ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼ ༣༽ | 2011/5/21 21:01:00

མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ་བདེན་པར་སྨྲ་བའི་གཏམ་གཟུར་གནས་དགྱེས་པའི་མཆོད་སྤྲིན། 

                              མཁར་ནག་སྐལ་བཟང་རྒྱ་མཚོ།

སྔ་མའི་འཕྲོ་མཐུད།

ཡང་ཁོ་ན་རེ།  བོན་པོའི་བླ་མ་དང་གྲྭ་བ་འགའ་རེས་ནང་བསྟན་ལ་སློབ་སྦྱོང་བྱེད་པ་དང༌།  ཁྱད་པར་དུ་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱེད་བཞིན་ཡོད་ནའང༌།  དེ་ནི་ཁོ་རང་གཅིག་པུའི་དོན་དག་ཡིན་པ་ལས།  གྲུབ་མཐའ་དེ་གའི་ངོ་བོ་མཚོན་མི་ཐུབ།”   ཞེས་ནང་བསྟན་དང་ལྷག་པར་དུ་རྫོགས་པ་ཆེན་པོ་ནི་ཁོ་རང་གྲུབ་མཐའ་གཅིག་པུའི་ཡིན་པ་ལྟར་བདག་འཛིན་ཆེན་པོས་སྒེར་བཟུང་བྱས་པ་ནི་ངོ་མ་དགོད་བྲོ་བ་ཞིག་ཡིན།  གོང་ནས་གསལ་བ་ལྟར་གཡུང་དྲུང་གི་བོན་ནང་བ་སངས་རྒྱས་པའི་བསྟན་པ་ཡིན་པས།  དེང་སྐབས་ཀྱིས་བོན་པོ་ཡིན་ན་ནང་བསྟན་པ་ཡིན་པས་ཁྱབ་ལ།  དེ་ལ་འགའ་རེས་ཞེས་པའི་ཚིག་འདིའི་གཅོད་བྱའི་བོན་པོའི་བླ་མ་དང་གྲྭ་བ་ལས་ནང་བསྟན་ལ་སློབ་སྦྱོང་མི་བྱེད་པ་བོད་ཀྱི་ས་ཆ་གང་ན་ཡོད་པ་གསལ་བར་བཤད་དགོས་པས།  དེ་ལ་ལན་ཞིག་ཡོད་པར་རེ་སྒུག་ཆེན་པོ་ཡོད།  རྫོགས་ཆེན་ནི་བཀའ་རྙིང་བའི་སྒེར་ཆོས་ལྟ་བུ་མ་ཡིན་པར་གཡུང་དྲུང་གི་བོན་རང་ལུགས་ལ་སྟོན་པ་ཀུན་ཏུ་བཟང་པོ་ནས་བརྒྱུད་ཡོང་བའི་རྫོགས་པ་ཆེན་པོའི་གཞུང་ལུགས་མང་དུ་སྟོན་རྒྱུ་ཡོད།  ད་དུང་གྲུབ་མཐའ་གཞན་ལའང་རྫོགས་ཆེན་གྱི་ལྟ་བ་ཡོད་པ་མཁས་དབང་ནམ་མཁའི་ནོར་བུས་གསུང་ཡོད།  ལྷག་པར་དུ་ཕྱོགས་དང་རིས་སུ་བཅད་ན་རྫོགས་པ་ཆེན་པོར་མི་འགྱུར་བས། བོན་ལུགས་སུ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས།  ཐུགས་རྗེ་ཕྱོགས་དང་རིས་མེད་པའི། སྤྱོད་པ་བླང་དོར་མེད་པའོ།།ཞེས་དང་།  རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་ཐེག་འགྲེལ་དུ་ཁྱབ་པ་སྣང་ལྡན་གྱི་ཐེག་པའི་རབ་དབྱེའི་ལུང་དྲངས་པ་འདི་ལྟར།  རྫོགས་པ་ཆེན་པོ་ནི་ཕྱོགས་རིས་མེད་པའི་སྒོ་ནས་འཇུག་གོ།  ཞེས་དང་བན་ལུགས་སུ་ནམ་མཁའི་ནོར་བུས།  “རྫོགས་པ་ཆེན་པོ་ནི་གཞི་ལམ་འབྲས་གསུམ་གང་གི་ཆ་ནས་ཀྱང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བ།  སྐྱེ་འགྲོ་ཐམས་ཅད་ཀྱི་ཡང་དག་པའི་ལམ་གྱི་མཐར་ཐུག་ཡིན་སྟབས།  དེ་ལ་ཕྱོགས་དང་རིས་སུ་བཅད་པ་ཡིན་ན་རྫོགས་ཆེན་མ་ཡིན་པ་དེ་ག་རང་ནས་ཐག་ཆོད་ཀྱི་ཡོད་པ་རེད།  ཞེས་གསུངས་པས།  དེ་ནི་བཀའ་རྙིང་བའི་རྫོགས་ཆེན་གྱི་སྐྱེས་བུ་ཆེན་པོས་གསུང་བ་ཡིན་ལ་བོན་ལུགས་དང་མཐུན་པས་དེ་ལྟར་ཁས་ལེན་མིན་ཁྱོད་རང་གིས་བསམ་བློ་ཐོངས། 

གཡུང་དྲུང་གི་བོན་དང་དམ་པའི་ཆོས་གཉིས་གྲུབ་མཐའ་གཅིག་ཏུ་ངེས་ཚུལ་ལ་བོན་སྟོན་དྲན་པ་ནམ་མཁས། གྲུབ་མཐའ་མཆོག་དང་མཆོག་དམན་གཉིས། །དཀར་ནག་དགེ་སྡིག་མུན་ལྟར་སྣང་། །དོན་དུ་གཤེན་རབ་ཆོས་དང་སྐུ་གཤེན་གསུམ། །བསྒྲུབ་ཕྱོགས་སོ་སོར་སྣང་མོད་ཀྱང་། །ཐིག་ལེ་སེམས་སུ་བསྒྲུབ་ན་གྲུབ་མཐའ་གཅིག   ཅེས་དང་བན་ལུགས་ལའང་། བཀའ་རྙིང་མ་བའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས།  བོན་ནང་བ་རྣམས་ནི་ཆོས་ལུགས་དང་མཐུན་པས་རང་མལ་དུ་བཞག་མཛོད། ལོག་བོན་འདི་རྣམས་ནི་མུ་སྟེགས་པ་ལས་ཀྱང་དམན་པས་བསད་ན་མི་ཉན་ས་མཐར་སྤྱུགས་ཤིག་གསུང་།  ཞེས་བོན་ནང་བ་དམ་པའི་ཆོས་དང་མཐུན་པ་ཁས་བླངས་ཡོད་པ་དང་།  དེ་བཞིན་དུ་འཇུ་མི་ཕམ་དང༌།  སྡེ་སྲིད་སངས་རྒྱམ།  ལྔ་བ་ཆེན་མོ།  སྤྱན་སྔ་བ་སོགས་ཀྱིས་ཀྱང་དངོས་ཤུགས་གང་རུང་ནས་ཁས་བླངས་ཟིན་ལ།  ད་ལྟ་ཡང་རང་རྒྱལ་གྱི་ས་ཆ་ཀུན་ཏུ་གཡུང་དྲུང་གི་བོན་འདི་ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁོངས་གཏོགས་ཡིན་པ་ཐག་བཅད་ནས།   བོན་པོའི་བླ་མ་དག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སུ་བསྐོས་པས་ཀྱང་རྟོགས་ཐུབ་བོ།  །དེ་དག་ནི་ཡང་དག་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ལྟར་བྱས་པ་ཡིན་པ་ལས།  ཕྱི་ནང་གང་ཡིན་གྱི་དོན་མ་གོ་ནས་བླུན་པོར་ལྟར་འོལ་ཚོད་ཀྱིས་བྱས་པ་ག་ལ་ཡིན།  དེ་ན་གཡུང་དྲུང་གི་བོན་རིན་པོ་ཆེ་ནང་བ་ཡིན་པ་སྒྲུབ་ཚར་རྗེས་མཐར་ཐུག་གི་འབྲས་བུ་ཡོད་པའང་གོང་གི་འབྲས་བུའི་སྐབས་སུ་གསལ་བས་ཤེས་ཐུབ་ཅིང༌།  ད་དུང་གོང་གི།  “སྐྱབས་འགྲོའི་འབྲས་བུ་བླ་མེད་བྱང་ཆུབ་ཡིན།།  ཞེས་ཚིག་འདིས་ཐེག་ཆེན་སྐྱབས་འགྲོའི་འབྲས་བུ་ནི་མངོན་མཐོ་དང་ཐར་བ་ཙམ་དུ་མ་ཟད་མཐར་ཐུག་གི་ཐར་བ་ཆེན་པོ་བླ་ན་མེད་པ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པ་བསྟན་ཡོད་པས།   དེས་ན་མཁན་པོ་ཁོས་སྨྲས་པའི།   ཁོ་ཚོས་བཤད་པའི་རང་ལུགས་ཀྱི་ཐར་བ་ཞིག་འཐོབ་རྒྱུ་ཡོད་སྲིད་ཀྱང་།  འོན་ཀྱང་ནང་བསྟན་གྱིས་བཤད་པའི་མཐར་ཐུག་གི་ཐར་བ་ཆེན་པོ་འཐོབ་རྒྱུ་གཏན་ནས་ཡོད་མི་སྲིད།  ཅེས་པའི་ལོག་ཚིག་འདི་ཡང་རང་བཞིན་གྱིས་འགོག་ཐུབ་བོ།།   

  ཞེས་པ་འདི་ནི་བོན་དང་བན་ལུགས་གཉིས་ཀའི་དགོངས་དོན་འཁྲུལ་མེད་ལྟར་བྲིས་པ་ཡིན་པས།  ཕྱོགས་ཞེན་དང་ལོག་རྟོག་གི་རྒྱ་ལས་ཐར་བའི་གཟུ་བོར་གནས་པ་དག་ལ་འདི་ཙམ་གྱིས་ཀྱང་ངེས་ཤེས་འདྲེན་སྲིད་ལ།  དེ་ལས་ལྡོག་ཏེ་ཕྱོགས་འཛིན་དང་ལོག་ལྟས་རང་རྒྱུད་བརླན་པ་དག་ལ་སངས་རྒྱས་དངོས་སུ་བྱོན་ནས་བོན་གསུངས་ཀྱང་མི་ཕན་པས།  རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ། 

སླད་མར་མཁན་པོ་ཁོ་རང་ལ་ཞུ་རྒྱུ་ཞིག་ལ།  གཡུང་དྲུང་བོན་འདི་ནང་བ་མིན་པའི་ལྟ་བ་འདི་རྒྱ་ནག་གི་ཡུལ་དུ་ཁྱེད་ཀྱིས་བསྒྲགས་ཟིན་པས།  དེབ་དེ་མཐོང་བའི་རྒྱ་མི་དག་གི་རྒྱུད་ལ་བག་ཆགས་ངན་པ་ཞིག་བཞག་ཚར་བས།  རྒྱུ་ངན་པ་སྔོན་དུ་སོང་ན་འབྲས་བུ་ཡིད་དུ་མི་འོང་བ་རྗེས་ནས་སྨིན་ངེས་པ་ནང་བའི་སྤྱི་ལུགས་ཡིན་པས།  དེ་ལ་ཅི་ལྟར་འགྱོད་བཤགས་དང་དཀར་འདོན་བྱེད་རྒྱུར་བསམ་བློ་གཏོང་རན་འདུག  ད་དུང་མུ་མཐུད་དུ་ལྟ་བ་དེ་རྒྱུད་འཛིན་བྱེད་ན།  བོན་པོའི་དགེ་བའི་བཤེས་གཉེན་རྣམས་ཁྱེད་རང་ལ་བགྲོ་གླེང་བྱེད་པར་དགའ་སྤྲོ་ཆེན་པོ་ཡོད་པས།  ཁྱེད་ཉིད་གདན་འདྲེན་དུ་ཡོང་ཚེ་ངེས་པར་དུ་ཕེབས་གནངས་ཡོད་པར་ཞུ། 

ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོའམ་རྒྱལ་སྲས་གཞན་ཕན་རྒྱ་མཚོས་ལུང་དོན་ཕྲན་ཙམ་དྲངས་ནས་བདེན་པའི་གཏམ་དུ་སྨྲས་པའོ། 

༢༠༡༠ལོའི་དཔྱོད་ལྡན་མཆོད་པའི་མེ་ཏོག་སྟེང་དུ་སྤེལ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.