བོད་ཀྱི་ལོ་སར་གྱི་འཕོ་འགྱུར་ལ་ཅུང་ཙམ་དཔྱད་པ།
མཁར་ནག་སྐལ་བཟང་རྒྱ་མཚོ།
འཛམ་གླིང་གི་མི་རིགས་གང་ཡིན་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། རང་གི་རིགས་ལ་ཐུན་མིན་དུ་མངའ་བའི་དུས་ཆེན་འགའ་རེ་ཡོད། དེ་དག་ལས་ཀྱང་ཤིན་ཏུ་གལ་ཆེ་ཤོས་དང་དུས་ཆེན་དང་པོ་ནི་ལོ་སར་ཡིན་པ་སྨོས་མེད་རེད། ལོ་སར་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱི་དུས་བཞིའི་འགྱུར་ལྡོག་བརྟགས་ཤེས་པའི་རྗེས་ནས། ཉི་ཟླ་སྐར་གསུམ་སོགས་ཀྱི་དགྲོལ་ཚུལ་ལ་བརྟེན་ནས་ལོ་ཟླ་ཞག་དུས་ཀྱི་ཚད་བཟུང་བའི་དུས་ནས་བྱུང་བ་ཡིན་པས། དུས་ཆེན་གྱི་ཐོག་མར་བཟུང་ན་མི་འགྲིག་རྒྱུ་མེད། ཡིན་ནའང་དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ལོ་སར་གྱི་དུས་ཚིགས་ངེས་འཛིན་ཐད་ལའང་འགྱུར་ལྡོག་མང་པོ་བྱུང་ཡོད་པས། མི་རིགས་དེས་དང་ཐོག་ཐུན་མོང་དུ་རོལ་བའི་ལོ་སར་གྱི་དུས་ཆེན་དེ་དང་དེང་སྐབས་རོལ་བའི་ལོ་སར་གཉིས་མི་གཅིག་པའང་ཡོད། བོད་ཀྱི་ལོ་སར་ནི་དེ་འདྲ་ཡིན་པས་གཤམ་ནས་དེའི་སྐོར་ལ་ཅུང་ཟད་དཔྱད་པར་སྤྲོའོ།
༡ཡ་ཐོག་བོད་ཀྱི་ལོ་གསར།
སྤྱིར་བོད་ཀྱི་ལོ་སར་གྱི་ངོས་འཛིན་སྟངས་ལ་དུས་ཀྱི་དབང་གིས་འགྱུར་ལྡོག་མང་དུ་བྱུང་ཡོད་པས། ཡ་ཐོག་བོད་ཀྱི་ལོ་སར་ཡང་དེང་སྐབས་རོལ་བའི་ལོ་སར་འདི་ཉིད་མིན། བན་ལུགས་ཀྱི་དེབ་ཐེར་དག་ན་བོད་རྒྱལ་སྲོང་བཙན་སྒམ་པའི་སྔོན་གྱི་ལོ་རྒྱུས་ཀྱི་སྐོར་ཆེར་མེད་པས། ཡ་ཐོག་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་ངེས་པར་དུ་བོན་གྱི་ཡིག་ཆ་དང་མི་རིགས་གཞན་གྱི་ཡིག་ཚང་ལའང་བརྟེན་དགོས་པས། བོད་ཀྱི་ལོ་འགོ་སྟེ་ལོ་སར་ལ་རྒྱ་ཡིག་ཏུ་བཀོད་པའི་ངོས་འཛིན་སྟངས་ནི་ཐང་ཡིག་ལས། མི་རྣམས་མོ་བ་དང་རྩིས་པར་དད། དུས་ཀྱི་ཚིགས་ནི་མི་ཤེས་པར་སྟོན་ཏོག་སྨིན་དུས་ལོ་འགོར་བྱེད།(1)ཞེས་ཁོད་ཡོད་མོད་དེ་ལ་བདེན་དོན་ཡོད་པར་མ་མཐོང་ཏེ། དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་དང་ཐང་རྒྱལ་རབས་གཉིས་ལ་འབྲེལ་ཐོག་མ་བྱུང་དུས་རྒྱའི་མཁས་པ་རྣམས་ཀྱིས་འོལ་ཚོད་ཀྱིས་བྲིས་པར་མངོན་ཏེ། རྒྱུ་མཚན་ཡང་ཐང་ཡིག་ཁོ་རང་གི་ནང་དུའང༌།ཀྲིག་རྒྱལ་རབས་ནས་སོས་རྒྱལ་རབས་བར་དུ། འཇང་བ་རྣམས་ཀྱིས་བར་བཀག་ཡོད་པས་ཀྲུང་གོ་དང་འབྲེལ་ནི་མ་བྱུང༌།(2)ཞེས་བཀོད་ཡོད་པས་ཐང་རྒྱལ་རབས་ཀྱི་སྔོན་དུ་རྒྱ་ནག་ལ་བོད་ཀྱི་གནས་ཚུལ་སྐོར་གྱི་ཤེས་བྱ་ཅུང་ཙམ་ཡང་མེད་པས། སྲོང་བཙན་སྐབས་ཀྱི་གནས་ཚུལ་བཀོད་པ་ཡིན་དགོས་མོད། འོན་ཀྱང་བོན་གྱི་ཡིག་ཚང་ལྟར་ན་བོད་རྒྱལ་སེང་ཁྲི་བཙན་པོའི་སྐབས་ནས་རྒྱ་ནག་དང་ཞང་ཞུང་གི་ཡུལ་ནས་གཙུག་ལག་གི་བསྟན་བཅོས་བོད་དུ་བསྒྱུར་ཡོད་པས། མ་མཐའ་ཡང་དེའི་སྐབས་ནས་བཟུང་བོད་ཀྱི་ཡུལ་དུའང་ཞང་ཞུང་དང་རྒྱ་ནག་གང་རུང་གི་ལུགས་ལྟར་དུས་བཞི་དང་ལོ་འགོ་འཛིན་སྟངས་གསལ་བོར་ཡོད་པ་སྨོས་མེད་རེད། བོན་གྱི་གཟུངས་ཀུན་འདུས་ཆེན་མོའི་སྐར་མ་དང་ཉི་མ་ངན་པ་ཐམས་ཅད་ཞི་བདེ་སྙོམས་པའི་གཟུངས་ལས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། སྔོན་ཚེ་རྒྱ་ནག་གི་ཡུལ་ན། གཟའ་དང་སྐར་མ་ཉི་ཟླ་ལྟ་བུ་མཆོད་དོ་གསོལ་ལོ། དུས་དང་བསྐལ་བ་དེ་ཙམ་ན་ནག་པོ་རྒྱ་དང་ཞང་ཞུང་གཉིས་ཀྱི་གཙུག་ལག་གིས་བསྟན་བཅོས་བསྒྱུར་ནས་བོད་དུ་དར་བ་ལ། བོད་མི་མང་བློ་མང་བྱས་པས་ཉི་མ་དང་སྐར་མའི་རྩིས་མགོ་འཁྲུག་ནས། ཅི་བྱས་ལམ་དུ་མི་འགྲོ་མི་ནད་ཕྱུག་ནད་དར། ལོ་ཉེས་དང་མུ་གེ་ཁྲོལ་བུ་བྱུང༌། བོད་ཡུལ་དུ་མི་བདེ་བའི་རྟགས་བྱུང་བའི་ཚེ། བོད་ཀྱི་རྒྱལ་པོ་སེང་ཁྲི་བཙད་པོ་ཡིས། གཡུ་ཀེ་ཀེ་རུ་ལ་རི་བྲག་ཤིང་གིས་བརྒྱན་པ་གཅིག་དང་མན་ཤེལ་དཀར་ལ་ཟླ་བའི་ཆུ་རྒྱུན་འབེབས་པ་དེ་རྣམས་བསྐུར་ནས། རྒྱ་ཡུལ་དུ་ལོ་ཙ་བ་མི་གསུམ་བརྫངས་ནས་དེ་དག་ཐམས་ཅད་རྒྱ་ནག་གི་མཁར་ཁྲི་སྒོ་བརྒྱའི་ནང་དུ་ཐམས་ཅད་མཁྱེན་པའི་ཀོང་ཙེ་ལ་གཡུ་དང་མན་ཤེལ་གྱི་ཡིག་ཕྲིན་རྣམས་ཕུལ་ནས་འདི་སྐད་ཞུས།(3)ཞེས་གསལ་བས། འདིའི་སེང་ཁྲི་བཙན་པོ་ནི་ལེགས་བཤད་མཛོད་(4)ལྟར་ན་བོད་རྒྱལ་བདུན་པ་ཡིན་ལ་དེ་ལ་སྲིབ་ཁྲི་བཙན་པོའང་(5)ཟེར་བར་འདོད། ཚིག་འདིའི་ནང་ནས་བོད་རྒྱལ་བདུན་པ་དང་རྒྱའི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གཉིས་དུས་མཉམ་ཡིན་པར་འདོད་པ་འདི་བདེན་ན།དེ་ནི་སྤྱི་ལོ་སྔོན་གྱི་ཁྲུན་ཆིའུ་དུས་རབས་སུ་ཡིན་དགོས་པས་ད་བར་དུ་མ་ཐ་ཡང་ལོ་ཉིས་སྟོང་བཞི་བརྒྱ་ལྷག་འགོར་ཡོད། གཞན་བོན་གྱི་གདུབ་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་གི་སློབ་མ།འཛམ་གླིང་མཁས་པ་རྒྱན་དྲུག་གི་ནང་ཚན་རྒྱ་ནག་མཁས་པ་ལེགས་ཐང་མང་པོས་བསྒྱུར་བའི་དག་པ་འཕྲུལ་གྱི་མདོ་ཐིག་ལས་ཀྱང༌།(གཟུངས་འདུས་ཤོག་ངོས་༥༢༨ན་གསལ་)འབྱུང་བ་ལྔ།ལོ་སྐོར་བཅུ་གཉིས།ལོ་རྒན་དྲུག་ཅུ་བཅས་གསལ་བས།དེ་ཡང་སྲོང་བཙན་ཡར་སྔོན་ཡིན་པ་བོན་གཞུང་དག་ན་གསལ་ལོ། ད་དུང་རྒྱུང་ཡར་བླ་ཆེན་དྲན་པས་བོད་རྒྱལ་གྲུ་གུམ་བཙན་པོའི་རྗེས་ཙམ་དུ་མཛད་པའི་མཛོད་སྒྲ་འགྲེལ་ལས་ཀྱང་ཟླ་བ་རེ་རེའི་ངོས་འཛིན་ཚུལ་གསལ་བོར་ཡོད་པས་ཀྱང་ཤེས་ཐུབ་བོ།(འོག་ཏུ་གསལ)
རྒྱས་པར་གཟིགས་འདོད་ན་འདི་ལ་ལྟོས།http://himalayabon.gotoip2.com/article/research/thesis/20120121741.html
- ཟིན་ཐོ་གོང་མ།ལེགས་སྐྱེས་དྲི་ཟའི་གླུ་དབྱངས།
- ཟིན་ཐོ་འོག་མ།གཡུང་དྲུང་བོན་གྱི་གསུང་རབ་ཁག་གཅིག་གི་མཚན་བོད་རྒྱ་ཤན་སྦྱར་དུ་བཀོད་པ།༡