མདོ་སྨད་ཀྱི་གྲུབ་ཆེན་དམ་པ་མཁར་ནག་བླ་རབས་ཀྱི་གསོལ་འདེབས་པདྨ་དཀར་པོའི་ཕྲེང་བ་བཞུགས་སོ།།
ན་མོ་གྱེར་སྤུངས་པྲཉྫ་ཚུལ་མི་ཡ།།
དང་པོའི་སངས་རྒྱས་ཉག་གཅིག་ཀུན་ཏུ་བཟང་།།
དོན་གཉིས་མཐར་ཕྱིན་ཤེས་རབ་སྨྲ་བའི་སེང་།།
སྡོམ་གསུམ་ཚུལ་ཁྲིམས་མཆོག་ལྡན་གྲུབ་པའི་དབང་།།
བཞི་རྫོགས་བཀའ་དྲིན་ཅན་ལ་གསོལ་བ་འདེབས།།
ལྔ་ཕྲག་ཤེས་བྱའི་ནམ་མཁའ་ཡངས་པ་ལ།།
གཞི་དྲུག་དབྱིངས་སུ་གྲུབ་པའི་ཤེས་རབ་རྩལ།།
རྟ་བདུན་གཟི་འོད་འཕྲོག་པའི་སྣང་བ་འབར།།
ས་བརྒྱད་འཕགས་པའི་བླ་མར་གསོལ་བ་འདེབས།།
གཡུང་དྲུང་ཐེག་དགུའི་རྩེ་མོ་མཐར་ཐུག་དོན།།
ཡེ་ཤེས་སྟོབས་བཅུ་མངའ་བའི་གསུངས་བཞིན་བསྒྲུབས།།
བཅུ་གཅིག་ཀུན་འོད་སར་གཤེགས་འགྲོ་བའི་མགོན།།
སྨྲ་དབང་བཅུ་གཉིས་བདག་པོར་གསོལ་བ་འདེབས།།
དཀོན་མཆོག་རིན་ཆེན་རྣམ་གསུམ་ཀུན་འདུས་དངོས།།
རྒྱལ་སྲས་དཔའ་བོའི་ཚུལ་ཁྲིམས་གསུམ་ལྡན་པ།།
སྐལ་བཟང་གདུལ་བྱ་རིགས་ཅན་གསུམ་གྱི་མགོན།།
སྒོ་གསུམ་མི་ཕྱེད་དད་པས་གསོལ་བ་འདེབས།།
ཕྱི་ཚུལ་བཙུན་པས་སྐལ་ལྡན་དྭངས་པ་འདྲེན།།
ནང་ཁྲིམས་སྡོམ་པ་གསུམ་ལྡན་བསྟན་པའི་བདག།
བློ་གྲོས་ཉི་འདོ་ཤེས་བྱ་ཀུན་ལ་ཁྱབ།།
ངེས་དོན་འགྱུར་མེད་རྩལ་ལ་གསོལ་བ་འདེབས།།
གསས་མཁར་རྫོང་བྲག་གཏམས་པའི་གཡུང་དྲུང་དབྱིངས།།
དབྱིངས་ཆེན་མི་འགྱུར་འབྱམས་ཡས་ནག་པོའི་དཔལ།།
དཔལ་ཆེན་ཚུལ་ཁྲིམས་གསུམ་གྱིས་འགྲོ་ཁམས་གདུལ།།
གདུལ་བྱ་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས།།
སྐལ་ལྡན་དགྱེས་པའི་ཤེས་རབ་ཕུལ་ཕྱིན་མཁས།།
བཟང་པོའི་སྤྱོད་པས་ཟབ་ལམ་ཉམས་བཞེས་བཙུན།།
རྒྱ་ཆེན་ཤེས་བྱ་ཀུནྡ་དཀར་པོའི་གཉེན།།
མཚོ་སྐྱེས་ཟླ་བ་གཞོན་ནུར་གསོལ་བ་འདེབས།།
ཐོས་བསམ་སྒོམ་པས་རང་གཞན་སྨིན་གྲོལ་མཛད།།
འཆད་རྩོད་རྩོམ་པས་བསྟན་པ་འཛིན་སྐྱོང་སྤེལ།།
ཕྲིན་ལས་རྣམ་བཞིས་གདུལ་དཀའི་འགྲོ་བ་བཏལ།།
སྐྱེ་རབ་པདྨའི་ཕྲེང་བར་གསོལ་བ་འདེབས།།
དེ་ལྟར་གསོལ་ཞིང་དད་པའི་དྲི་བཞོན་གྱིས།།
བརྩེ་ཆེན་མཁའ་ལས་བྱིན་རླབས་སྤྲིན་དཀར་གཡོ།།
མཆོག་ཐུན་དངོས་གྲུབ་གྲུ་ཆར་འཇོ་བ་ཡིས།།
བདག་རྒྱུད་བྱང་སེམས་མྱུ་གུ་སྨིན་པར་ཤོག།
བསྟན་འཛིན་སྐྱེས་མཆོག་རིམ་པར་བྱོན་རྣམས་ཀྱི།།
ཐུགས་ཀྱི་བཞེད་དོན་གེགས་མེད་ཡིད་བཞིན་གྲུབ།།
རྒྱལ་བའི་བསྟན་པ་སྲིད་མཐའི་བར་གནས་ཤིང་།།
འགྲོ་ལ་ཕན་བདེ་ཡུན་དུ་གནས་གྱུར་ཅིག།
མཐར་ཐུག་རིམ་གཉིས་ཟབ་མོ་མཐར་ཕྱིན་ཅིང་།།
རྫོགས་ཆེན་གཞི་དབྱིངས་ཀ་དག་དོན་རྟོགས་ནས།།
ལྷུན་གྲུབ་འོད་གསལ་གཉུག་མའི་རང་མདངས་ལ།།
མ་བཅོས་སྐུ་གསུམ་ངང་དུ་གྲོལ་བར་ཤོག།
ཅེས་པ་འདི་ཡང་མཁར་ནག་གྲུབ་པའི་དབང་པོའི་བླ་རབས་རིམ་བྱིན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པའི། མཁར་ནག་བསོད་ནམས་འབུམ་སོགས་ལས་ལྡན་འགས་བསྐུལ་ངོར། ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་སོ།། །།
- ཟིན་ཐོ་གོང་མ།གྲུབ་མཐའ་ཕྱི་ནང་གི་ཁྱད་པར།
- ཟིན་ཐོ་འོག་མ།མཛོད་ཕུག་གནས་དགུ་བའི་ཁ་སྐོང་ཚིག་འགའ།