བྱ་བ་མཚན་མའི་ཚིག”ཅེས་དང༌། བཞི་བ་འབྲས་བུ་བསྟན་པ་ནི། དེ་ཉིད་ལས། “བྱང་ཆུབ་སེམས་ཉིད་རིན་པོ་ཆེ། བླ་མེད་ཐེག་པ་ཆེན་པོའི་དོན། བདག་མེད་ལྟ་བ་རྟོག་མེད་དབྱིངས། དམིགས་མེད་སྒོམ་པ་བོན་ཉིད་དང༌། བྱར་མེད་སྤྱོད་པ་རང་འབྱུང་རྩལ། རེ་དོགས་མེད་པ་འབྲས་བུའི་མཆོག”ཅེས་སོ་སོར་བསྟན་ནོ། །
དེ་ལྟར་རྒྱུ་འབྲས་གཉིས་དང་གཉིས་སུ་མེད་པ་བླ་མེད་ཐེག་པ་བཅས་བོན་ཐེག་པ་རིམ་དགུའི་སྤྱི་སྒོས་བྱེ་བྲག་གི་དོན་དང་རྣམ་གྲངས་བཅས་པ་རེ་རེ་བཞིན་གཤེན་གྱི་གཉེར་དཔོན་ཆེན་པོ་རེ་རེ་ལ་གཏད་ཅིང༌། རྒྱུ་ཡི་ཐེག་པ་རིམ་པ་བཞི་དང་འབྲས་བུའི་ཐེག་པ་རིམ་པ་བཞི་བཅས་བརྒྱད་པོ་དེ་རྒྱུ་འབྲས་གཉིས་སུ་མེད་པའི་བླ་མེད་ཐེག་པའི་དོན་ལ་ཅི་ལྟར་བསྡུ་བའི་ཚུལ་ནི། ཕྱ་གཤེན་ཐེག་པ་ནི་དགེ་བསྙེན་ཐེག་པར་བསྡུ། སྣང་གཤེན་ཐེག་པ་ནི་དྲང་སྲོང་ཐེག་པར་བསྡུ། འཕྲུལ་གཤེན་ཐེག་པ་ནི་ཨ་དཀར་ཐེག་པར་བསྡུ། སྲིད་གཤེན་ཐེག་པ་ནི་ཡེ་གཤེན་ཐེག་པར་བསྡུ། དེ་ལྟར་རྒྱུའི་ཐེག་པ་བཞི་འབྲས་བུའི་ཐེག་པ་བཞི་རུ་བསྡུས་ཤིང༌། འབྲས་བུའི་ཐེག་པ་བཞི་རྒྱུ་འབྲས་གཉིས་སུ་མེད་པའི་བླ་མེད་ཐེག་པ་ཆེན་པོ་སྟེ་དོན་དུ་བྱང་ཆུབ་སེམས་སུ་བསྡུས་པའོ། །
སྨྲས་པ།
མ་དག་གནས་ངན་རིགས་དྲུག་སེམས་ཅན་ཀུན།།
མ་རྟོགས་རང་རིག་ཡེ་ཤེས་དོན་ལ་རྨོངས།།
མ་རིག་མུན་པའི་ཀློང་དུ་འཁྱམས་པ་ལ།།
མ་འཁྲུལ་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར།།
ཕར་སྤྲོས་གྲངས་མེད་བརྒྱད་ཁྲི་བཞི་སྟོང་བོན།།
ཚུར་བསྡུས་ཐེག་པ་རིམ་པ་དགུ་རུ་བསྟན།།
རྒྱུ་འབྲས་གཉིས་མེད་ཐེག་པ་གཅིག་ཏུ་བསྡུས།།
ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀློང་དུ་ངེས།།
མཐའ་དབུས་གཉིས་མེད་ཆུ་གཏེར་ཆེན་པོ་ལས།།
ཆུ་ཐིགས་ཙམ་གྱིས་སྐོམ་པ་སེལ་མིན་ཡང༌།།
རྣམ་དག་སེམས་ཙམ་མཚོན་པའི་དགེ་བ་གང༌།།
གསར་སྐྱེས་རང་མཉམ་དགྱེས་པའི་དཔལ་དུ་བསྔོ།།
- ཟིན་ཐོ་གོང་མ།བོན་ཐེག་དགུའི་ངོ་སྤྲོད་ལས་ཡེ་གཤེན་ཐེག་པ།
- ཟིན་ཐོ་འོག་མ།བོན་ནག་ཚང་གི་དེབ་གསར་འགྲེམ་སྤེལ་བྱས་པ།