ངའི་སེམས་ཀྱི་དཔའ་རྒོད
གཞན་སྲོག་སྐྱོབ་ཕྱིར་རང་སྲོག་བློས་བཏང་བའི་ཁྱུང་སྲསk.x.c.rལགས་ལ།
ཁྱེད་རང་འཇིག་རྟེན་འདིར་ཡོང་དུས
ངོ་མཚར་བའི་གཏམ་རྒྱུད་གང་ཡང་བརྗོད་རྒྱུ་མེད་ལ
གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡང་བརྗོད་རྒྱུ་མེད
སྤྱིར་བཏང་གི་ངུ་ངག་ཙམ་གྱིས་འཇིག་རྟེན་གྱི་སྒོ་གླེགས་བརྡུངས་ཏེ
དྲིན་ཆེན་ཕ་མའི་སེམས་རྟེན་དུ་གྱུར
ཆེས་སྤྱིར་བཏང་བའི་ཞིང་དབུལ་ཅིག་གི་ཁྱིམ་ནས
ཀུན་དང་མི་མཐུན་པའི་ཉམ་ཐག་གི་འཚོ་བ་རོལ་བཞིན
མི་ལོ་ཉེར་བརྒྱད་ཀྱི་ཁ་ལོ་རིམ་གྱིས་བསྐོར།
ཁྱིམ་ཚང་འདིའི་ཁ་རྒྱབ་ཀྱི་ཆེད་དུ ཁྱེད་རང
ལྷ་རིས་སྒྱུ་རྩལ་གྱི་ཞིང་ཁམས་ལ་འགྲིམས་མགོ་བརྩམས་ཏེ
ཕུལ་བྱུང་གི་འབྲས་བུ་ལོན་ལ་ཉེ་སྐབས་འདིར
འཆི་བདག་གི་ཕོ་ཉས་འདི་ལྟར་བདས་ཡོང་བ སུ་ཞིག་གིས་ཚོད་དཔག་ཐུབ་བམ
ཉི་འོད་ཚ་ཚ་དུ་འཕྲོ་བའི་ཉིན་དེར
ཆུ་ཀླུང་གིས་ཤེད་ཀྱིས་འཁྱེར་བའི་གྲོགས་པོ་ཞིག་གི་ཚེ་སྲོག་སྐྱོབ་ཕྱིར
བྱང་ཆུབ་སེམས་དཔའ་ཅིག་གི་མཛད་སྤྱོད་འཁུར་དུ་བཞེས་ཏེ
ཡིད་གཉིས་ཀྱི་ཐེ་ཚོམ་གང་ཡང་མེད་པར
མེར་མེར་དུ་བཞུར་བའི ཆུ་མོའི་ཀློང་ལ་མཆོངས
བྱང་ཆ་དོད་པོའི་རྐྱལ་རྩལ་ལ་བརྟེན་ནས གྲོགས་པོ་དེའི་སྐྲ་གསེབ་ལ་འཐམས་ཏེ
དཔའ་སྟོབས་ཀྱིས་ཆུ་ངོགས་སུ་སླེབས་ལ་ཉེ་སྐབས
སྟབས་ཉེས་ཤོར་ཏེ རང་ཉིད་ཀྱི་ཚེ་སྲོག་ཀྱང
ཆུ་ལྷ་རྒྱལ་མོའི་ཟས་སྐལ་དུ་མཆོད་སོང་བས
ངོ་མ ཞེ་སྐྱོ་ཞིང་ཡིད་ཕངས་པ་ལ་ཨང
སོང་མ་ཚར་བའི་མི་ཚེའི་འགྲུལ་བཞུད་ཅིག་འདི་ལྟར་མཇུག་རྫོགས་ཏེ
ཤུལ་ན་ལུས་པའི་ཕ་མ་ལོ་ལོན་གཉིས་ཀྱི་རེ་ལྟོས་འདི་ལྟར་ཆད་ནའང
སྡུག་ངོ་མ དྲིན་ཆེན་གྱི་ཕ་མ་རེད་ལ
སྐལ་ཆད་པ ཁྱོད་མ་གཏོགས་སུ་ཞིག་ཡོད་ཨང
གྲོགས་པོ་ལགས ཁྱེད་ཀྱི་བཞུད་སྟངས་དེར
གཟི་བརྗིད་ཀྱི་ཚན་ཁ་འབར་ཞིང རླབས་ཆེན་གྱི་འོད་སྣང་འཚེར་བས
བར་དོ་འཕྲང་རིང་ནས
ཞེ་མ་ཆགས ངའི་སེམས་ཀྱི་རྒྱལ་སྲས
དངངས་མ་འགྲོ ངའི་སེམས་ཀྱི་དཔའ་རྒོད
ང་ཚོས ཁྱེད་ཀྱི་སྤྱོད་ལམ་ལ་སྨོན་པ་གཏོང་བཞིན
བོན་ཀུན་གྱི་སྙིང་བོ་རྣམ་གསུམ་ངག་ལ་གྱེར་བཞིན
ཁྱེད་ཉིད་ལ་སྐྱབས་འཇུག་དང་སྨོན་ལམ་དྲག་ཏུ་བཏབས་ན
བར་དོའི་འཇིགས་པ་ཡོད་ཚད་རྨང་ནས་སེལ་ཡོང
བདེ་བར་བཞུད་དང གྲོགས་པོ་ལགས
ཁྱེད་རང་འཇིག་རྟེན་འདིར་གྱེས་དུས
ངོ་མཚར་བའི་གཏམ་རྒྱུད་ཅིག ང་ཚོར་བསྐྱུར་སོང་ལ
ཁྱད་དུ་འཕགས་པའི་སེམས་བསྐྱེད་ཅིག ང་ཚོར་རྟེན་དུ་བསྐྱུར་ཡོད་ཨང
༢༠༡༡ ་ ༩ ་ ༡ལ།
- ཟིན་ཐོ་གོང་མ།དགེ་རྒན་ལགས བཀའ་དྲིན་ཆེ
- ཟིན་ཐོ་འོག་མ།རེབ་གོང་བོན་ཚང་མའི་སྔགས་འཆང་ཆེན་མོ་མཁའ་འབུམ་ལགས་ཀྱི་རིང་བསེལ་བཞུགས།
གནམ་སྔོན་པོ་སྤྲིན་གྱིས་བསྒྲིབས་ཐལ།། ས་དོག་མོ་མུན་པའི་གཡོགས་ཐལ།། ཆུ་གཙང་བོ་འཁྱག་གིས་བསྡམས་ཐལ།། རི་སྨུག་པོ་གངས་གིས་ཡོལ་ཐལ།།
བྱ་རྒོད་པོའི་གཤོག་ཡ་ཆད་ཐལ།། གླག་རོག་མོའི་གཤོག་རྩ་རྨས་ཐལ།།
བྱ་ངང་བའི་གྲེ་འགྱུར་ཉམས་ཐལ།། སྨྲེང་གཏམ་གྱིས་འཇིག་རྟེན་གང་ཐལ།། འདི་འདྲའི་མྱ་ངན་གྱི་ཀླུང་ནས་ཁྱེད་ཀྱི་ཁ་ཡ་ན་ཟླས་ཁྱེད་ཀྱི་མཛད་རྗེས་དེ་སྐྱོ་ངག་གི་དབྱངས་སུ་གྱེར་ནས་བཟློ་བ་དེས་དྲིན་ཕ་ལོ་མ་ལོའི་སེམས་ལ་དྲོད་ཐིགས་ཀྱི་འོད་སྣང་རེ་སྦྱིན་ཐུབ།