ལེགས་ སྐྱེས་ དྲི་ ཟའི་ གླུ་ དབྱངས།
མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གླིང་ལ་ཕུལ།
མཁར་ནག་སྐལ་བཟང་རྒྱ་མཚོ།
རབ་དཀར་གངས་ཀྱི་ས་འཛིན་བྱེ་བས་ཡོངས་སུ་བསྐོར་ཅིང་སྤུད་པའི་ཞིང་།།
རབ་མཛེས་འདབ་ལྡན་སྟོང་ཕྲག་བཞད་པ་རྫོགས་ལྡན་བསྐལ་བའི་དཔལ་ཡོན་ཅན།།
རབ་འབྱམས་ཞིང་ན་རྣམ་པར་རྒྱལ་བ་བསིལ་ལྡན་ཁ་བའི་ཡུལ་ལྗོངས་ཞེས།།
རབ་ཡངས་སྔོ་བསངས་སྒེག་མོའི་ཁྱོན་ཡང་དོག་པར་སྣང་བའི་མཚན་སྙན་འབར།།
རྨད་བྱུང་ཚངས་ཆེན་པིར་གྱིས་བྲིས་འདྲའི་གྲོང་དང་གྲོང་ཁྱེར་ཁྲི་མ་འབུམ།།
དབྱིག་འཛིན་བུ་མོའི་འགྲམ་པའི་ངོས་སུ་ཐང་མར་བརྡལ་བའི་མཛེས་སྡུག་ལ།།
འདྲེན་བྱེད་ཟུང་གིས་བལྟས་པས་མ་ཚིམས་སུམ་རྩེན་འཆི་མེད་དབང་པོས་ཀྱང་།།
རྫུ་འཕྲུལ་དུ་མས་སྤྲུལ་བའི་སྤྱན་སྟོང་ད་དུང་རྒྱུ་སྐར་ཟོལ་དུ་གནས།།
དེ་འདྲའི་བཀོད་པ་ངོ་མཚར་འབུམ་ལྡན་བསིལ་ལྡན་ལྗོངས་ཀྱི་ཕང་བ་ན།།
དགའ་ལྡན་ཡུལ་ལ་རྟག་ཏུ་བསྙེམ་པའི་ཁེངས་ལྡན་གྲོང་ཁྱེར་ཆབ་ཆ་ཞེས།།
བ་གམ་མཐོན་པོས་ཡོངས་སུ་གཏམས་ཤིང་སྐྱེད་ཚལ་དུ་མའི་ལང་ཚོ་ཅན།།
སྐབས་གསུམ་གནས་ལ་སྐྱེངས་པ་སྦྱིན་ནུས་དུས་རབས་གསར་བའི་མཛེས་སྡུག་རྫོགས།།
དེ་རུ་རྣམ་འདྲེན་སྟོང་གི་སྤྱི་གཟུགས་པཎ་ཆེན་སྣང་བ་མཐའ་ཡས་ཀྱི།།
རླབས་ཆེན་ཐུགས་བསྐྱེད་སྨོན་ལམ་མཐུ་དང་ཟད་མི་ཤེས་པའི་མཛད་ཕྲིན་ལས།།
ལེགས་པར་གྲུབ་པ་ལྔ་རིག་སློབ་གླིང་སྒྱུ་འཕྲུལ་དུ་མའི་བཟོད་བཀོད་ཀྱིས།།
བི་ཤོ་ཀརྨར་སྐྱེངས་པ་བྱིན་ནས་ཞིང་ཁམས་གཞན་དུ་བྲོས་ཀྱིས་དོགས།།
ཁོར་ཡུག་གསར་འཁྲུངས་ལྗོན་པས་གཏམས་ཤིང་གཡུ་ལོ་བཀོད་པའི་ཡང་རྩེ་ན།།
དཔྱིད་དཔལ་སྒེག་མོ་མགྲོན་དུ་བསུ་བའི་སྙིང་སྡུག་གཞན་གསོས་བུ་མོ་ཡིས།།
རྨད་བྱུང་མེས་རྒྱལ་དཔལ་ལ་བསྔགས་པའི་སྙན་འཇེབས་དྲུག་སྐྱེས་དྲི་ཟའི་གླུ།།
མཐའ་དག་འགྲོ་བའི་ཐོས་འཛིན་འགུགས་བཞིན་ལུས་ཅན་དགྱེས་པའི་དཔྱིད་དུ་བཞུགས།།
ཁྲ་ལྡེམ་འདབ་སྟོང་བཞད་པའི་ཚལ་ནས་བསུང་ཞིམ་སྦྲང་རྩིའི་ཉིང་བཅུད་ལ།།
རྐང་དྲུག་གཞོན་ནུས་མཆུ་སྒྲོས་སྦྱར་ནས་མྱོས་པའི་མགྲིན་གླུ་ལེན་པའི་ཚེ།།
བཟོད་དཀའི་ཕྲག་དོག་སྙིང་ལ་གཟན་པའི་ཡིད་འོང་ཕྱེ་མ་ལེབ་ཀྱི་ཁྱུ།།
ཕྱོཊ་དང་ཕྱོཊ་ནས་གར་ལ་རྩེན་བཞིན་མཛེས་སྡུག་འགྲན་པའི་ངང་ཚུལ་འཛིན།།
སྐབས་གསུམ་ལྷ་ཡི་རྫུ་འཕྲུལ་ལས་གྲུབ་བརྗིད་ལྡན་དྲི་ཟའི་གན་དྷོ་ལ།།
མངོན་སུམ་གནས་འདིར་འཕོས་འདྲའི་ཁང་བཟངས་མར་གལ་ཞུན་མའི་རྒྱ་ཕིབས་ཅན།།
ཕྱི་ནང་སྒྲོབ་བྲལ་ཤེལ་དཀར་སྤྲད་པའི་དྭངས་གསལ་སྒེའུ་ཁུང་ཡངས་པ་དང་།།
ལྔ་རིག་སྦྱང་སའི་སློབ་ཁང་གིས་ཀྱང་ཀུན་གྱི་ཡིད་དབང་ཅིག་ཅར་འཕྲོག།
གཞན་དུ་ཤེས་རིག་སྣ་བརྒྱའི་དཔེ་ཚོཊ་བྲག་ལྟར་བརྩེགས་པའི་དཔེ་མཛོད་ཁང་།།
གང་གི་གཟིམ་ཆུང་ནོར་བུའི་དགའ་འཁྱིལ་གཟི་འོད་འབར་བའི་ཕོ་བྲང་སོགས།།
བཟོ་བཀོད་མི་འདྲ་འཕྲུལ་གྱིས་བསྐྲུན་པ་མཚར་སྡུག་བ་གམ་མཐོན་པོ་ཅན།།
གཅིག་བས་གཅིག་ལྷག་གྲོང་ཁྱེར་འདི་ན་རྣམ་པར་རྒྱལ་བའི་ཁང་བཟངས་བཞིན།།
དེ་འདྲའི་དཔལ་ལ་རབ་ཏུ་ཆགས་ཏེ་སྔོན་བྱོན་མཁས་གྲུབ་དུ་མ་ཡང་།།
དག་པའི་ཞིང་དུའང་བཞུགས་པར་མ་སྤྲོ་གཟིགས་དགོངས་དུ་མའི་རྣམ་འཕྲུལ་གྱིས།།
ལྷན་སྐྱེས་མཁྱེན་དཔྱོད་སྐྱེས་སུ་བསྣམས་ནས་སློབ་གླིང་འདི་རུ་བྱོན་པ་ན།།
སྐྱེ་རྒུའི་སྣང་ངོར་བཤེས་གཉེན་ཟོལ་གྱིས་རང་བཞིན་ཕལ་བའི་ངང་ཚུལ་འཛིན།།
སྡེ་སྣོད་གཞུང་བརྒྱའི་ཤེས་བྱ་ཀུན་ལ་སྔོན་ནས་བློ་གྲོས་གོམས་ཆེ་བས།།
ཐུན་དང་ཐུན་མིན་གནས་ཀུན་མཁྱེན་ཅིང་འཇིགས་མེད་སྨྲ་བའི་སྤོབས་པ་ལྡན།།
ལྔ་རིག་གཞུང་གི་དཀའ་གནད་དགྲོལ་ཕྱིར་སྐད་རིགས་དུ་མས་འཆད་པའི་ཚེ།།
འཇམ་དཔལ་དབྱངས་ཀྱང་ངོ་མཚར་སྐྱེས་ན་མཁས་རློམ་ཚོགས་རྣམས་ལྟ་ཅི་སྨྲོས།།
ཚུལ་འདི་ཐོས་པས་ཡུལ་གྲུ་སོ་སོའི་དཔྱོད་ལྡན་བློ་གསལ་གཞོན་ནུའི་སྡེ།།
ཆུ་སྐྱེས་ཚལ་ལ་རྐང་དྲུག་འཁོར་བཞིན་ཕྱོགས་དང་ཕྱོཊ་ནས་ཕེབས་པའི་ཚོགས།།
བགྲང་བས་ངལ་ཏེ་ལྷུང་ལྷུང་འབབ་པའི་ཡན་ལག་བརྒྱད་ལྡན་དལ་འགྲོ་མས།།
སྨྲ་བའི་སྒོ་མོ་ཡོངས་སུ་བསྡམས་ནས་རེ་ཞིག་ལྐུག་པའི་ངང་ཚུལ་འཛིན།།
དེ་ལྟར་མཁས་པའི་ཁྲི་རུ་འཛེགས་འདོད་གངས་ལྗོངས་ཤེས་ལྡན་སློབ་བུ་ཀུན།།
སྐྱེས་སྦྱང་ཤེས་རབ་གྲུ་གཟིངས་སྒྱུར་བཞིན་གུས་རྟག་བརྩོན་པའི་བ་དན་དཀར།།
ཞུམ་མེད་སྤོབས་པས་མཁའ་རུ་བསྒྲེངས་ཤིང་ཤེས་བྱའི་རྒྱ་མཚོར་ཞུགས་པའི་ཚེ།།
ལེགས་བྲིས་ཚོཊ་ཀྱང་དགྱེས་པའི་ཚུལ་གྱིས་བསྔཊ་བརྗོད་མཛད་ལ་རྟག་ཏུ་བྲེལ།།
དེ་དག་ལས་ཀྱང་ཟུར་ཕུད་ལྔ་བས་བྱིན་རླབས་བསྩལ་བའི་གཞོན་ནུ་འགས།།
རྒྱ་བོད་ཤེས་རིག་སྦྱང་བའི་མ་ཚིམས་བློ་གྲོས་སྟོབས་ཤུགས་ཆེར་བསྐྱེད་དེ།།
ཕྱི་གླིང་སྐད་དང་རྩིས་འཁོར་ལ་སོགས་ཉེ་བར་མཁོ་བའི་ཤེས་བྱ་སྟེ།།
དུས་རབས་གསར་བར་བྲིན་པའི་རིག་གནས་ངོམས་མེད་སྦྱང་ལ་ངལ་བ་བྲལ།།
བཀྲ་ཤིས་དགེ་མཚན་སྟོང་ཕྲག་འབར་བ་རྨད་བྱུང་སློབ་གླིང་གསལ་བའི་དཔལ།།
གླིང་བཞིའི་ཞིང་དུ་གྲགས་པས་ཁེངས་མཛད་ངེས་དོན་ལྔ་རིག་དགེ་བའི་བཤེས།།
མཛེས་ལྡན་དུས་རབས་གསར་བའི་བདག་པོ་གངས་ཅན་ཤེས་ལྡན་གཞོན་ནུའི་སྡེ།།
སྲིད་འབྱོར་རིག་གསུམ་གོང་དུ་སྤེལ་བའི་རྒྱུ་རྐྱེན་མཐའ་དག་འདི་ན་ཚང་།།
དེ་ཕྱིར་ཟུངས་ཁྲག་དྲག་ཏུ་འཕྱུར་བའི་རླབས་ཕྲེང་སྟོང་ཕྲག་མ་ནོན་པར།།
གངས་རིའི་ལ་རྒྱ་སྙིང་ལ་ཉར་བ་ངག་རིག་སྨྲ་བའི་ཁོ་བོས་ཀྱང་།།
སེང་གེ་རྣམ་རོལ་ཚིག་བཅད་ལས་འཕྲོས་སྙན་ཚིགས་ལེགས་སྐྱེས་དྲི་ཟའི་གླུ།།
སྙན་འཇེབས་འགྱུར་ཁུཊ་སྟོང་གི་དཔལ་དང་ལྷན་དུ་ཕུལ་ལོ་དགྱེས་པས་བཞེས།།
- ཟིན་ཐོ་གོང་མ།འགྲོ་བའི་རང་གཤིས།
- ཟིན་ཐོ་འོག་མ།བོད་ཀྱི་ལོ་སར་གྱི་འཕོ་འགྱུར་ལ་ཅུང་ཙམ་དཔྱད་པ།