མཛོད་ཀྱི་ཆགས་འཇིག་བསྐལ་བ་ཇི་ལྟར་འགྲེལ།
མཁར་ནག་སྐལ་བཟང་རྒྱ་མཚོ།
ཆགས་གནས་འཇིག་སྟོང་གི་བསྐལ་བ་བཞི་སྟོན་དུས་མཁས་རྣམས་བཞེད་པ་མི་མཐུན་པ་རེ་འདུག་པས་དེ་དག་ལས་ཕྱོགས་མཚོན་ཙམ་བཀོད་ན།
ཆགས་བསྐལ་ལ་མཛོད་ལས་གསུང་པའི་ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུ་འོ། །ཞེས་པ་ལྟར་མཐུན་པར་བཞེད་མོད། འོན་ཀྱང་རྗེ་རིན་པོ་ཆེ་ནས། ཆགས་འཇིག་གི་བར་གྱི་བསྐལ་བ་བསྟན་པ་ནི། དཔག་མེད་ནས་ཚེ་ལོ་བཅུ་ལ་ཐུག་པར་མར་ལ་འགྲིབ་པ་ལ་ནི་ཡ་ཐོག་རིང་མོ་ཞེས་བརྡ་འདོགས་སོ། གནས་པའི་མཚམས་པ་ནི་བརྒྱད་ཁྲི་མན་ཆད་དོ། ཞེས་ཚེ་ལོ་དཔག་མེད་ནས་བཅུ་བར་ཐུག་པ་ལ་ཡ་ཐོག་རིང་མོ་འདོད་ཅིང་། དེའི་བརྒྱད་ཁྲིའི་ཡན་ཆགས་བསྐལ་དུ་བཞེད་ཅིང་དེའི་མན་ཆད་གནས་བསྐལ་དུ་བཞེད་ཡོད། སྒ་སྟོན་རིན་པོ་ཆེ་ནས། གནས་པའི་ཡ་ཐོག་རིང་པོ་ནི་ཚེ་ལོ་བརྒྱད་ཁྲི་པ་ནས་བཟུང་སྟེ། ཚེ་ལོ་བཅུ་པའི་བར་དུ་ཐུག་པའོ། ཞེས་དང་ཡང་། དཔག་མེད་གནས་པའི་ཡ་ཐོག་མ་ཡིན་ཏེ། ངན་འགྲོ་ཆགས་པ་མེད་པས་ཏེ། མི་དགེ་བ་སྤྱད་པ་མེད་པའི་ཕྱིར་རོ། ཞེས་གསུང་ཡོད། ཡིན་ནའང་། ཁོང་གིས་མཛད་པའི་མཛོད་ཀུན་བཏུས་ལས། དཔག་མེད་གནས་པའི་ཡ་ཐོག་ན། །མི་དགེ་མེད་པས་ངན་འགྲོ་མེད། ཅེས་བྱུང་ཡོད་པས། ཡ་ཐོག་ན་ཞེས་པ་ཡིག་ནོར་མིན་ནམ་སྙམ། གོང་ནས་ཞུས་པ་ལྟར་ཁོང་གིས་འགྲེལ་ལས་དཔག་མེད་གནས་པའི་ཡ་ཐོག་མ་ཡིན་ཏེ་ཞེས་གསུངས་ཡོད་རྐྱེན། ཡ་ཐོག་མིན་ཞེས་པ་ཨེ་ཡིན་ནམ་སྙམ། དེ་ལྟར་མིན་ཚེ། གནས་པའི་ཡ་ཐོག་ཡིན་ན་ངན་འགྲོ་མེད་པས་འགལ། དཔག་མེད་ཡིན་ན་གནས་པའི་ཡ་ཐོག་ཡིན་པས་འགལ་བ་ལྟར་སྣང་བས་དཔྱད་འཚལ། དེ་དང་མཐུན་པར་སྤ་སྟོན་བསྟན་རྒྱལ་བཟང་པོས་ཀྱང་། དང་པོ་ཡ་ཐོག་རིང་པོ་ནི། ཚེ་ལོ་བརྒྱད་ཁྲི་ནས་བཟུང་སྟེ། བཅུ་བའི་བར་དུ་ཐུག་པའོ། ཞེས་དང་། ཁ་ཅིག་དཔག་མེད་ཡ་ཐོག་ཏུ་འདོད་ན་ཡང་མི་འཐད་དེ། བརྒྱད་ཁྲི་ཡན་མི་དགེ་བ་ཆེན་པོ་མེད་པས། ངན་འགྲོ་མ་ཆགས་པས་ཆགས་བསྐལ་ལོ། ཞེས་དཔག་མེད་ཡ་ཐོག་ཏུ་འདོད་པ་དགག་ཡོད།
གནས་བསྐལ་ལ་སྒ་སྟོན་རིན་པོ་ཆེ་ནས། གནས་པའི་ཡ་ཐོག་རིང་པོ་ནི་ཚེ་ལོ་བརྒྱད་ཁྲི་པ་ནས་བཟུང་སྟེ། ཚེ་ལོ་བཅུ་པའི་བར་དུ་ཐུག་པའོ། བརྒྱད་ཁྲི་པ་ཡན་ཆད་དུ་ནི་མི་དགེ་བ་ཆེན་པོ་སྤྱོད་པ་མེད་པའི་ཕྱིར། དམྱལ་བ་མ་ཆགས་པས་ཆགས་པའི་བསྐལ་པའོ། དེ་ནས་ཡར་སྐྱེ་བ་དང་མར་འབྲི་བ་ཆ་གཅིག་ཁུག་པ་གཅིག་ཏུ་བརྩི་བའི་བར་གྱི་ཁུག་པ་བཅོ་བརྒྱད་དང་། དེ་ནས་ཡར་སྐྱེ་བའི་རྐྱང་བ་གཅིག་མ་ཐོག་སྟེ། དེ་དག་ཚེ་ནི་བརྒྱད་ཁྲི་བ་ལ་ཡར་ཐུག་གི་བར་རོ། ཞེས་དང་། ཡང་དར་རྒྱས་གསལ་སྒྲོན་ལས། དང་པོ་ཡ་ཐོག་རིང་པོ་ནི། ཚེ་ལོ་བརྒྱད་ཁྲི་ནས་བཟུང་སྟེ། བཅུ་བའི་བར་དུ་ཐུག་པའོ། གཉིས་པ་བར་ཁུག་ནི་བཅུ་ནས་བརྒྱད་ཁྲིར་འཛེགས། དེ་ནས་བཅུ་རུ་འབབ། དེ་འདྲ་ཁུག་པ་གཅིག་ཏུ་བརྩིས་པས་བཅོ་བརྒྱད་བར་བསྐལ་བཅོ་བརྒྱད་དོ། གསུམ་པ་མ་ཐོག་ཐུང་ངུ་ནི། བཅུ་ནས་བརྒྱད་ཁྲིར་འཛེགས། དེ་ནས་མར་འགྲིབ་པའོ། ཞེས་མ་ཐོག་ཐུང་ངུ་འདི་བཅུ་ནས་བརྒྱད་ཁྲིར་ཡར་འཛེགས་དེ་ནས་ཡང་མར་འགྲིབ་ཅེས་ཁུག་པའི་ཚུལ་དུ་གསུང་ཡོད་པས་གཞན་དང་མི་མཐུན་པས་བློར་འབབ་པ་ཞིག་མ་རེད། ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། གནས་བསྐལ་ཡ་ཐོག་བརྒྱད་ཁྲིའི་ཐོག་ནས་བཟུང་། །ཡ་ཐོག་རིང་དང་ཁུག་པ་བཅོ་བརྒྱད་དང་། །མ་ཐོག་རིང་བཅས་བར་བསྐལ་ཉི་ཤུ་སྟེ། ། ཞེ་མ་ཐོག་རིང་མོ་ཞེས་གསུང་འདུག་པས་འདི་བློར་འབབ་པ་ཞིག་རེད། རྒྱུ་མཚན་ནི། སྒ་སྟོན་རིན་པོ་ཆེ་ནས། ཡ་ཐོག་ནི་ཆེས་བསྐལ་པའི་དྭངས་མ་ཡིན་པས་འབྲི་བ་བུལ་ལ། མ་ཐོག་ནི་སྙིགས་མ་ཡིན་པས་སྐྱེ་བ་བུལ་པའོ། དེས་ན་དེ་གཉིས་བར་ཁུག་རེ་དང་ཡུན་མཉམ་པའོ། གསུང་པ་ལྟར་ཡ་ཐོག་དང་མ་ཐོག་གཉིས་རྐྱང་བ་ཡིན་ཡང་ཁུག་པ་དང་དུས་ཡུན་མཉམ་པས་ཡ་ཐོག་ལ་རིང་མོ་ཞེས་བརྗོད་ན་མ་ཐོག་ལ་ཐུང་ངུ་ཞེས་གསུང་ཚེ་དེ་གཉིས་ལ་དུས་ཀྱི་རིང་ཐུང་ཡོད་པ་འདྲ་བའི་འཁྲུལ་སྣང་སྟེར་བས་སོ།
འཇིག་བསྐལ་ལ་སྲིད་པའི་མཛོད་ཕུག་ལས། འཇིག་པའི་བསྐལ་བ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པའོ། །ཞེས་གསུང་ཡོད་ཕྱིར་རྗེ་རིན་པོ་ཆེ་ནས་འཇིག་བསྐལ་གྱི་ཡ་མཚམས་ནི་དམྱལ་སྲིད་ཀྱི་སེམས་ཅན་ཟད་པའི་སྐད་ཅིག་དང་པོ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་མ་ཟད་ཀྱི་བར་དུའོ། ཞེས་དམྱལ་སྲིད་ཀྱི་སེམས་ཅན་ཟད་པའི་སྐད་ཅིག་དང་པོ་ཟེར་བ་འདིས་ཟད་པ་འདི་དམྱལ་སྲིད་ཀྱི་སེམས་ཅན་ཟད་ཟིན་པ་ལ་གོ་དགོས་པ་ལྟར་ཆགས་འདུག རྒྱུ་མཚན་ཡང་། ཁོང་གིས་སྟོང་བསྐལ་གྱི་ཡ་མཚམས་ནི། སྣོད་ཟད་པའི་སྐད་ཅིག་དང་པོ་ནས་ཆགས་བསྐལ་གྱི་སྐད་ཅིག་དང་པོའི་བར་རོ། ཞེས་གསུང་པས་སོ། དེ་ལྟར་ཡིན་ཚེ། དམྱལ་བའི་སྲིད་པ་འཇིག་ཚར་ནས་གཟོད་འཇིག་བསྐལ་གྱི་མགོ་བརྩམས་པ་ལྟར་དུ་སོང་ཡོད། དེ་ལ་སྒ་སྟོན་རིན་པོ་ཆེ་ནས། འཇིག་པའི་བསྐལ་བ་གང་ཞེ་ན། དམྱལ་བའི་སྲིད་པ་འཇིག་སྔ་བས། དེ་མེད་པ་ནས་བཟུང་སྟེ། ཕྱི་སྣོད་འཇིག་འཕྱི་བས་དེ་ཟད་ཀྱི་བར་རོ། ཞེས་རྗེ་རིན་པོ་ཆེ་དང་མཐུན་པར་གསུང་ཡོད་མོད། འོན་ཀྱང་དོན་ངོ་མར་འོག་ནས་ཁོང་གིས། དེ་ཁ་ཆགས་ན་ནི་འཇིག་པ་སྟེ། དམྱལ་བ་འཇིག་པའི་མགོ་རྩོམ་པའི་ཕྱིར་རོ། ཞེས་འཇིག་བསྐལ་གྱི་དང་པོ་དམྱལ་བ་འཇིག་མགོ་བརྩམས་པ་ནས་བཟུང་ཡོད། འདི་ལྟར་བཞེད་ན་བློར་འབབ་པ་ཞིག་འདུག དེ་མིན་འཇིག་བསྐལ་གྱི་མགོ་བརྩམས་དུས་དམྱལ་བ་དེའི་སྔོན་ནས་འཇིག་ཟིན་པ་ལྟར་སོང་ན་བདེ་བོ་མི་འདུག རྒྱུ་མཚན་ཡང་། སྒ་སྟོན་རིན་པོ་ཆེ་ནས། བར་བསྐལ་བཅུ་དགུར་བཅུད་འཇིག་པ་གང་ལ་གང་ཙམ་འཇིག་པ་ནི་ཆགས་པའི་ཤུགས་ལས་ཤེས་པར་བྱའོ། ཞེས་གསུངས་པས། དམྱལ་བ་འདི་གང་གི་ཚེ་ཡང་ཆགས་བསྐལ་གྱི་དུས་སུ་འཛམ་གླིང་ཆགས་པའི་ཁོངས་སུ་གཏོགས་པས། དེ་ན་འཇིག་དུས་ཀྱང་འཛམ་གླིང་འཇིག་པའི་བར་བསྐལ་དེ་ལ་འཇིག་དགོས་པས། དམྱལ་སྲིད་ཀྱི་སེམས་ཅན་ཟད་པའི་སྐད་ཅིག་དང་པོ་ཞེས་དེ་འཇིག་བསྐལ་གྱི་དང་པོ་བརྩིས་ནས། དམྱལ་བ་འཇིག་པ་གནས་བསྐལ་དུ་གཏོགས་འགྲོ་བ་འདྲ་བས་དཔྱད་འཚལ།
ཡང་སྒ་སྟོན་རིན་པོ་ཆེ་ནས། དེ་ནས་ཡར་སྐྱེ་བའི་རྐྱང་བ་གཅིག་མ་ཐོག་སྟེ། དེ་དག་ཚེ་ནི་བརྒྱད་ཁྲི་བ་ལ་ཡར་ཐུག་གི་བར་རོ། དེ་ཁ་ཆགས་པ་ནི་འཇིག་པ་སྟེ། ཞེས་དང་དར་རྒྱས་གསལ་སྒྲོན་ལས། གསུམ་པ་མ་ཐོག་ཐུང་ངུ་ནི། བཅུ་ནས་བརྒྱད་ཁྲིར་འཛེགས། དེ་ནས་མར་འགྲིབ་པའོ། ཞེས་མ་ཐོག་རིང་མོའི་ཚེ་ལོ་བརྒྱད་ཁྲི་ལ་ཡར་འཕེལ་ནས་སླར་ཡང་མར་འགྲིབ་པ་འདྲ་ཞིག་གསུང་འདུག་པས། བདེན་ན་དེ་ནི་འཇིག་བསྐལ་གྱི་བར་བསྐལ་དང་པོར་གཏོགས་པས། གནས་བསྐལ་ལས་གཞན་འཇིག་བསྐལ་ལ་མར་འགྲིབ་ཅིག་ཡོད་མིན་དཔྱད་གཞི་ཆེའོ།
ལྕགས་ཡོས་དབྱར་ཐ་ཆུང་གི་གནམ་གང་ལ་བྲིས།
- ཟིན་ཐོ་གོང་མ།ཁེར་རྐྱང་གི་ཟླ་བ།
- ཟིན་ཐོ་འོག་མ།ཆོས་འབྱུང་མཁས་པའི་དགོངས་རྒྱན་གྱི་དོན་ཚན་འགའ་ལ་དཔྱད་པ།༼༡༽