ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༢༽  | 2011/5/21 20:40:00

མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ་བདེན་པར་སྨྲ་བའི་གཏམ་གཟུར་གནས་དགྱེས་པའི་མཆོད་སྤྲིན། 

                              མཁར་ནག་སྐལ་བཟང་རྒྱ་མཚོ།

སྔ་མའི་འཕྲོ་མཐུད།

གཉིས་པ་སྟོན་པ་ནི། གཡུང་དྲུང་བོན་ལུགས་ལ་སྟོན་པ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་སྤང་རྟོགས་མཐར་ཕྱིན་གྱི་རྫོགས་པའི་སངས་རྒྱས་ལ་འདོད་པས།   ཡང་ན་སྟོན་པ་ཞེས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། གྲོདྲུག་གམ་ཁམས་གསུམ་གྱི་སེམས་ཅན་ལ་དོན་སྣ་ཚོགས་མ་འགགས་པར་སྟོན་པས་ན་སྟོན་པའོ།།   ཞེས་བླ་ཆེན་དྲན་པས་གསུངས་སོ།།   བན་ལུགས་ཀྱིས་ཀྱང་འདི་ལྟར་འདོད་ལ་འདོད་ཀྱང་དགོས་ཏེ་འདི་ལས་ལྡོག་ན་ཕྱིན་ཅི་ལོག་པར་ཕྱོགས་པས་སོ།།

གསུམ་པ་ལྟ་བའི་ཁྱད་པར་ནི།  མདོ་འདུས་ལས། སྙིགས་མ་ལྔའི་སེམས་ཅན་གདུལ་དཀའ་ལོག་པ་མང་། །བདུད་དང་བདུད་ལ་ཕྱོགས་ཤིང་ལམ་ལ་གོལ་བ་མང་། །མཐའི་མུ་གེས་རྟག་ཆད་ཕྱལ་བར་གོལ། །ནང་པ་སངས་རྒྱས་ལམ་ལ་གོལ་པ་མེད། མུ་སྟེགས་རྟག་དང་ཆད་པའི་ཡོད་མེད་མཐའ། །ཡོད་ལ་མེད་པར་ལོག་འཁྲུལ་ཏེ། །མེད་ལ་ཡོད་པར་རྟག་པས་འཁྲུལ། །འཁྲུལ་པས་འཁྲུལ་པ་བསླུ་ཞིང་བསྒྲུབ། །འཁྲུལ་པས་ཡང་དག་དོན་མ་རྟོགས། །འཁྲུལ་པས་ཁམས་གསུམ་འཁོར་བ་གྲུབ། །མེད་པར་ལྟ་བའི་ཆད་ལྟ་བས། །ཤི་ནས་མེ་ཤི་ཐལ་བ་ལྟར། སྐྱེ་ཤི་ཚ་ནི་སྔ་ཕྱི་མེད། །མ་ཤི་བར་དུ་བདེ་བའི་ཕྱིར།  ཞེས་གསུངས་ཤིང་། ཡང་སུམ་བརྒྱ་བ་ལས། མུ་སྟེགས་རྟག་བདེན་གཅིག་པུར་གཙང་བར་འཛིན།  །སྟོན་པའི་དེ་ལྟར་མིན་གསུང་གཞན་དུ་བསྟན།།  ཞེས་དང༌།  གཤེན་སྟོན་རིན་པོ་ཆེས།  “ཕྱི་རོལ་མུ་སྟེགས་པས་རྟག་པ་བདེན་པ་གཙང་མར་གཅིག་པུ་འཛིན་ལ།  སྟོན་པ་གཤེན་རབ་ཀྱིས་འདི་ལྟར་མ་ཡིན་པར།  འདུས་བྱས་ཐམས་ཅད་མི་རྟག་པ་དང༌།  ཟག་པ་དང་བཅས་པ་སྡུག་བསྔལ་བ།  བོན་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌།  མྱ་ངན་ལས་འདས་པ་ཞི་ཞིང་བདེ་བའོ།  །ཞེས་གཞན་དུ་བསྟན་པས་བོན་ཆོས་གཉིས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ལ་ཁྱད་པར་མེད་པའོ།།ཞེས་གསུངས་སོ།།  བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཅིའི་ཕྱིར་དུ་གསུངས་བ་ལ། བོན་ལུགས་མུ་སྟེགས་ཚར་གཅོག་གཏན་ཚིགས་ཐིགས་འགྲེལ་ལས། སངས་རྒྱས་ཀྱིས་གདུལ་བྱ་རྗེས་སུ་བཟུང་བའི་དོན་དུ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གསུངས་ཏེ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །བོན་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་རྣམས་ནི་ཞི་ཞིང་བདེ་བའོ། །ཞེས་གསུངས། དེ་ཡང་ཚིག་དང་པོས་ནི་རྟག་པར་འཛིན་པ་བཟློག་ནས་མུ་སྟེགས་པས་མི་རྟག་པ་རྟོགས་པར་བྱ་བའི་དོན་དུ་གསུངས་སོ། །ཚིག་གཉིས་པས་ནི་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་མཚན་ཉིད་ཅན་དུ་རྟོགས་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་བསྐྱེད་པའི་དོན་དུའོ། །ཚིག་གསུམ་པས་ནི་འཁོར་བ་ཐམས་ཅད་ཀྱི་རྩ་བ་བདག་དུ་འཛིན་པ་བཟློག་ནས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པའི་དོན་དུའོ། །ཚིག་བཞི་བས་ནི་འཐོབ་བྱ་མྱ་ངན་ལས་འདས་པའི་བོན་བསྟན་ནས་ཐར་པ་ཐོབ་འདོད་ཀྱི་བློ་བསྐྱེུད་པའི་དོན་དུ་གསུངས་སོ། ཞེས་དང་ཡང་མེ་སྟོན་རིན་པོ་ཆེ་ནས།  “ལྟ་བ་སྤྲོས་པའི་མཐའ་དང་བྲལ་བ་ལ།  །རྟག་ཆད་ལ་སོགས་ཉེས་པའི་སྐྱོན་གྱིས་དབེན།།  ཞེས་ཕྱི་ནང་གི་ལྟ་བའི་ཁྱད་པ་གསལ་བོ་གསུངས་ཡོད། འདི་ནི་གཤེན་རབ་གཡུང་དྲུང་བོན་གྱི་སྤྱིའི་ལྟ་བ་ཡིན་ལ་གཞན་གསང་སྔགས་དང་རྫོགས་ཆེན་སོགས་ཐེག་པ་རེ་རེའི་ལྟ་བ་གཞན་དུ་གསལ་བས་མ་བྲིས་སོ།།  ཡང་མུ་སྟེགས་ཐེག་པའི་མཚན་ཉིད་ལ་བོན་ལུགས་སུ་རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས། རྟག་ཆད་གང་རུང་ལ་ཞེན་བློ་གང་ཞིག ཡང་དག་གི་ལྟ་བ་ལས་ཕྱིན་ཅི་ལོག་ཏུཕྱོགས་པས་ཁྱད་པར་དུབྱས་པ། དེ་མུསྟེགས་པའི་ཐེག་པའི་མཚན་ཉིད་དོ།།  ཞེས་གསུངས་སོ།

བཞི་བ་སྤྱོད་པའི་ཁྱད་པར་ནི། ནང་བ་གཤེན་རབ་པས་སྡིག་སྤང་དགེ་སྒྲུབ་ཀྱི་སྤྱོད་པ་བཟང་པོ་དང༌། སེམས་ཅན་གཞན་ལ་འཚེས་པ་སྤང་ཞིང་ཕན་པ་སྒྲུབ་པའི་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་ལ་སོགས་ཀུན་ཏུ་བཟང་བའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པའོ། དེ་བཞིན་དུ་བོན་ལུགས་མདོ་འདུས་ལས།  གཞི་ནི་སྙིང་རྗེ་ཆེན་པོ་ཚད་མེད་བཞི་ལ་ལོངས། །ལམ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད། སྒྲིབ་པ་གསུམ་སྦྱངས་སྐུ་གསུམ་རྫོགས་པའི་སར་གནས་སོ།  ཞེས་བསྟན་གཙོ་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་ཞལ་ནས་གསུངས་སོ།

ལྔ་བ་གྲུབ་པའི་འབྲས་བུ་ནི། ཕྱི་མདོ་ལུགས་སུ་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ལྷུན་གྲུབ་སྟེ་མཐར་ཕྱིན་པའི་འབྲས་བུ་ཡུང་དྲུང་ལྟབུ་ཡེ་ཤེས་འོད་ཆེན་གྱི་ས་ནོན་པའོ། ནང་གསང་སྔགས་ལུགས་ལ་འབྲས་བུའི་མཐར་ཐུག་བདེ་བར་གཤེགས་པའི་ས་བཅུ་གཉིས་ཐོབ། ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་འབྲས་བུ་ནི། ཐེག་འགྲེལ་ལས།   གྲུབ་པའི་འབྲས་བུ་ནི། བྱེར་མེད་གཡུང་དྲུང་ཐིག་ལེའི་ས་ཞེས་བྱསྟེདུལ་བྱའི་སྣང་བ་ལ་ས་ཐམས་ཅད་ཀྱི་ཡང་རྩེ་དེ་ནོན་པ་ཉིད་ཁོ་ནའོ།།ཞེས་འབྱེད་ཆོས་ལྔ་བོ་ཟུར་ཙམ་བསྟན་པས་གཟུ་བོར་གནས་པའི་བློ་ཡིས་དོན་ལ་སོམས་ཤིག།

མུ་འགོད།

Re:མཁན་པོ་ཚུལ་བློ་ལ་ཐོག་མར་ཕུལ་བ།༼༢༽ | 2012/2/24 14:24:25
བཀྲ་ཤིས(སྐུ་མགྲོན)ལོ་གསར་ལ་བཀྲ་ཤིས་བདེ་ལེགས
རྩོམ་པ་པོ།:བཀྲ་ཤིས(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.