ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འགྲོ་བའི་རང་གཤིས། | 2011/8/28 10:35:00

                     འགྲོ་  བའི་  རང་  གཤིས།

མཁར་ནག་སྐལ་བཟང་རྒྱ་མཚོ།

       རྡུལ་སྙེད་རབ་འབྱམས་རྒྱ་མཚོའི་ཞིང་ན་གཞལ་མེད་ལུས་ཅན་འགྲོ་བའི་ཁྱུ།།

       བརྩེ་ཆེན་ཐུགས་རྗེའི་དོན་ཡོད་ཞགས་པས་ཉེ་བར་འཆིང་ལ་འཇིགས་བྲལ་རྗེ།།

       མཁྱེན་དང་ནུས་པའི་བདག་ཉིད་གང་ཞིག་རྒྱལ་ཡུམ་ཐུགས་ཀྱི་སྤྲུལ་བ་མོ།།

          ཆོས་ཀུན་རྣམ་འབྱེད་ཤེས་རབ་སྦྱིན་མཁས་ཚངས་སྲས་ལྷ་མོས་ཤིས་པ་སྩོལ།།

       གླིང་ཆེན་ལྔ་ཡི་གོ་ལའི་ཁྱོན་ལ་དུས་རབས་གསར་བའི་འཇོ་སྒེག་མ།།

       དལ་བ་དལ་བའི་མཛེས་སྡུག་ཉམས་བཅས་མངོན་སུམ་བྱོན་པ་དེང་གི་དུས།།

       སྲིད་པའི་ཁམས་ཀྱི་རྒན་དར་གཞོན་སྐྱེས་མཐའ་དག་འགྲོ་བའི་རང་གཤིས་དག།

       སྡེབ་ལེགས་སྙན་ཚིག་རིག་པའི་ལམ་ནས་གསལ་བོར་སྟོན་ལ་ཁོ་བོ་རངས།།

       གདོང་ལྔས་འདེགས་པའི་གསེར་གྱི་ཁྲི་ལ་མངའ་དབང་སྒྱུར་བའི་སྐུ་ལོ་རྣམས།།

       ལ་ལ་འཆད་རྩོད་རྩོམ་གསུམ་མཛད་པས་བསྟན་འགྲོར་སྨན་པའི་དོན་ལ་བྲེལ།།

       ཁ་ཅིག་རྫིག་ཉམས་ཁོ་ནའི་ངང་ནས་འདོད་ཡོན་ལྔ་ལ་རྟག་ཏུ་ཆགས།།

       གཞན་དག་བཟང་ངན་སྤང་བླང་མི་ཤེས་བག་ཡངས་ངང་ནས་མི་ཚེ་ཕུད།།

       ཕྱི་ཚུལ་ནང་ཁྲིམས་སྤང་བྱ་མང་བ་ཚངས་སྤྱོད་དགེ་ལ་འདུན་པའི་སྡེ།།

       ལ་ལ་བཅས་མཚམས་ཀུན་ལས་མི་འདའ་བསླབ་གསུམ་རིན་ཆེན་མིག་ལྟར་གཅེས།།

       ཁ་ཅིག་ཚུལ་འཆོས་རྫུ་བག་ཆེ་ཞིང་ལྐོག་ཏུ་སྡོམ་ཁྲིམས་འཆལ་བར་སྤྱོད།།

       གཞན་དག་ཚུལ་ཁྲིམས་བཙན་གྱིས་བསྲུངས་ཀྱང་ངོ་ཚ་ཁོ་ནའི་སྟོབས་སུ་ཟད།།

       གསང་སྔགས་རྡོ་རྗེ་རིག་པ་འཛིན་པ་གོས་དཀར་ལྕང་ལོ་འཆང་བའི་ཚོགས།།

       ལ་ལ་བསྙེན་སྒྲུབ་ལས་ལ་བྲེལ་ནས་ལོ་ཟླའི་འཁོར་ལོ་མཚམས་ཀྱིས་བསྐྱལ།།

       ཁ་ཅིག་གསང་སྔགས་གྲོང་དུ་གྱེར་ནས་ལྟོ་རྒྱབ་འཚོ་བའི་ཐབས་སུ་བསྟེན།།

       གཞན་དག་རལ་བའི་ཁུར་ཆེན་ལྕི་ནའང་ལས་ཀུན་སྒྲུབ་པའི་ནུས་པ་ཕྲ།།

བླ་མེད་རྣལ་འབྱོར་སྤྱོད་པ་འཆང་རློམ་ལུས་ངག་འདུ་འཛིའི་བྱ་བྲལ་བ།།

ལ་ལ་གྲུབ་པའི་རྒྱལ་སྲིད་ཟིན་ཅིང་རིག་པའི་ཡེ་ཤེས་ཀློང་དུ་བརྡོལ།།

       ཁ་ཅིག་རྫོགས་པ་ཆེན་པོར་རློམ་ནས་ཟང་ཟིང་ནོར་རྫས་ཐབས་ཀྱིས་སྒྲུབ།།

       གཞན་དག་ཟག་བཅས་ཉམས་ལ་ཆགས་ནས་རྟོག་བྲལ་ལྟ་བ་རྒྱང་དུ་ཡལ།།

       འབོལ་ཁྲི་མཐོན་པོར་བརྗིད་ཉམས་ལྡན་པ་སྲིད་ལ་དབང་སྒྱུར་དཔོན་ཆེན་རིགས།།

       ལ་ལ་བྱམས་བརྩེ་མཛད་བཟང་སྟོང་གིས་འབངས་ཀྱི་བདེ་སྡུག་དོན་ལ་བྲེལ།།

       ཁ་ཅིག་ཁ་གསག་གཡོ་སྒྱུའི་ཐབས་ཀྱིས་གོ་གནས་འཕར་བའི་ལས་ལ་བརྩོན།།

       གཞན་དག་ལྐོག་རྔན་འབོར་ཆེན་བླངས་ནས་རང་ཉིད་ཕྱུག་པའི་ཐབས་ལ་འབད།།

       འཆི་མེད་ཚལ་ན་སྐབས་གསུམ་པ་བཞིན་སྣ་ཚོགས་ལས་སྒྲུབ་གྲོང་ཁྱེར་པ།།

       ལ་ལ་རང་སྐལ་ལས་ལ་བྲེལ་ཞིང་ངལ་གསོའི་དུས་ཀྱང་རྟག་ཏུ་སྤང་།།

       ཁ་ཅིག་གཏམ་གླེང་སྣ་ཚོགས་ངང་ནས་གཞུང་སྒྲུབ་དུས་ཚོད་འདའ་ཐབས་བྱས།།

       གཞན་དག་གླ་ཕོག་ལེན་ཐབས་བྱས་ཏེ་རང་དོན་སྣ་ཚོགས་སྒྲུབ་ལ་བྲེལ།།

       ཤེས་རིག་སྦྲང་རྩིའི་མངར་ལ་ཆགས་པ་བློ་གསལ་རྐང་བ་དྲུག་པའི་ཚོགས།།

ལ་ལས་སྐད་རིགས་དུ་མ་བསླབས་ཏེ་རིག་པའི་གནས་ཀུན་སྦྱང་ལ་མོས།།                     

   ཁ་ཅིག་སྦྱང་འབྲས་ཅུང་ཙམ་བཟང་ན་རྟག་ཏུ་ཁེངས་པའི་མགོ་འཕང་མཐོ།། 

             གཞན་དག་སློབ་ཐུན་འཁྱོལ་ཐབས་བྱས་ཏེ་འཛིན་ཡིག་ལོན་ན་ཆོག་པར་སེམས།།

       གཡུ་སྔོན་ཞུན་མ་ལན་བརྒྱ་བྱུག་འདྲའི་འབྱམས་སུ་ཀླས་པའི་སྤང་ཐང་དུ།།

       ལ་ལ་དཀར་ནག་ཕྱུག་རིགས་རྗེས་སུ་མི་ཚེ་ཧྲིལ་བོ་དོན་མེད་ཡལ།།

       ཁ་ཅིག་རྩྭ་ས་གོམ་གང་བརྩད་ནས་དམེ་འཁྲུགས་བྱུར་གྱི་སྣ་འདྲེན་བྱེད།།

       གཞན་དག་རྙིང་ཞེན་སྒྲོག་ཏུ་ཚུད་ནས་གསར་བ་ཀུན་ལ་དམོད་པ་བོར།།

        འབྲུ་བཅུ་སྙེ་མའི་ཁུར་གྱིས་དུད་པ་ཞིང་ས་གཤིན་པོའི་བདག་པོ་བ།།                       

     ལ་ལས་ཚན་རྩལ་ལག་ཏུ་བསྟར་ཏེ་འབྲུ་དྲུག་བང་མཛོད་ཕྱུར་བུར་གང་།།

       ཁ་ཅིག་ཚོང་དང་ཁེ་ལས་ལ་བརྟེན་ཕྱུག་གྱུར་ལམ་ན་གོམ་ཁ་ཡང་།།

       གཞན་དག་ཐབས་ལམ་སྣ་ཚོགས་ངང་ནས་བདེ་སྐྱིད་འཚོ་བ་མགྲོན་དུ་བསུ།།

       ཕུན་ཚོཊ་ལོངས་སྤྱོད་དཔལ་གྱིས་སྙེམས་པའི་འབྱོར་ལྡན་འཛམ་ལྷའི་བང་མཛོད་ཅན།།

       ལ་ལས་གཏོང་ཕོད་ཕྱག་ཡངས་བསྐྱངས་ཏེ་དམན་ལ་ཕན་པའི་ལས་ཀུན་སྒྲུབ།།

       ཁ་ཅིག་ཡི་དྭགས་ཤ་ཚིགས་འཆང་ནས་རང་དོན་ལ་ཡང་སྤྱོད་པར་འཕང་།།

       གཞན་དག་རྩ་མགོའི་ཟིལ་བ་ཡིན་ཞེས་དཀོན་མཆོག་མཆོད་པའི་རྒྱན་དུ་འབུལ།།

       དབུལ་འཕང་ལྕགས་སྒྲོག་དམ་པོས་བཅིང་བ་ཉམ་ཐག་དམན་པའི་ལས་ཅན་ཀུན།།

       ལ་ལ་ལས་ལ་བརྩོན་པར་ནུས་ཀྱང་སློང་བས་འཚོ་བ་འཁྱོལ་ཐབས་བྱས།།

       ཁ་ཅིག་སློང་བར་མོས་པ་མེད་ཀྱང་ལས་གཞན་སྒྲུབ་པའི་ནུས་པ་ཕྲ།།

       གཞན་དག་སྔོན་བསགས་ལས་ཡིན་ཟེར་ནས་འབད་བརྩོན་བྱེད་ལ་འདུན་པ་བྲལ།།

       བཀའ་བསྟན་གླེགས་བམ་དཔལ་ལ་འཁུ་བ་འབོར་ཆེན་དེང་རབས་དུས་དེབ་ཏུ།།

       ལ་ལས་བརྩམས་ཆོས་སྣ་ཚོགས་ལམ་ནས་འགྲོ་ལ་སྨན་པའི་བསླབ་བྱ་སྟོན།།

       ཁ་ཅིག་ཟུར་ཟའི་ཚིག་མདའ་དང་བཅས་ངན་རྒུའི་སྐྱོན་མཚང་འབྱིན་ལ་བྲེལ།།

       གཞན་དག་སྡེབ་ལེགས་སྙན་ཚིག་ཕྲེང་བས་མཐའ་དག་ཡར་འཐོན་ཕྱོགས་སུ་བསྐུལ།།

       དེ་བཞིན་ཚུལ་འདི་བསླབ་བྱ་འགྱུར་རམ་ཟུར་ཟའི་མཚོན་དུ་གྱུར་ཀྱང་རུང་།།

          སྡེབ་ལེགས་ཚིག་གི་སྙན་ཆ་དབེན་ཡང་ལྷག་བསམ་ཟླ་བའི་རང་མདངས་ལས།།

       ཉེས་འགོག་ལེགས་སྤེལ་ཚུལ་དུ་དམིགས་ནས་སྙན་ཚིག་མུ་ཏིག་དཀར་པོའི་ཕྲེང་།།

       ཚིག་རྒྱན་རིག་པའི་སྲད་བུར་བསྟར་འདི་བློ་གསལ་གཞོན་ནུས་གཟིགས་བྱར་འོས།།

 

                      

 

                      

 

 

 

Re:འགྲོ་བའི་རང་གཤིས། | 2011/8/29 16:50:56
kanaergesangཟིན་གྲོགས་རྣམ་པས་ལེགས་འདེམས་བྱས་པར་ཐུགས་རྗེ་ཆེ།
Re:འགྲོ་བའི་རང་གཤིས། | 2011/8/29 1:57:15
triyungblogབཀླགས་ཟིན།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.