སེམས་དང་རིག་པའི་ཁྱད་པར་འབྱེད་པ་ཚིགས་སུ་བཅད་པ་ཉི་ཤུ་ལྔ་བ་བཞུགས།།
སེམས་དང་རིག་པའི་ཁྱད་པར་འདི་ལྟར་ཡིན།། རྣམ་ཤེས་ཚོགས་བརྒྱད་མ་དག་འཁྲུལ་སེམས་ཏེ།། དེ་ཡི་ངོ་བོར་དག་པའི་ཀུན་གཞི་གནས།། དེ་ལ་ཉིད་སྒྲས་བསྟན་ཕྱིར་སེམས་ཉིད་བྱ།། རྣམ་ཤེས་ཚོགས་བརྒྱད་སྒོ་ལྔའི་རྣམ་ཤེས་དང་།། དྲུག་པ་ཡིད་ཤེས་བདུན་པ་ཉོན་ཡིད་དང་།། ཀུན་གཞིའི་རྣམ་ཤེས་བརྒྱད་ཅེས་མཛོད་ལས་བཤད།། དེ་མ་ཐག་པའི་ཡིད་ཀྱིས་ཀུན་འདུ་ཕྱིར།། ཟུར་དུ་མི་འདྲེན་དྲངས་ན་ཚོགས་དགུར་འདོད།། མདོ་སོགས་ལུང་འགར་ལེན་པའི་རྣམ་ཤེས་དང་།། འཁྲུལ་བའི་སེམས་དང་ཤེས་བྱའི་སྒྲིབ་པ་དང་།། ཀུན་གཞིའི་རྣམ་ཤེས་འབྱུང་བ་རྣམ་གྲངས་སོ།། ཀུན་གཞིའི་ངང་ལུགས་དགེ་བ་ཞེས་གསུངས་ཕྱིར།། དེ་ཡི་ངོ་བོ་རང་གྲོལ་དུ་གནས་ལ།། གཞི་ཡི་བདེར་གཤེགས་སྙིང་བོ་ཞེས་བྱ་སྟེ།། བྲལ་བྱའི་གཞི་མིན་བྲལ་བའི་གཞི་རུ་གནས།། དེ་ཡང་རྣམ་ཤེས་ཚོགས་བརྒྱད་ཐག་ཁྲ་ལ།། སྦྲུལ་དུ་འཛིན་ལྟར་གཤིས་ལ་མི་གནས་པར།། འཁྲུལ་དུས་ཉིད་ནས་རང་གི་ངོ་བོས་སྟོང་།། ནམ་ཙམ་འཁྲུལ་ན་ཐོག་མ་མེད་པའི་དུས།། ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཏེ།། དེ་ཡང་དཔེར་ན་མེ་ལོང་དྭངས་ཆ་ནི།། བདེར་གཤེགས་སྙིང་པོ་ཡིན་ལ་གཡའ་ཁམས་ནི།། ཀུན་གཞིའི་རྣམ་ཤེས་ཤེས་བྱའི་སྒྲིབ་པ་འམ།། ལྷན་ཅིག་སྐྱེས་པའི་མ་རིག་པ་ཡང་ཟེར།། གཡའ་དྲིས་གོས་ལྟར་ཀུན་གཞིའི་རྣམ་ཤེས་སྟེང་།། བག་ཆགས་བསགས་པ་ཉོན་མོངས་སྒྲིབ་པ་ཡིན།། རྣམ་ཤེས་དེ་ཡི་ངོ་བོ་སྟོང་བ་ལ།། བདག་ཏུ་འཛིན་ཅིང་གསལ་ཆ་ཡུལ་དུ་བཟུང་།། དེ་མ་ཐག་པའི་ཡིད་ཀྱིས་ཚོགས་དྲུག་གི རྣམ་ཤེས་གཡོས་ནས་ཡུལ་དང་དབང་པོ་འཕྲད།། རང་ལས་གཞན་དུ་མེད་ཀྱང་གཉིས་སྣང་ཤོར།། དཔེར་ན་མིག་གིས་གཟུགས་སོགས་མཐོང་པའི་ཚེ།། མིག་ཤེས་དེ་ལས་གཞན་པའི་གཟུགས་མེད་ཀྱང་།། གསལ་ཆ་གཟུགས་དང་སྟོང་ཆ་དབང་པོར་འཁྲུལ།། དེ་མ་ཐག་པའི་ཡིད་ཀྱིས་མཚམས་སྦྱོར་བྱེད།། མིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་ལ།། དེ་མ་ཐག་པས་འགག་ནས་གཟུང་འཛིན་གྱི།། ཚོར་བ་སྐྱེས་ཚེ་དྲུག་པ་ཡིད་ཤེས་ལངས།། བདེ་སྡུག་བཏང་སྙོམས་མྱོང་བའི་ཆགས་སྡང་དང་།། རྨོངས་པའི་འདུ་ཤེས་སྐྱེས་པ་ཉོན་ཡིད་ཡིན།། སྤངས་བླང་བྱེད་པ་ཀུན་གཞིའི་རྣམ་ཤེས་སྟེང་།། ལས་བསགས་པ་ལ་འདུ་བྱེད་ཅེས་ཀྱང་ཟེར།། ཡིད་ཤེས་དེ་མ་ཐག་ཡིད་ལ་བསྡོངས་ནས།། སྒོ་ལྔ་ཁ་ཕྱིར་ལྟོས་པ་ཡུལ་ཡིན་ལ།། ཉོན་ཡིད་དེ་མ་ཐག་ཡིད་ལ་བསྡོངས་ནས།། ནང་དུ་ཁ་ཕྱོགས་ཀུན་གཞིར་བག་ཆགས་འཇོག དེར་འཇོག་ལས་ནི་ལུང་མ་བསྟན་པར་གནས།། རྣམ་པར་མ་སྨིན་བར་དུ་ཆུད་མི་ཟ།། རྣམ་དཀར་དགེ་བའི་ཕྱོགས་ཀྱི་བག་ཆགས་ནི།། ཀུན་གཞིའི་རྣམ་ཤེས་སྟེང་དུ་བསགས་མི་ནུས།། དེ་ཚེ་ཉོན་ཡིད་རྣམ་བྱང་ཡིད་གྱུར་དང་།། གཉེན་པོ་ཡིན་ཕྱིར་ཡེ་ཤེས་སྟེང་དུ་འཇོག དགེ་བའི་སེམས་པ་ཀུན་གཞིའི་ཡེ་ཤེས་ཀྱི།། རང་མདངས་ལས་བྱུང་དགེ་རྩ་བསགས་པ་ཡང་།། བྲལ་བའི་རྐྱེན་དང་རྣམ་སྨིན་རྒྱུར་གྱུར་པས།། བར་མ་དོ་རུ་ཆུད་ཟོས་འགྲོ་མི་སྲིད།། ཀུན་གཞི་ཡུལ་དང་ནང་གི་དབང་པོའི་བར།། ཤེས་པ་ཀུན་ཀྱི་རྒྱུར་བྱེད་ཉོན་ཡིད་སྤྲིན།། ཚོགས་དྲུག་ཆར་ཏེ་ལས་བྱས་པ་རྣམས་ཆུ།། ཀུན་གཞི་རྒྱ་མཚོའི་དཔེ་དང་མཚུངས་པ་ལ།། དེ་ཀུན་འབྲེལ་བྱེད་དེ་མ་ཐག་ཡིད་ཡིན།། ཉམས་ལེན་པ་རྣམས་ཀུན་གཞིའི་རྣམ་ཤེས་ལས།། དེ་མ་ཐག་ཡིད་ལངས་པ་ཙམ་ཉིད་ལས།། དེ་རྒྱུན་མི་མཐུད་དེའི་སྟེང་བཞག་པ་ལ།། སྐད་ཅིག་དང་པོར་གྲོལ་ཞེས་གཞུང་འགའ་ནས།། འབུར་འཇོམས་མགོ་ཐུག་གསུངས་པའང་དེ་ལ་ཟེར།། དྲུག་པ་ཡིད་དང་ཉོན་ཡིད་ལངས་ཙམ་ནས།། དྲན་པས་ཟིན་ཚེ་རང་སར་གྲོལ་བ་ལ།། སྐད་ཅིག་གཉིས་པ་གསུམ་པར་གྲོལ་ཞེས་གསུངས།། འོན་ཀྱང་རྣམ་རྟོག་སེམས་ཀྱི་རྩལ་ཡིན་པས།། ཆགས་སྡང་རྟོག་པ་མི་ཤར་མི་སྲིད་ཀྱང་།། དྲན་ཤེས་བསྟེན་ན་ལས་བསགས་མི་ནུས་ཏེ།། བུམ་པ་ཞབས་རྡོལ་ནང་དུ་ཆུ་བླུགས་འདྲ།། འཁྲུལ་རྟོག་རིག་པ་གཉིས་ཕྱེད་ཆ་མཉམ་ལ།། སོར་རྟོགས་ཉིད་ཀྱིས་ཞེན་རྟོག་གཞལ་ཞེས་གསུངས།། དཔེར་ན་རྩྭ་སྦུར་ཕྲ་མོ་མེས་འཚིགས་ཚེ།། མེ་དང་རྩྭ་སྦུར་གཉིས་ཀ་སྣང་ན་ཡང་།། སྐད་ཅིག་ཉིད་ལ་མེ་རུ་འགྱུར་པའི་ཕྱིར།། མེ་ཡིན་ཞེས་ནའང་ཆོག་པ་བཞིན་ཡིན་ནོ།། མདོར་ན་ད་ལྟའི་ཅི་ཡང་མི་དྲན་པ།། ནག་ཐོམ་ལུང་མ་བསྟན་དུ་གནས་པ་འདི།། ཀུན་གཞིའི་རྣམ་ཤེས་ཤེས་བྱའི་སྒྲིབ་པ་འམ།། ལྷན་ཅིག་སྐྱེས་པའི་མ་རིག་པའང་ཟེར།། ཡུལ་དབང་གཉིས་འཕྲད་པ་དང་དུང་ལྟ་བུའི།། གཟུགས་མཐོང་སྐད་ཅིག་མིག་ཤེས་རྟོག་མེད་ཟེར།། དེ་ལ་རིག་པའི་རྐྱེན་གྱིས་ཚོར་བར་གསུངས།། དུང་དཀར་ལེགས་ལ་ཡིད་སེམས་དགའ་བ་སོགས།། ཆགས་སྡང་སྐྱེས་དུས་ཉོན་ཡིད་སླེབས་པ་ཡིན།། འདུ་ཤེས་ཞེས་གསུངས་དེ་ལས་འདུ་བྱེད་སོགས།། རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོ་བསྐོར།། ཞེས་པ་སྙན་རྒྱུད་ལས་གསུངས་ལྟ་བུ་འོ།། མིག་ཤེས་ཡིད་ཤེས་བཀག་ཀྱང་མི་ཁོག་ལ།། ལས་ཀྱི་བག་ཆགས་བསགས་པའི་ནུས་པའང་མེད།། ཕྱི་མ་ཉོན་ཡིད་དབང་དུ་ཤོར་བ་ན།། ལྟ་སྒོམ་སྤྱོད་པའི་གནད་མེད་ཐ་མལ་དང་།། ཁྱད་པར་མེད་ཕྱིར་ཀུན་གཞིའི་སྟེང་དུ་གསོག དེ་ཕྱིར་དེའི་དབང་མ་ཤོར་བྱ་བ་གནད།། དེ་རྒྱུན་འབྲེལ་བྱེད་དེ་མ་ཐག་པའི་ཡིད།། ཆུ་ཡི་ཤུགས་དང་འདྲ་འོ་དྲན་ཤེས་སྟེན།། ཞེས་སེམས་རིག་གི་དབྱེ་བ་ཚིགས་སུ་བཅད་པ་འདི་ནི། སྔར་རང་ཉིད་བོན་བརྒྱ་རིན་པོ་ཆེའི་མདུན་ནས་སློབ་སྦྱོང་བྱེད་སྐབས། རིན་པོ་ཆེ་ནས་སེམས་རིག་གི་དབྱེ་བའི་ཚིག་བཅད་འགའ་གསུངས་རྒྱུ་འདུག་ཀྱང་ཆ་ཚང་བ་ཞིག་མེད་ཕྱིར། ཕྱིས་རང་ཉིད་ཀྱིས་བློ་ལ་འཛིན་བདེ་ཕྱིར་རྫོགས་ཆེན་སྐུ་གསུམ་རང་ཤར་ལྟར་ཚིགས་བཅད་དུ་བྱས་པས། འགལ་འཁྲུལ་མཆིས་ན་དག་པ་གཉིས་ལྡན་གྱི་དབྱིངས་སུ་བཤགས་སོ།། ཞེས་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོའམ་མིང་གཞན་མཚོ་སྐྱེས་ཟླ་བ་གཞོན་ནུར་འབོད་པས་བགྱིས་པའོ།།
- ཟིན་ཐོ་གོང་མ།ཚངས་ཆེན་གནས་ཀྱི་བར་ཆད་གླེང་བ།
- ཟིན་ཐོ་འོག་མ།ཡང་སྙིང་ཐིག་ལེ་བདལ་བའི་མདོ། བོད་རྒྱ་ཤན་སྦྱར་མ།
ཧེ་ཧེ། གསང་གྲངས་བརྗེད་སོང་བས་ཡུན་རིང་ཞིག་ལ་ཞུགས་མ་ཐུབ་ཐལ།