ཇོ་ མོ་ གླང་ མ་ ལགས།།
མཁར་ནག་སྐལ་བཟང་རྒྱ་མཚོ།།
སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་ཅིང་འབྱུང་བཞིའི་འཕོ་འགྱུར་ལ་བརྟེན་ནས།
མཆོང་སྟབས་གཅིག་གིས།
ཁྱེད་རང་འཛམ་གླིང་གི་ཡང་རྩེར་སོན།
སྲ་བརྟན་གྱི་ལང་ཚོ་རྒྱས་ཤིང་རབ་དཀར་གྱི་བཞིན་མདངས་བཀྲ་བཞིན།
གཟི་བརྗིད་གཅིག་གིས།
ཁྱེད་ཀྱིས་འཛམ་གླིང་ལ་ཟིལ་ཤུགས་ངོམ།
ལ་རྒྱ་དང་གཟི་བརྗིད་ཀྱི་བདག་ཉིད་དེ།
ཇོ་མོ་གླང་མ་ལགས།
ཁྱེད་ནི་འཛམ་གླིང་གི་ཆེས་གཞོན་པའི་ས་འཛིན་ཡིན་ལ།
ཆེས་མཚན་སྙན་འབར་བའི་རི་དབང་ཡང་ཡིན།
ཁྱེད་ཉིད་འཚར་ལོང་བྱུང་བའི་དུས་སྐབས་སུ་འབྱུང་ལྔའི་གནོད་རྐྱེན་ཐེབས་མྱོང་ལ།
ལང་ཚོ་ལ་རྐྱེན་ངན་གྱིས་རྨ་ཁ་ཡང་བཟོས་མྱོང༌།
ཡིན་ན་ཡང་།
ད་ལྟ་ཁྱེད་ཀྱིས་ཉི་ཟླ་སྐར་ཚོགས་ཀྱི་རྒྱན་ཆ་སྤྲས་ཏེ།
གོ་ལའི་ཡང་རྩེ་ནས་བརྗིད་ཉམས་ཀྱིས་འགྱིང་དུས།
དགུང་དུ་བསྙེགས་པའི་དབུ་རྩེ་ནམ་ཡང་སྨད་མི་སྲིད་ལ།
སྲ་ཞིང་བརྟན་པའི་ལང་ཚོ་ནམ་ཡང་ཉམས་མི་སྲིད།
ཁྱེད་ནི་གངས་སེང་གི་ཕ་ཡུལ་ཏེ།
དཀར་གསལ་གྱི་བཞིན་ལ་འགྱུར་བ་མེད།
ཁྱེད་ནི་མཐོ་སྒང་གི་གནས་མཆོག་སྟེ།
སྲིད་འབྱོར་གྱི་གཙང་རྒྱུན་ཁྱེད་ལས་འབབ།
ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་དང་གངས་ལྗོངས་ཀྱི་ལ་རྒྱ་སྟེ།
བསིལ་ལྗོངས་ཀྱི་འཕོ་འགྱུར་ཁྱེད་ལས་གསལ་ཞིང་དབུ་འཕང་གི་བ་དན་ཁྱེད་ལས་རྟོཊ།
ཇོ་མོ་གླང་མ་ལགས།
ཁྱེད་ནི་གཟི་བརྗིད་དང་ལ་རྒྱའི་བདག་ཉིད་དེ།
ཇི་སྲིད་ཀྱི་བར་དུ།
འཛམ་གླིང་གི་ཆེས་མཐོ་ས་ནས་བརྗིད་ཉམས་ཀྱིས་འགྱིང་ཆོག་པ་ནི།
ཁྱེད་དང་ཁྱེད་ལ་དབང་བའི་ཐུ་བྷོད་ཀྱི་མི་རིགས་ཡིན་
- ཟིན་ཐོ་གོང་མ།ངན་མཚང་འབྱིན་པའི་ང་རོ།
- ཟིན་ཐོ་འོག་མ།སྤྲོ་སྣང་གིས་ཁེངས་པའི་སེམས་པ།