སྙིང་གཏམ་མུ་ཏིག་དོ་ཤལ།
མཁར་ནག་སྐལ་བཟང་རྒྱ་མཚོ།
མཁས་འདོད་གང་ཞིག་ཤེས་བྱའི་མཚོ་ལས་ལྔ་རིག་རིན་ཆེན་ལེན་བསམ་ཚེ།།
ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་མཆོག་འཇམ་མགོན་ཟུར་ཕུད་ལྔ་བའི་སྐུ།།
སྐུ་མདོག་མ་ངེས་རིགས་བརྒྱའི་ཁྱབ་བདག་སྤྱི་བོའི་རྒྱན་དུ་ལེགས་བསྟེན་ན།།
ན་ཚོད་གཞོན་ཡང་མཁས་པའི་གོ་འཕང་ཚེགས་མེད་ཐོབ་ལ་སོམ་ཉི་བྲལ།།
གང་དེར་དུས་འདིར་དལ་བརྒྱད་འབྱོར་བཅུ་མཆོག་གི་ལུས་རྟེན་ལྡན་པ་འམ།།
སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་རེ་ཞིག་ཡོངས་སུ་རྫོགས་པའི་དུས།།
ལྔ་རིག་གནས་ལ་སྦྱང་བ་སྤངས་ནས་འདུ་འཛིའི་ལས་ལ་གཡེང་གྱུར་ན།།
དུད་འགྲོ་དག་དང་ཁྱད་པར་མ་མཆིས་སྲིད་འདིར་འཚོ་ཡང་མི་དོད་ཙམ།།
དེ་ཕྱིར་ལོ་ན་གཞོན་པའི་དུས་ནས་མཁས་པར་འདོད་པའི་ཕུགས་འདུན་བསྐྱེད།།
ཤེས་བྱའི་གནས་ཀུན་ཆེས་ཆེར་དར་བ་རིག་གནས་སྦྱང་བའི་གོ་སྐབས་བཟང་།།
དམ་པོར་ཟུངས་ལ་སློབ་གྲྭར་འགྲིམས་ཤིང་ཡོན་ཏན་ཀུན་གྱི་རྨང་གཞི་ཚུགས།།
ཆུ་ཐིགས་བསགས་པའི་རྒྱ་མཚོ་ཇི་བཞིན་མཁས་པའི་རྒྱལ་སྲིད་ཡུན་གྱིས་ཟིན།།
དབྱར་གསུམ་མེ་ཟླུམ་ཚ་བའི་ཟེར་དང་དྲག་ཆར་སོགས་ཀྱིས་བགྲོད་ལམ་འགོག།
དགུན་དུས་ཁ་བའི་མེ་ཏོག་དང་བཅས་གྲང་རེག་ལྷགས་པ་སྤུ་གྲི་བཞིན།།
རང་གི་ལུས་ལ་འཚེས་པའི་རྐྱེན་ངན་འབྱུང་བཞིའི་བར་ཆད་རྒོད་ན་ཡང་།།
གཏན་གྱི་ཕུག་འདུན་ཡལ་བར་མ་འདོར་བཟོད་པའི་གོ་ཆ་དང་དུ་ལོངས།།
རིག་བརྒྱའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་སྐྱེས་ཐོབ་ཤེས་རབ་ལྡན་དགོས་མོད།།
གུས་རྟག་བརྩོན་པའི་བདག་རྐྱེན་བྲལ་ན་ཕུགས་སུ་འགྲོ་བའི་ནུས་པ་ཕྲ།།
ཇི་སྲིད་དབྱུག་གུས་བསྐུལ་བ་བྲལ་ན་དེ་སྲིད་རྔ་སྒྲ་མི་འབྱུང་བཞིན།།
བརྩོན་པ་དྲག་པོའི་ཆུ་རྒྱུན་བྲལ་ན་ཡོན་ཏན་ཆུ་གཏེར་འཕེལ་ནུས་མིན།།
ན་ཀྲའི་གྲོང་དུ་སྲིད་པའི་གཏེར་མཛོད་ནོར་བུ་རིན་ཆེན་ལྷུན་གྲུབ་ཀྱང་།།
སྒྲོལ་བྱེད་སྒྱུར་མཁས་མཉན་པ་བྲལ་ན་ཡངས་པའི་མཚོ་ལ་བགྲོད་མིན་བཞིན།།
བཤེས་གཉེན་མཆོག་གི་དམིགས་ཁྲིད་བྲལ་ན་ལྔ་རིག་ཡོན་ཏན་མི་ཐོབ་ཕྱིར།།
བསམ་སྦྱོར་བཟང་པོས་ལེགས་པོར་བསྟེན་ལ་ཞལ་གསུང་བདུད་རྩི་དང་དུ་ལོངས།།
ཁོར་ཡུག་དག་ལ་གཤིས་རྒྱུད་སྒྱུར་བའི་རང་བཞིན་ནུས་པ་ཆེར་ལྡན་ཕྱིར།།
རིག་གནས་དར་བའི་ཡུལ་ལ་དམིགས་ནས་མུན་མོས་གཞིས་ཀ་ལན་གསུམ་སྤར།། *
དེ་བཞིན་རྨོངས་པའི་གནས་ངན་སྤངས་ན་ཡོན་ཏན་སྦྱང་བའི་མཐུན་རྐྱེན་འཛོམས།།
གནས་ལྔ་རྒྱས་པའི་ཡུལ་མཆོག་བསྟེན་ན་རིག་པའི་ཟླ་གཞོན་ངང་གིས་འཕེལ།།
གངས་དཀར་གཤོག་པ་མཁའ་མཐར་བསྐྱངས་པ་འཛམ་གླིང་ས་ཡི་ཐིག་ལེ་འདིར།།
ཐུན་དང་ཐུན་མིན་རིག་པའི་གནས་ཀུན་རྫོགས་ལྡན་དུས་ནས་དར་ན་ཡང་།།
ཕལ་དང་ཕལ་བའི་སྦྱང་བྱར་མ་གྱུར་ཐ་དག་འཇུག་པའི་སྐལ་དབེན་ཕྱིར།།
དེ་དུས་ངུར་སྨྲིག་རྒྱལ་མཚན་འཛིན་ལས་གཞན་དུ་ཤེས་ལྡན་རེ་འགའ་ཙམ།།
དེང་གི་དུས་འདིར་མ་སྨད་སྲིད་ཇུས་དབྱར་སྐྱེས་མགྲོན་པོའི་གདངས་དབྱངས་སྙན།།
ཕན་བདེ་སྦྲང་ཆར་ཟིལ་ཟིལ་བབས་ཏེ་ལྔ་རིག་མེ་ཏོག་ཆེས་ཆེར་རྒྱས།།
སྲིད་འབྱོར་རིག་གསུམ་བསུང་ཞིམ་དྲི་མཆོག་ཕྱོགས་ཀྱི་བུ་མོའི་ཁྱོན་ན་ལྡང་།།
ར་ཡིག་གཉིས་པའི་ཐུན་མོང་སྤྱོད་ཡུལ་དགེ་མཚན་འབར་བའི་དཔལ་འདི་བསྔགས།།
དེ་ལྟ་ན་ཡང་ནོར་ལུག་ཁྱུ་ཡིས་རི་ལུང་ཁྱབ་པ་ཕྱུགས་ཀྱི་ས།།
རང་རློམ་ཆེ་བ་འབྲོག་པའི་ཁྱིམ་དུ་རྙིང་ཞེན་རྨོངས་པའི་དྲ་རྒྱ་དམ།།
སློབ་གླིང་འགྲིམས་པ་བཙན་གྱིས་བཤོལ་ན་རིགས་བཟང་ཕ་རྒོད་བུ་རུ་སེམས།།
ཚུལ་འདིར་བསམ་ན་ཁོ་བོ་ཅག་ལ་ཡིད་ཁམས་འཇགས་པའི་བསྐལ་བ་དབེན།།
གླིང་ཆེན་ལྔ་ཡི་གོ་ལའི་ཁྱོན་ན་དཔལ་འབྱོར་མཚོ་མོ་དགུང་དུ་རྩེན།།
ཚན་རྩལ་དར་བས་དྲིད་འབྱོར་རིག་གསུམ་གོང་ནས་གོང་དུ་འཕེལ་བའི་དཔལ།།
ཉི་ཟླའི་འགྲོས་ཀྱིས་མཚོན་པར་མི་ནུས་སྐད་ཅིག་སྐད་ཅིག་ངང་ལའང་འགྱུར།།
འོལ་སྐོལ་ཀུན་གྱིས་དེ་དག་མ་མཐོང་ད་དུང་བག་ཡངས་གནས་འདིས་སྐྱོ།།
དེ་ཕྱིར་དུས་ཀྱི་འོས་འགན་ཁག་པོ་ཕྲག་ཏུ་བབས་སོ་གཞོན་ནུའི་ཚོགས།།
གང་གི་རིན་ཐང་གཞལ་དུ་མེད་པ་དུས་ཀྱི་སྐར་ཆ་ཕྲན་ཙམ་ཡང་།།
ཕྱི་ཕྱིར་སླར་ལྡོག་མེད་པར་སོམས་ལ་རིག་པའི་གནས་ལ་བརྩོན་པ་བསྟེན།།
རིང་དུ་མི་འགྱང་ཤེས་རིག་བང་མཛོད་ནོར་བུས་གཏམས་ལ་ཐེ་ཚོམ་བྲལ།།
སྐྱེས་ཐོབ་ཤེས་རབ་མཆོག་ཅིག་ལྡན་ན་ཡོན་ཏན་ལེན་པའི་སྐལ་བ་བཟང་།།
གུས་རྟག་བརྩོན་པའི་འཁར་བར་བརྟེན་ན་མཁས་པའི་ཡང་རྩེར་ངང་གིས་སླེབས།།
ཀུན་ལ་སྨན་པའི་དོན་ཆེན་སྒྲུབ་ན་རིག་པའི་དགའ་མ་ཉེ་བར་མཁོ།།
སྐད་ཅིག་ཙམ་ཡང་ཆུད་ཟོས་མ་གཏོང་སློབ་སྦྱོང་ལས་ལ་སྤྲོ་བར་མཛོད།།
དེ་སྐད་སྙན་ཚིག་སྲད་བུར་བརྒྱུས་པའི་སྙིང་གཏམ་མུ་ཏིག་དོ་ཤལ་ཕྲེང་།།
གངས་ཕྲུག་གཞོན་ནུའི་ཚོགས་ལ་ཕུལ་ལོ་དགྱེས་པས་བཞེས་ལ་རྒྱན་དུ་ལོངས།།
ནམ་ཞིག་གངས་ལྗོངས་རྨོངས་ཞེན་མུན་སྟུག་དྲུང་ནས་འབྱིན་པའི་རྟ་བདུན་དབང་།།
ཁྱེད་ཅག་ཡིན་ཕྱིར་ཕུགས་འདུན་སོམས་ལ་དེང་གི་དུས་བཟང་དོན་ཡོད་མཛོད།།
*རྒྱའི་གནའ་རབས་ཀྱི་མཁས་པ་གྲགས་ཆེན་མུན་ཙུ(孟子)སྐུ་ན་གཞོན་དུས། ཁོང་གི་མ་ཡུམ་གྱིས་བུ་ཕྲུག་གི་སློབ་སྦྱོང་བྱེད་སའི་རིག་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་ཁྱིམ་གཞིས་ལན་གསུམ་ལ་སྤར་ཞེས་པའི་གཏམ་རྒྱུད་ལ་སྦྱར་བ་ཡིན།
- ཟིན་ཐོ་གོང་མ།གཞོན་ནུའི་དགའ་སྟོན།
- ཟིན་ཐོ་འོག་མ།སྟོན་ཁ།