སྤྲོ་སྣང་གིས་ཁེངས་པའི་སེམས་པ།།
མཁར་ནག་སྐལ་བཟང་རྒྱ་མཚོ།།
དྲོད་འཇམ་གྱི་ཉི་འོད་འོག་སེམས་བདེ་བག་ཕེབས་ངང་དཔེ་ཆ་ཞིག་ལ་བལྟ་བའི་ཁོམ་པ་རེ་བྱུང་ན། ང་ལ་མཚོན་ན་ཆེས་ཡིད་སེམས་སྤྲོ་བའི་དོན་དག་ཞིག་ཡིན། དེ་རང་ཡང་དེ་འདྲའི་སྐལ་བཟང་ལྡན་བྱུང་བས་སྒྲུང་གཏམ་ཞིག་ལ་ལྟ་བཞིན་ཉི་མ་ལྡེ་ནས་བསྡད། དགོད་བྲོ་བའི་བྱུང་རིམ་ཞིག་ལ་དབང་མེད་དུ་དགོད་ཁ་ཤོར་དུས། ཚ་མོའང་མཚར་བའི་ཉམས་བཅས་གམ་དུ་འོང་ནས་དཔེ་ཆ་ལ་བལྟས། དེ་ཕྲད་བོད་ཡིག་ཡིན་པ་མཐོང་ནས་མགོ་གཡུག་ཙམ་བྱས་ནས། བོད་ཡིག་གི་ཕྱོགས་ནས་ང་རང་ཡིག་རྨོངས་ཡིན་ཟེར་ནས་བུད་སོང༌།
ཕུ་བོ་དང་སྲི་མོ་གཉིས་ཀ་ལས་བྱེད་པ་ཡིན་པས་ཚ་མོའང་རྫོང་མཁར་ནས་ནར་སོན་པ་ཡིན། དེ་བརྟེན་ཁོར་ཡུག་གི་ཤུགས་རྐྱེན་འོག་རྒྱ་ཡིག་དང་དབྱིན་ཡིག་ལ་སློབ་སྦྱོང་བྱས་པ་ལས། བོད་ཡིག་ནི་གསལ་བྱེད་དུ་ཡོད་ཀྱང་མི་ཤེས་པའི་ཚད་ཡིན། དགའ་འོས་བ་ཞིག་ལ་བོད་སྐད་ནི་སྨྲ་དག་པ་ཞིག་འཆད་ཐུབ། སྣང་ཚུལ་འདི་ང་ལ་མཚོན་ན་གློ་བུར་བ་ཞིག་མིན་ལ༑ རྒྱུ་མཚན་ནི་ང་རང་ཡང་གནས་བབས་དེ་འདྲ་རྒྱུད་མྱོང་པས་ཡིན།
ང་རང་བྱིས་པ་སྣབས་ལུག་གི་གྲོགས་པོ་རྣམས་དང་ལྷན་དུ་སློབ་ཆུང་གི་སྒོ་ཐེམ་བརྒལ་བའི་ཉིན་ནས་བཟུང༌། ལོ་འགའི་རིང་ལ་རྒྱ་བོད་ཀྱི་སྐད་ཡིག་ལ་བག་ཆགས་ཅུང་ཙམ་བཞག་མྱོང༌། རྒྱ་བོད་ཀྱི་སྐད་ཡིག་ཅེས་སྨྲས་ནའང༌། དོན་དམ་པར་ལོ་ལྔའི་རིང་ལ་རྒྱ་ཡིག་གཙོ་བོར་གཉེར་བ་མ་གཏོགས་སློབ་ཆུང་ནས་མཐར་ཕྱིན་དུས་བོད་ཡིག་ནི་ཚེགས་བརྡར་ལ་ཅུང་བྱང་བ་ཙམ་ཡིན།
སྤྱིར་ང་ཚོའི་ལུང་བ་ནི་རྒྱ་བོད་སོགས་མི་རིགས་འགའ་འདུས་སྡོད་བྱས་ཡོད་པའི་གྲོང་ཚོ་ཡིན། དེ་དག་ལས་མང་ཤོས་བོད་པ་དང༌། གོང་གཤོལ་གྱི་སློབ་ཆུང་བདུན་ལས་ཀྱང་བོད་ཀྱི་སློབ་མ་མང་བ་ཡིན། འོན་ཀྱང་ཀུན་གྱིས་གཉེར་བྱ་གཙོ་བོ་རྒྱ་ཡིག་ཡིན་པ་ལས་བོད་ཡིག་ནི་ས་བཅད་མ་སྟོང་ཙམ་རེད། ལྷག་པར་དུ་ང་ཚོའི་སློབ་གྲྭར་བོད་ཡིག་གི་དགེ་རྒན་གཅིག་ལས་མེད། འཛིན་གྲྭ་མང་བས་ང་ཚོ་ལ་གཟའ་འཁོར་གཅིག་གི་ནང་དུ་བོད་ཡིག་སློབ་ཚན་གཉིས་མ་གཏོགས་མེད། དེར་བརྟེན་ང་ཚོ་བོད་རིཊ་བྱིས་པ་ཚང་མས་ཀྱང་རྒྱ་རིགས་ཀྱི་སློབ་མ་དང་མཉམ་དུ་རྒྱ་ཡིག་ལ་སློབ་སྦྱོང་བྱས་པ་ཡིན། སློབ་སྐབས་དང་པོའི་ནང་རྒྱ་སྐད་མི་གོ་བས་རྐྱེན་གྱིས་སློབ་ཁྲིད་ཉན་པར་དགའ་རྒྱུ་མེད་མོད། དགེ་རྒན་གྱིས་རྡུང་རྡེག་ལ་སྐྲག་ནས་ཉན་ཁུལ་བྱས་ཏེ་བསྡད། རིམ་གྱིས་རྒྱ་སྐད་ད་མ་དིག་བཤད་པ་དང་བསྟུན་ནས་སློབ་ཁྲིད་ཀྱང་གོ་བ་ལེན་ཐུབ་ཙམ་བྱུང༌། སློབ་རིམ་གསུམ་པའི་སྐབས་སུ་གཞི་ནས་རྒྱའི་སློབ་མ་རྣམས་དང་སྦྱང་འབྲས་ལ་ཁྱད་པར་མེད་པ་ལྟར་གྱུར། དེ་ལྟར་རྒྱ་ཡིག་གི་སྦྱང་འབྲས་ལོ་རེ་བཞིན་ཕྱིར་མངོན་རྒྱུ་ཡོད་ལ། བོད་ཡིག་ནི་དེབ་དང་པོའང་ཚར་མི་འདུག ཕ་མ་གཉིས་ཀྱི་མི་ལེགས་པར་མཐོང་ནས་ནངས་དགོང་གི་དུས་ཚོད་བེད་སྤྱད་ནས་བོད་ཡིག་ཟུར་ཁྲིད་མཛད་པ་ཡིན། ཡིན་ནའང༌། ལས་བྱ་མང་བས་རང་ཁྱིམ་ནས་ཀྱང་བོད་ཡིག་སྦྱང་བའི་ཁོམ་པ་ཆེར་མི་ལྡན།
འཇིག་རྟེན་ནི་འགྱུར་བའི་རང་བཞིན་ཅན་དང༌། ཡོད་ཚད་རང་གི་འདོད་པ་ལྟར་འགྲུབ་པའི་ངེས་པ་མེད། བྱིས་དུས་ཀྱི་ཕུགས་སེམས་གཅིག་པུ་ནི་ནར་སོན་ཚེ་རྩོམ་པ་པོ་ཞིག་བྱེད་འདོད་པ་ཡིན། འོན་ཀྱང་སློབ་ཆུང་ནས་མཐར་ཕྱིན་རྗེས་རྐྱེན་དབང་གིས་སློབ་གྲྭར་འགྲུམ་པའི་བསྐལ་བ་མ་བྱུང༌། དེ་རྗེས་རྒྱ་ཡིག་ནི་མི་བརྗེད་ཐབས་སུ་སྒྲུང་གཏམ་ལ་བལྟས་པ་ཡིན། ད་ནི་བོད་ཡིག་སྦྱང་བའི་ཁོམ་པ་རང་བཞིན་གྱིས་ལྡན་བྱུང༌། ལོ་རྒྱུས་ལྟ་རྒྱུར་དགའ་བའི་ཕ་རྒན་གྱི་ངག་སྒྲོས་ལས་རང་རིགས་ཀྱི་སྔོན་བྱུང་གནས་ཚུལ་ལ་རྒྱུས་ཡོད་པ་དང་བསྟུན་ནས་བོད་ཡིག་སྦྱང་བའི་མོས་པ་ཇེ་ཆེར་སོང༌།
མཐོ་ཞིང་བརྗིད་པའི་གངས་ཀྱི་ར་བས་བསྐོར་བའི་ཡུལ་ལྗོངས་འདིར། གྲང་རེག་གིས་ཡོད་ཚད་ཁྱུར་མིད་བྱེད་པའི་གནའ་དུས་ཀྱི་ལོ་ཟླའི་ནང༌། ཡབ་མེས་རྣམས་ཀྱིས་རང་གི་བློ་གྲོས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས། རང་བྱུང་ཁམས་ཀྱི་གནོད་པ་སྣ་ཚོགས་དང་གཅན་གཟན་གྱི་འཚེས་པ། ནད་དང་མུ་གེ སིལ་བུར་གནས་པའི་རྒྱལ་ཕྲན་རྣམས་ཀྱི་འཐབ་འཛིངས་ཁྲོད་ཐབས་བརྒྱ་ཇུས་སྟོང་གིས་འཚོ་ཐབས་ལ་འབད་པའི་དུས་ཤིག་ན། ལྷ་རི་གྱང་ཐོའི་ཡང་རྩེ་ལ་ལྷ་ལས་བབས་པའི་དཔའ་རྒོད་ཞིག་གཟི་བརྗིད་ཀྱིས་བྱོན་པ་དང༌། དཔའ་འཛངས་རྟུལ་ཕོད་ལྡན་པའི་ཟིལ་ཤུགས་ཀྱིས་ཕྱོགས་བཞིའི་རྒྱལ་ཕྲན་མཐའ་དག་གཅིག་ཏུ་བསྡུས་ཤིང༌། སྔོན་ཐོན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར། མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་དང་ཡི་གེའང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་གོང་ནས་གོང་དུ་འཕེལ་བ་དང༌། ཐུན་དང་ཐུན་མིན་གྱི་ཤེས་རིག་གཞན་ལ་ངོམ་ཆོག་པ་འདི་དག་བྱུང༌། ལྷ་ལས་བབས་པའི་གདུང་རབས་རྣམས་ཀྱིས་སྐད་ཡིག་འདི་ལ་བརྟེན་ནས་འཛམ་གླིང་གི་ཡང་རྩེ་ནས་སྲིད་དབང་སྒྱུར་བ་དང༌། ཉེ་འཁོར་གྱི་རྒྱལ་ཁབ་དག་དང་འབྲེལ་ཚུགས་པ་དང་བསྟུན་ནས་བོད་ཀྱི་སྐད་དང་ཡི་གེའང་ཡུལ་གྲུའི་དགག་རྒྱ་ལས་ཐར་ཏེ་རྒྱལ་ཁབ་དུ་མ་ན་སྤྱོད་པའི་ཡིག་རིགས་སུ་གྱུར།
དེ་འདྲའི་གཟི་བརྗིད་ལྡན་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་དྲན་ཐེངས་རེར། ང་ལ་སྔར་བྱུང་མ་མྱོང་བའི་སྟོབས་ཤུགས་དང་ལ་རྒྱ་ཞིག་ངང་གིས་སྐྱེས་འོང༌། སྟོབས་ཤུགས་དང་ལ་རྒྱ་དེ་ནི་བསྐུལ་ལྕག་གཅིག་དང་འདྲ་བར་ང་རང་སློབ་སྦྱོང་དང་རང་མི་རིགས་ལ་ཤ་ཞེན་ཆེ་བའི་ཕྱོགས་སུ་འདེད།
ད་སྐབས་ང་ནི་འཇོན་ཐང་ཅི་ཡང་མེད་པའི་མི་དཀྱུས་མ་ཞིག་ཡིག་ནའང༌། འོན་ཀྱང་ང་ལ་ཕངས་སེམས་ནམ་ཡང་སྐྱེས་མ་མྱོང༌། རང་གི་ཕ་སྐད་མི་ཤེས་པའི་གནས་ཚུལ་དེ་ངའི་སྟེང་ནས་གཏན་དུ་བྲལ་བ་ཡིན་མོད། ངའི་ཚ་མོ་དང་འདྲ་བའི་བྱིས་པ་མང་པོ་ཞིག་གི་སྟེང་ནས་སྐྱར་དུ་བྱུང་བ་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད། དེང་གི་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་བོད་ཡིག་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་ཅུང་དོག་ནའང༌། ཤེས་རིག་གི་ནོར་བུ་འཚོལ་བ་དང་བྱིས་དུས་ཀྱི་རྨི་ལམ་དེ་འགྲུབ་ཆེད། ཇི་སྲིད་ཀྱི་བར་དུ་ཁོར་ཡུག་འདི་ནས་ང་རང་སྤྲོ་སེམས་ཀྱིས་འཚོ་འདོད།།
- ཟིན་ཐོ་གོང་མ།ཇོ་མོ་གླང་མ།
- ཟིན་ཐོ་འོག་མ།ཁེར་རྐྱང་གི་ཟླ་བ།
མཁྱེན་ཡངས་མཁར་ནག་པ་ལགས་སུ་ཞུ་རྒྱུ་ཞིག་ལ། གལ་སྲིད་ཐུགས་བདེ་བྱུང་ན་ཁྱེད་ཀྱི་མྱུར་འཕྲིན་ཁ་བྱང་ཞིག་དྲ་ངོས་འདི་རུ་འཇོག་རོགས།
ཟིན་གྲོགས་ལགས་འདི་ནི་ངའི་གློག་རྡུལ་ཡིག་སྒྲོམ་ཞིག་ཡིན་པས། བཀའ་གསུང་ཡོད་ཚེ་འདི་རུ་གནང་ཆོག 1144232616@qq.com