ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༡༽ | 2011/5/20 8:06:00

མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ་བདེན་པར་སྨྲ་བའི་གཏམ་གཟུར་གནས་དགྱེས་པའི་མཆོད་སྤྲིན། 

                              མཁར་ནག་སྐལ་བཟང་རྒྱ་མཚོ།

ཉེ་སྔར་གསེར་རྟ་དགོན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཡིག་གི་ལམ་ནས་བོན་པོའི་གྲུབ་མཐའ་ལ་དོན་དང་མི་མཐུན་པའི་ཚིག་ལོག་འགའ་རེ་བཤད་ཡོད་པས།  དེ་ལ་འདིར་བགྲོ་གླེང་གི་ཚུལ་དུ་རྩོམ་ཐུང་ཞིག་འབྲི་བར་སྤྲོ་སྟེ།  དེ་ཡང་ཁོ་ན་རེ།  “འོན་ཀྱང་དོན་ངོ་མར་བོན་པོ་ནང་བ་མིན་ལ།  དེ་ནི་བོད་ཀྱི་གདོད་མའི་གྲུབ་མཐའ་ཞིག་ཡིན།”  ཞེས་དང་ཡང༌།  “འོན་ཀྱང་བོན་པོའི་གྲུབ་མཐའ་ནང་བར་བཟུང་ནས་བསླབས་ན་མི་འོས་ལ།  དེ་ནི་ནོར་འཁྲུལ་ཞིག་ཀྱང་ཡིན།  རྒྱ་ནག་གི་ཏའོ་ལུགས་དང་རའོ་ལུགས་ནང་བ་མིན་པ་ལྟར།  བོན་པོའི་གྲུབ་མཐའང་སངས་རྒྱས་ཆོས་ལུགས་མིན།”  ཞེས་བོན་པོའི་གྲུབ་མཐའ་སྤྱི་ལ་དབྱེ་ཞིབ་མེད་པར་མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ལས་ལོགས་སུ་བཀར་ཡོད།  དེ་ནི་བོན་གྱི་གཞུང་ལུགས་དག་ལ་མ་གཟིགས་ཤིང་དེའི་དོན་ཆ་ཙམ་ལའང་གོ་རྟོགས་མེད་པ་དང༌།  ཅུང་ཟད་ཙམ་ལ་གཟིགས་རྟོགས་བྱས་ཡོད་ཀྱང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་རང་གི་རྒྱུད་མ་ཐུལ་ནས་མ་རིག་པའི་རྗེས་སུ་སོང་བར་མངོན་ཏེ། 

སྤྱིར་ཆོས་ཡིན་ན་དམ་པའི་ཆོས་ཡིན་པས་ཁྱབ་པ་མེད་པ་བཞིན།  གནའ་དུས་སུ་བོན་པོ་ཡིན་ན་གཡུང་དྲུང་གི་བོན་ཡིན་པས་ཁྱབ་པ་མེད་དེ།  བོན་ཞེས་བྱ་བ་ནི་སྤྱི་སྒྲ་ཞིག་ཡིན་པས་དེང་སྐབས་ཀྱི་ཆོས་དང་ཆོས་ལུགས་ཞེས་པ་དང་དོན་འདྲའོ།  །དེ་བཞིན་དུ་བོན་པོ་ཞེས་ནའང་ཆོས་པའམ་ཆོས་ལུགས་པ་ཞེས་པའི་གོ་དོན་ཙམ་ལས་ཕྱི་ནང་གང་དུ་གཏོགས་པ་མིང་འདི་ཁོ་ནས་རྟོགས་མི་ཐུབ།  མཁས་དབང་ནམ་མཁའི་ནོར་བུས་ཀྱང༌།  “གནའ་དུས་སུ།  བོན་ཞེས་པ་དེ་ནི་དེང་དུས་ཡོངས་གྲགས་ཀྱིས་ཆོས་ལུགས་ཞེས་བརྗོད་པ་དང་འདྲ་བ་སྤྱི་བཏང་གི་མིང་ཞིག་ཡིན་པར་བརྟེན།”  ཞེས་གསལ་བོར་གསུང་ཡོད།  དམ་པའི་ཆོས་བོད་དུ་མ་དར་ཞིང་ཆོས་ཞེས་བྱ་བའི་ཐ་སྙད་འདི་མ་བྱུང་བའི་སྔོན་དུ།  བོད་མི་རྣམས་ཀྱིས་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་བོན་ཞེས་འབོད་པ་ཡིན།  བོད་དུ་དམ་པའི་ཆོས་མ་དར་བའི་སྔོན་དུ་མ་ཟད།  གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མ་བྱོན་པའི་སྔོན་དུའང་བོན་པོའི་རིགས་མི་འདྲ་བ་དུ་མ་ཡོད་ལ།  དེ་ལས་བདུད་བོན་དང་བཙན་བོན།  གདོན་བོན་སོགས་དམར་མཆོད་ཁོ་ན་བྱེད་པའི་ལོག་པའི་བོན་རིགས་འགའ།  གཡུང་དྲུང་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཚར་བཅད་ནས་དམར་མཆོད་ཀྱི་རྒྱུན་བཅད།  ཤ་ཁྲག་གི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མ་དང་ཡུ་ཏི་སྟེ་ཆང་གིས་མཆོད་ནས།  ད་གཟོད་བོད་ཡུལ་དུ་གཏོར་མ་ཞེས་པའི་གཤེན་རབ་དང་ཐུབ་པ་གཉིས་ཀྱི་རྗེས་འཇུག་ཐམས་ཅད་ཀྱིས་ཐུན་མོང་གིས་ལོངས་སུ་སྤྱོད་པའི་མཆོད་པ་ངོ་མཚར་ཅན་འདི་དར་བ་ཡིན། 

 སྟོན་པ་གཤེན་རབ་ཀྱིས་ལོག་པའི་བོན་རིགས་དེ་དག་ཚར་བཅད་པ་མ་ཟད།  ད་དུང་ཕྱི་རོལ་བའི་གྲུབ་མཐའ་ཚར་གཅོད་ཕྱིར།  མུ་སྟེགས་ཀྱི་གྲུབ་མཐའ་གཏན་ལ་དབབ་པ་གཏན་ཚིགས་ཐིགས་པའི་མདོ་རྒྱུད་དང༌།  ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ་སོགས་བཞེད་གཞུང་དུ་མ་མཛད།  གཡུང་དྲུང་བོན་གྱི་གྲུབ་མཐའི་རང་བཞིན་གཏན་ལ་འབེབ་ཕྱིར།  སྟོན་པ་ཀུན་ཏུ་བཟང་པོས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལ་འགྲེལ་བ་མཛད་ནས།  ཐེག་པ་རིམ་དགུའི་རང་བཞིན་རྟོགས་པའི་ལྟ་བ་དང༌།  སྒོམ་པའི་རིམ་པ།  སྲུང་བའི་དམ་ཚིག  སྒྲུབ་པའི་ཐབས།  སྤྱོད་པའི་འཕྲིན་ལས།  གྲུབ་པའི་འབྲས་བུ།  གོང་འོག་ཐེག་པའི་ཁྱད་པར་བཅས་དོན་བདུན་གྱིས་གསལ་བོར་བསྟན་ཡོད།  དེ་ལས་ཀྱང་ཆེས་རྒྱས་པ་རྒྱལ་བའི་བཀའ་རིན་པོ་ཆེ་ལ་ད་ལྟའང་པོད་བརྒྱ་དང་བརྒྱད་ཅུ་ཙམ་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་ཐོབ་སྐལ་དུ་ལུས་ཡོད། 

གནའ་དུས་སུ་བོན་པོ་ཡིན་ན་ནང་བ་སངས་རྒྱས་པ་ཡིན་པས་ཀྱང་མ་ཁྱབ་ལ་མིན་པས་ཀྱང་མ་ཁྱབ་པས།  དེ་དུས་བོན་ལའང་ཕྱི་ནང་གཉིས་ཀའི་ལུགས་ཡོད།  ཡིན་ནའང་གཤེན་རབ་མི་བོས་ལོག་པའི་བོན་རིགས་དེ་དག་ཚར་བཅད་ནས་ཐམས་ཅད་གཡུང་དྲུང་བོན་གྱི་བསྟན་སྒོར་བཅུག་རྗེས།  བོད་ཀྱི་ཡུལ་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་མ་གཏོགས་ཕྱི་རོལ་བ་དང༌།  ལོག་པའི་བོན་རིགས་དེ་དག་གི་བཞེད་གཞུང་དང་དེར་ཞུགས་པའི་གང་ཟག་གི་རྒྱུན་ཆད་པར་གྱུར།  རྒྱུ་མཚན་དེའི་ཕྱིར་ད་ལྟའི་དུས་འདིར་བོན་པོ་ནང་བ་མིན་ཞེས་ན་གཡུང་དྲུང་གི་བོན་ལ་སྨྲས་པ་ཡིན་པས།  དེའི་ལོག་རྟོག་སེལ་བ་ལ།  སྤྱིར་བོན་གྱི་སྒྲ་ཡང་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན།  ཞང་ཞུང་སྙན་རྒྱུད་ལས།  “བོན་གྱི་སྒྲ་གང་ལ་འཇུག་ན།  ཡུལ་ལྔ་ལ་འཇུག་སྟེ།  ཤེས་བྱ།  དགེ་བ།  མྱང་འདས།  བོན་སེམས་དབྱེ་རུ་མེད་པའི་ཏིང་ངེ་འཛིན་དང༌།  ཡུལ་དང་ལྔ་ལ་འཇུགཅེས་དང༌།  སྤ་སྟོན་བསྟན་རྒྱལ་བཟང་པོས། “དང་པོ་ནི་ཡུལ་བདུན་ལ་འཇུག་ཏེ།  ཤེས་བྱ་དང༌།  ལམ་དང༌།  འཁོར་འདས་དང༌།  ཡིད་ཀྱི་ཡུལ་དང༌།  བསོད་ནམས་དང༌།  དོན་དང༌།  གསུང་རབ་བོ།   ཞེས་དང༌།  མཁན་ཆེན་ཉི་མས་དེ་དག་གི་སྟེང་དུ་ཐེག་པ་བསྣན་པའི་དོན་བརྒྱད་ལ་འཇུག་ཚུལ་གསུང་ཡོད།  དེ་བཞིན་དུ་བན་ལུགས་ཀྱི་ཆོས་ཞེས་པའང་དོན་བཅུ་ལ་འཇུག་ཚུལ་ཡང་རྣམ་བཤད་རིག་པར་གསལ་ལ།  དེ་ན་བོན་དང་ཆོས་ཞེས་པ་གཉིས་སྒྲ་ཐ་དད་ཙམ་ལས་དོན་གཅིག་ཐོག་ཏུ་འབབ་པ་ལུང་འདི་དག་གིས་ཤེས་ཐུབ། 

ཡང་ཁོ་ན་རེ།  “དོན་ངོ་མར་བོན་པོ་དང་ནང་བསྟན་ལ་ཧ་ཅང་གནད་འགག་ཆེ་ཞིང་མི་འདྲ་བའི་ཁྱད་པར་ཞིག་ཡོད་ལ།  དེ་ནི་ཁོ་རང་ཚོ་ནང་བསྟན་གྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོའོ།།”  ཞེས་གཅིག་ཆོད་ཀྱི་ཚིག་འདི་སྨྲས་ཡོད།  དེ་ལ་གཡུང་དྲུང་གི་བོན་འདི་གྲུབ་མཐའ་ཕྱི་ནང་གང་དུ་གཏོགས་པ་ཐག་གཅོད་དགོས་ཚེ། ཐོག་མར་ཕྱི་རོལ་བ་དང་ནང་བའི་ཁྱད་པར་འབྱེད་བྱེད་ཀྱི་འབྱེད་ཆོས་གཏན་ལ་ཕབས་ནས།  དེ་ནས་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་དེའི་ཁྱད་ཆོས་ལྡན་མིན་སོགས་ཀྱིས་ཐག་གཅོད་པ་ལས་ཐབས་གཞན་མེད་ཕྱིར།  བོན་ལུགས་ལྟར་ན་ཕྱི་བ་དང་ནང་བའི་ཁྱད་པར་དོན་ལྔས་འབྱེད་དགོས་པས།  འདི་ལྟར་སུམ་བརྒྱ་བ་ལས།  “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།  །ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱ།  །དཀོན་མཆོག་སྐྱབས་གནས་མི་འཛིན་ཕྱི་རོལ་གྱུར།  །སྐྱབས་གནས་འཛིན་ན་མཐུན་པར་རིགས་ཤེ་ན།  །སྐྱབས་གནས་མི་སྤོང་ཚིག་མིན་དོན་ལ་གཅིག  །སྐུ་དང་ཡེ་ཤེས་ལ་སོགས་མཐུན་པས་ཕྱིར།། ཞེས་འབྱེད་ཆོས་ལྔ་ཡི་ཐོག་མ་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱིས་ཕྱེས་ཡོད།  །དེ་ལྟར་བན་ལུགས་ལའང༌།  “ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད།།ཅེས་དང༌།  “སྟོན་པ་བསྟན་པ་ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པའི་ཕྱིར། ” ཞེས་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོ་དང་ལྟ་བ་སོགས་ཀྱིས་འབྱེད་དགོས་པ་མཚུངས་པས།  འབྱེད་ཆོས་ནི་ལུགས་གཉིས་ཀར་མཐུན་པས་དེ་གཏན་ལ་ཕབས་རྗེས།  དེ་ནས་གཡུང་དྲུང་གི་བོན་ལ་ཁྱད་ཆོས་དེ་དག་ལྡན་མིན་བརྟག་ན།

དང་པོ་སྐྱབས་གནས་ནི། བོན་ལུགས་སུ་བླ་ཆེན་དྲན་པ་ནམ་མཁས།  “སྐྱབས་འགྲོའི་རྒྱུ་ནི་དུག་གསུམ་དུག་ལྔ་ཡིན།  །སྐྱབས་འགྲོའི་རྐྱེན་ནི་དལ་འབྱོར་མི་ལུས་ཡིན།  །སྐྱབས་འགྲོའི་རྟེན་ནི་བདེར་གཤེགས་རྣམ་གསུམ་ཡིན།  །སྐྱབས་འགྲོའི་ལམ་ནི་ཕྱི་ནང་གསང་གསུམ་ཡིན།  །སྐྱབས་འགྲོའི་འབྲས་བུ་བླ་མེད་བྱང་ཆུབ་ཡིན།  །སྐྱབས་འགྲོའི་དབྱེ་བ་རྣམ་པ་གསུམ་ཡིན་ཏེ།  །སྤྱི་ཡི་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ།  །ཕྱི་ནི་བདེར་གཤེགས་བོན་དང་གཤེན་རབ་ལ།  །ལུས་ངག་ཡིད་གསུམ་མོས་བྱས་སྐྱབས་ཀྱི་རབ།  །ནང་ནི་བླ་མ་ཡི་དམ་མཁའ་འགྲོ་ལ།  །གུས་འཇུག་མཉེས་པར་བྱ་བ་སྐྱབས་ཀྱི་རབ།  །གསང་བ་རྩ་དང་རླུང་དང་ཐིག་ལེ་ལ།  །རིག་པ་བྱང་ཆུབ་སེམས་ཀྱི་འགྲོ་ལྡོག་སྒོམ་པ་སྐྱབས་ཀྱི་རབ།།ཅེས་དང་བོན་ལུགས་ཀྱི་སྐྱབས་འགྲོའི་ཚིག་བཤད་ནི།  “བླ་མ་ལ་སྐྱབས་སུ་མཆིའོ།  །སངས་རྒྱས་ལ་སྐྱབས་སུ་མཆིའོ།  །བོན་ལ་སྐྱབས་སུ་མཆིའོ།  །གཤེན་རབ་གཡུང་དྲུང་སེམས་དཔའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།།ཞེས་དང་ཡང་ན།  “གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ།  །དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན།  །སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན།  །ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན།  །གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ།།  ཞེས་བླ་མ་དང་སངས་རྒྱས།  བོན།  གཤེན་རབ་བམ་སེམས་དཔའ་སོགས་དཀོན་མཆོག་བཞིའམ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བའོ།  །ཡང་ཅི་ཕྱིར་དེ་དག་ལ་དཀོན་མཆོག་ཟེར་བའི་རྒྱུ་མཚན་ཡང་སེམས་ལུང་བསྟན་པའི་སྒྲོན་མ་ལས།  “ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན།  །མ་རིག་མུན་སེལ་སྣང་གསལ་སྒྲོན་མེ་མཆོག  །སྐུ་གསུང་འབྱུང་གནས་དཔོན་གསས་བླ་མ་ལ།  །གུས་པའི་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ།  །ཉིན་སྐར་ལྟ་བུ་ཐུགས་རྗེ་འབྱུང་གནས་དཀོན།  །ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག  །འགྲོ་བའི་མགོན་སྐྱབས་དུས་གསུམ་བདེར་གཤེགས་ལ།  །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ།  །གཞའ་ཚོན་ལྟ་བུ་སྣང་སྲིད་རྒྱན་དུ་དཀོན།  །ལྐུགས་པ་ཁ་འབྱེད་གྲོལ་བ་ལྗགས་ཀྱི་མཆོག  །བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ།  །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ།  །ཨུད་འབར་ལྟ་བུ་དགེ་ལ་འདུན་སྤྱོད་དཀོན།  །བློ་སྒྲོམ་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་མཆོག  །འགྲོ་བའི་འདྲེན་སྟོན་ཕྱོགས་བཅུའི་གཤེན་རབ་ལ།  །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ།།ཞེས་གསུངས་སོ།  །སྐྱབས་གནས་དེ་དག་གི་རང་བཞིན་ལ་སངས་རྒྱས་གཤེན་རབ་མི་བོའི་ཞལ་ནས།  སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ།  །ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། །ས་གསུམ་སྤང་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ།།  ཞེས་དང་སྐྱབས་སུ་སོང་བའི་ཡོན་ཏན་ལ་ཤར་རྫ་རིན་པོ་ཆེ་ནས།  “ནང་བའི་ཁྱུར་འགྲོ་སྡོམ་པའི་གཞི་རྟེན་བྱེད།  །སྔོན་བསགས་སྡིག་སྒྲིབ་འཛད་ཅིང་ཕྱིས་མི་འཕྲད།  །གནོད་པས་མི་ཚུགས་ཐར་བའི་ས་བོན་ཐེབས།  །ངན་འགྲོའི་གཡང་བསྲུང་ཡོན་ཏན་གོང་འཕེལ་འགྲོ།།ཞེས་དང་།  ཡང་སྐྱབས་འགྲོའི་བསླབ་བྱ་ལ།  “མཆོག་གསུམ་སྐྱབས་སོང་འཁོར་བའི་ལྷར་མི་སྐྱབས།  །གཞན་ལ་མི་འཚེ་མུ་སྟེགས་ཅན་མི་འགྲོགས།  །དེ་བཞིན་སྐུ་གཟུགས་གླེགས་བམ་གཤེན་གྲོགས་བཀུར།།ཞེས་གསལ་བོར་གསུངས་སོ།  །གཤེན་རབ་ཅེས་པ་བན་ལུགས་ཀྱི་དགེ་འདུན་ཞེས་པ་དང་དོན་གཅིག་པས།  གོང་གི་སེམས་ལུང་བསྟན་པའི་སྒྲོན་མའི་ལུང་ལས།  “ཨུད་འབར་ལྟ་བུ་དགེ་ལ་འདུན་སྤྱོད་དཀོན། ཞེས་པར་དགེ་འདུན་གྱི་སྒྲ་དངོས་སུ་བྱུང་བས་སོ།  །ཡང་བླ་ཆེན་དྲན་པས།  “སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ།  །སྨོན་འཇུག་གཉིས་ཀྱི་དོན་ལ་འཇུག་པར་བྱའོ།  །སྨོན་པ་ཁམས་གསུམ་སེམས་ཅན་དོན་ལ་སྨོན་བྱེད་ཅིང༌།  །འཇུག་པ་དེ་ཡི་རྒྱུ་ལ་འཇུག་པར་བྱའོ།།ཞེས་གསུངས་སོ།  །དེ་བཞིན་དུ་བན་ལུགས་སུའང་བླ་མ་བསྣན་པའི་དཀོན་མཆོག་བཞི་ལ་སྐྱབས་སུ་འགྲོ་བ་སྐྱབས་འགྲོའི་ཚིག་བཤད་ལས་ཤེས་སླ་བས།  དེས་ན་གོང་གི་བོན་ལུགས་ཀྱི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ལུང་ཚིག་འདིས་ཀྱང་ཕྱི་ནང་གང་ཡིན་པ་གསལ་བོར་སྟོན་ཐུབ་བོ། 

མུ་འགོད།

Re:མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༡༽ | 2015/1/5 20:30:48
སྐུ་མགྲོན་vBRd7H(སྐུ་མགྲོན)ངོ་མ། ཧ་གོ་རྒྱུ་འདུག
རྩོམ་པ་པོ།:སྐུ་མགྲོན་vBRd7H(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༡༽ | 2014/1/25 20:16:14
སྐུ་མགྲོན་u85Ct2(སྐུ་མགྲོན)རྒྱུ་མཚན་འདུག
རྩོམ་པ་པོ།:སྐུ་མགྲོན་u85Ct2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༡༽ | 2014/1/25 20:14:40
སྐུ་མགྲོན་u85Ct2(སྐུ་མགྲོན)རྒྱུ་མཚན་འདུག
རྩོམ་པ་པོ།:སྐུ་མགྲོན་u85Ct2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.