གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ཅུང་ཙམ་གླེང་བ།
མཁར་ནག་སྐལ་བཟང་རྒྱ་མཚོ།།
དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བར་བརྟེན། རྩོམ་རིགས་འགྲེམས་སྤེལ་གྱི་ཐབས་ལམ་ཡང་ཤིན་ཏུ་མང་བས། རྩོམ་པ་པོ་དང་ཀློག་པ་པོ་ཀུན་ལ་ཧ་ཅང་སྟབས་བདེ་ཡིན་མོད། འོན་ཀྱང་སྟབས་བདེ་དྲག་པས་མཁས་མི་མཁས་ཀུན་གྱིས་རང་རང་ས་ནས་བརྩམས་ཆོས་མང་པོ་སྤེལ་བས། དེ་དག་ལས་བསམ་གཟས་པའམ་ཡང་ན་རང་གིས་མ་རྟོགས་པས་དབང་གིས་གཞན་དག་ལ་ཕོག་ཐུག་གཏོང་བའི་གཏམ་ཡང་མང་པོ་མཐོང་རྒྱུ་འདུག སྐབས་འདིར་རང་གིས་བརྗོད་པར་འདོད་པའི་གླེང་གཞི་ཞིག་ཅུང་ཙམ་གླེང་དགོས་པ་བྱུང་ཏེ། དེ་ཡང་བན་བོན་གྱི་གྲུབ་མཐའ་དང་བོད་ཀྱི་ལོ་རྒྱུས་སོགས་རྗོད་པའི་སྐབས་སུ་རྩོམ་པ་པོ་འགའ་ཤས་ཀྱིས་བོན་པོ་དང་སངས་རྒྱས་ཆོས་ལུགས་ཞེས། དེ་གཉིས་སོ་སོར་ཕྱེས་ནས་གཤེན་རབ་གཡུང་དྲུང་བོན་གྱི་གྲུབ་མཐའ་ནང་བ་སངས་རྒྱས་པའི་གྲལ་ནས་ཕུད་གྲབས་བྱས་འདུག ཕར་བལྟོས་ཚོད་ལ་དེ་དག་མཁས་པའི་ཉམས་ལྟར་སྣང་ཡང༌། དོན་དུ་བོན་དང་ཆོས་ཞེས་པའི་ཐ་སྙད་ཀྱི་གོ་དོན་མ་རྟོགས་པའམ་ཡང་ན་ཕྱོགས་ཞེན་གྱི་དབང་ གིས་དགེ་སྡིག་གི་སྤང་བླང་ལ་མ་འཛེམ་པ་རེད། སྤྱིར་བོན་ཞེས་པ་ཞང་ཞུང་སྐད་ཀྱི་གྱེར་གྱི་བརྡ་ལས་དྲངས་པ་ཡིན་ལ། ཐོག་མའི་གོ་དོན་ཡང་བཟླ་བའམ་འདོན་པའི་དོན་ཡིན། བོན་པོ་ཞེས་པ་སྔགས་ཟློ་མཁན་གྱི་གང་ཟག་ལ་གོ་དགོས་པས། སྤྱི་སྟེང་དུ་བོན་ཞེས་པ་དེང་སེང་གི་ཆོས་ལུགས་ཞེས་པ་དང་དོན་མཚུངས་ཕྱིར་བོན་པོ་ཐམས་ཅད་ནང་བ་ཡིན་པས་ཁྱད་པ་ མེད་ལ། གདོད་མའི་དུས་སུ་ལྷ་བོན་དང་ཀླུ་བོན། བདུད་བོན་དང་བཙན་བོན་སོགས་གདོད་མའི་བོན་རིགས་དུ་མ་ཞིག་མཆིས་མོད། འོན་ཀྱང་སྟོན་པ་གཤེན་རབ་ཀྱིས་སྤེལ་བའི་བསྟན་པ་ལ་གཤེན་རབ་གཡུང་དྲུང་གི་བོན་ཞེས་བརྗོད་ལ། གདོད་མའི་བོན་དང་ཁྱད་པར་ཆེ་སྟེ། སྟོན་པ་གཤེན་རབ་ཀྱི་གདོད་མའི་བོན་རིགས་དེ་དག་ཐམས་ཅད་ཚར་བཅད་ནས་དམར་མཆོད་སོགས་སྡིག་གཅོད་ཀྱི་རྒྱུན་བཅད་ནས། གཟན་གྱི་གཏོར་མས་ལྷ་སྲིན་གྱི་ཚོགས་མཉེས་པར་བྱས་པ་ལས་གཏོར་མ་དར་བ་ཡིན་ལ། དེང་སྐབས་བན་བོན་གང་ཡིན་ཡང་གཏོར་མ་འདྲ་མིན་མང་པོ་ཞིག་བཅའ་སྲོལ་ཡོད་པ་ཡང་སྟོན་པ་གཤེན་རབ་ཀྱི་ལུགས་ ཡིན་པ་ལས། སྟོན་པ་ཤཀྱ་ཐུབ་པའི་བསྟན་པ་བྱུང་སའི་རྒྱ་གར་ན་གཏོར་མ་མེད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལ་བལྟོས་ན་ཤེས་སླའོ། དེང་སང་གདོད་མའི་བོན་རིགས་དེ་དག་དངོས་སུ་མེད་པས།གོང་དུ་བོན་པོ་དང་སངས་རྒྱས་ཆོས་ལུགས་ཞེས་པའི་སྐབས་ཀྱི་བོན་པོ་དེའང་གཤེན་རབ་གཡུང་དྲུང་གི་བོན་ལ་གཟུར་བ་ཡིན་ཕྱིར། དེ་དག་ལ་འཁྲུལ་སེལ་གྱི་སྨན་མཆོག་ཅིག་སྦྱིན་པར་འདོད་དེ། སྤྱིར་གཡུང་དྲུང་བོན་གྱི་ལུགས་ལ་བོན་གྱི་སྒྲ་འཇུག་པའི་ཡུལ་བརྒྱད་ཙམ་ཡོད་དེ། ཤེས་བྱ་དང་འཁོར་འདས་གཉིས་དང༌། ཡིད་ཤེས་ཀྱི་ཡུལ་དང༌། བསོད་ནམས་དང༌། དོན་དང༌། ལམ་དང༌། གསུང་རབ་དང༌། ཐེག་པ་སོགས་ལ་བོན་གྱི་སྒྲ་འཇུག་ལ། གཡུང་དྲུང་གི་བོན་གྱི་མཚན་ཉིད་ལ་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས། སྤྱད་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔུལ་སྐྱོབ་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན་དུ་བཞེད་ལ། དེ་དང་སངས་རྒྱས་ཀྱི་བསྟན་པ་དོན་གཅིག་ཏུ་འདོད། གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ཡང་བོན་ལུགས་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱེད། དཀོན་མཆོག་སྐྱབས་སུ་མི་འཛིན་ཕྱི་རོལ་འགྱུར། ཅེས་དང་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མིན་དང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མིན་སོགས་ཀྱིས་ཕྱི་ནང་གི་ཁྱར་པར་འབྱེད་པ་ ཡིན་ལ། འདི་ལྟར་ཕྱི་བའི་ནི་ལྷ་དབང་ཕྱུག་དང་ཚངས་བ་སོགས་ལ་སྐྱབས་སུ་རེ་ལ། ནང་བ་གཤེན་རབ་ཀྱིས་དཀོན་མཆོག་གསུམ་མམ་གཡུང་དྲུང་གནས་བཞི་དང༌། སོ་སོར་ཕྱེས་ན་ཕྱི་མདོ་ལུགས་ཀྱིས་སངས་རྒྱས་བོན་དང་གཤེན་རབ་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ནང་གསང་སྔགས་ལུགས་ལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ་ལ། གསང་བ་ཡེ་གཤེན་ལུགས་ཀྱིས་རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ཡང་གསང་བླ་ན་མེད་པའི་སྐྱབས་ཡུལ་ནི་རང་རིག་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བྱའོ། ཡང་གསང་སྔགས་ལུགས་ལའང་ཕྱི་གཡུང་དྲུང་གནས་བཞི་དང༌། ནང་དམིགས་པ་སྒོ་བཞི་དང༌།གསང་བ་ཤེས་རབ་རྒྱུན་བཞི་དང༌། ཡང་གསང་ཕྱག་རྒྱ་གཟེར་བཞི་སོགས་ལ་སྐྱབས་སུ་འགྲོ་ཚུལ་མང་ངོ༌། སྟོན་པའི་ཁྱད་པར་ནི་ཕྱི་རོལ་བས་དྲང་སྲོང་སེར་སྐྱ་སོགས་མུ་སྟེགས་ཀྱི་སྟོན་པ་བཅུ་གཉིས་སྟོན་པར་འདོད་ལ། ནང་བ་གཤེན་རབ་ཀྱི་ལུགས་ལ་སྟོན་པ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་སྤང་རྟོགས་མཐར་ཕྱིན་གྱི་རྫོགས་པའི་སངས་རྒྱས་ལ་འདོད་དོ། ལྟ་བའི་ཁྱད་པར་ནི། ཕྱི་རོལ་བས་བདག་ཏུ་འཛིན་པའི་ལོག་པའི་ལྟ་བ་འཇིག་ཚོགས་ལ་ལྟ་བ་སོགས་རྟག་ཆད་གང་རུང་དུ་ལྟ་ལ། ནང་བ་གཤེན་རབ་པས་ལྟ་བ་བདག་མེད་གཉིས་དང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་སྣང་བཏགས་ཀྱི་བོན་གང་ཡང་མ་བཅོས་རང་ལུགས་སུ་ལྷངས་ཀྱིས་ཤར་བ་དེ་བོན་ཉིད་འཁྲུལ་ མེད་དུ་ཡེར་གྱིས་མཐོང་བའི་ལྟ་བ་ཐོག་བབ་ཏུ་ལྟའོ། སྤྱོད་པའི་ཁྱད་པར་ནི།ཕྱི་རོལ་བས་མེ་ལྔས་རངལུས་སྲེག་པ་དང་ཁ་ཊང་རྩེ་གསུམ་གྱི་སྟེང་དུ་མཆོངས་ཏེ་ལྕེབ་པ་སོགས་ལོག་པའི་སྤྱོད་པ་འབབ་ཞིག་སྤྱོད་ལ༌། ནང་བ་གཤེན་རབ་པས་སྡིག་སྤང་དགེ་སྒྲུབ་ཀྱི་སྤྱོད་པ་བཟང་པོ་དང༌། སེམས་ཅན་གཞན་ལ་འཚེས་པ་སྤང་ཞིང་ཕན་པ་སྒྲུབ་པའི་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་ལ་སོགས་ཀུན་ཏུ་བཟང་བའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པའོ། འབྲས་བུའི་ཁྱད་པར་ཡང༌། ཕྱི་རོལ་བས་ལྷ་དབང་ཕྱུག་དང་ཚངས་བ་སོགས་འཇིག་རྟེན་པའི་ལྷའི་གོ་འཕང་འཐོབ་པར་འདོད་ལ། ནང་བ་གཤེན་རབ་པས་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཀྱི་འབྱེད་པའོ། དེ་ཕྱིར་སྐྱབས་འགྲོའི་ཡོན་ཏན་སྟོན་དུས་ཀྱང༌། ནང་བའི་ཁྱུར་འགྲོ་སྡོམ་པའི་རྟེན་གཞི་བྱེད། སོགས་ཕྱི་ནང་གི་ཁྱད་པར་འབྱེད་བྱེད་ཀྱི་ཚད་གཞིར་བཟུང་ཡོད་དོ།
དེ་བཞིན་དུ་བན་དེ་ལུགས་ལ་ཆོས་ཞེས་པའང་དོན་བཅུ་ལ་འཇུག་པ་རྣམ་བཤད་རིག་པར། ཆོས་ནི་ཤེས་བྱ་ལམ་དང་ནི། མྱ་ངན་འདས་དང་ཡིད་ཀྱི་ཡུལ། བསོད་ནམས་ཚེ་དང་གསུང་རབ་དང༌། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། ཞེས་གསུངས་ཡོད་ལ། གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ཡང་ཇོ་བོ་རྗེས། ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད།ཅེས་དང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས། སྟོན་པ་བསྟན་པ་ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པའི་ཕྱིར། རང་སྡེ་རྣམས་ཀྱིས་སྟོན་པ་སྐྱོན་ཀུན་ཟད་ཅིང་ཡོན་ཏན་རྫོགས་པ་དང༌།བསྟན་པ་སེམས་ཅན་ལ་འཚེས་པ་མེད་པ་དང༌། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གི་སྟོང་པར་འདོད་པའི་ཁྱད་པར་གསུམ་དང་ལྡན་ཞིང༌། གཞན་སྡེ་རྣམས་ནི་དེ་ལས་བཟློག་སྟེ་སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་མ་རྫོགས་པ་དང༌། བསྟན་པ་སེམས་ཅན་ལ་གནོད་ཅིང་འཚེ་བ་དང༌། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པར་ཁས་ལེན་པའི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར།ཅེས་སོགས་མང་དུ་ཡོད་པས། དེ་ཕྱིར་བོན་པོ་དང་སངས་རྒྱས་ཆོས་ལུགས་ཞེས་སོ་སོ་ཕྱེ་བའི་མཁས་པ་དེ་དག་ལ་འདི་ལྟར་བརྗོད་པར་འདོད་དེ།བན་བོན་གང་གི་ལུགས་ལའང་ཕྱི་ནང་གི་འབྱེད་ཆོས་གཙོ་བོ་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱིས་བྱེད་པ་མཚུངས་པ་དང༌། བན་བོན་གཉིས་ཀའི་ལུགས་ཀྱི་དཀོན་མཆོག་ལ་མཆོག་དམན་ཅི་ཡང་མེད བཞིན་དུ་གཤེན་རབ་གཡུང་དྲུང་བོན་གྱི་བསྟན་པ་འདི། སྟོན་པ་ཤཀྱ་ཐུབ་པས་གསུང་བ་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས། ནང་བ་སངས་རྒྱས་ཀྱི་གྲུབ་མཐའ་ལས་ལོགས་སུ་དགར་བར་འདོད་ན༌། འོ་ན་བན་ལུགས་ཀྱི་བྱམས་ཆོས་སྡེ་ལྔ་དང་གཞན་གསང་སྔགས་དང་རྫོགས་ཆེན་ཡང་ཐུབ་པས་གསུང་པ་མིན་པས་ཇི་ལྟར་འདོད། ད་དུང་སྔར་འདས་དང་སླར་འབྱོན་གྱི་བསྐལ་བཟང་སངས་རྒྱས་གཞན་རྣམས་ཀྱི་བསྟན་པ་ཡང་ཐུབ་ པས་གསུང་བ་མིན་པས་ནང་བ་སངས་རྒྱས་ཀྱི་གྲས་སུ་མི་བརྩིའམ། གྲུབ་མཐའ་ཕྱི་ནང་གི་འབྱེད་ཆོས་ཐུབ་པས་གསུང་བ་ཡིན་མིན་གྱིས་ཕྱེ་པ་མ་ཡིན་པ་ཁྱེད་ཅག་གི་ཡིད་ལ་འཇགས་ པར་འཚལ། དེ་ཕྱིར་བན་དེ་དང་བོན་པོའམ། ཡང་ན་གཤེན་ལུགས་དང་ཤཱཀ་ལུགས།གཤེན་བསྟན་དང་ཐུབ་བསྟན་སོགས་ཀྱིས་སོ་སོར་ཕྱེ་བ་ལས། ད་དུང་བོན་པོ་དང་སངས་རྒྱས་ཆོས་ལུགས་ཞེས་སོ་སོར་ཕྱེ་ན་རང་གི་རང་མཚང་རྗེན་པར་ཕུད་པ་ལས་མེད་པས་ཉམས་འཇོག་འཚལ། ཞེས་ཀྱང་སྨྲ་བར་འདོད་དོ། ཡང་ཅིག་བཤད་ན་ནང་བའི་བསྟན་སྒོར་ཞུགས་པ་བདེན་ན་སངས་རྒྱས་ཀྱི་བསྟན་པ་ནང་ཕན་ཚུན་ལྟ་ཅི། ཐ་ན་ཕྱི་རོལ་བ་ལའང་སྐབས་སུ་མ་བབས་པར་གྲུབ་མཐའི་ཕྱོགས་ཞེན་གྱིས་སྨད་པ་རྩ་བ་ནས་སྤང་དགོས་ཏེ། རྒྱུ་མཚན་ཡང་བདག་ཅག་ནང་བ་སངས་རྒྱས་པའི་ལུགས་ལ་བདག་འཛིན་མ་རིག་པ་མ་སྤང་ བར་སངས་རྒྱ་ཚུལ་མེད་པས་སོ། ལུང་གིས་ཀྱང་གྲུབ་སྟེ། བན་དེ་ལུགས་ལ་རྣམ་སྣང་རྩ་ལྟུང་གི་རྒྱུད་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། མུ་སྟེགས་ཅན་ལ་སྨད་བྱས་ན། རྣམ་པར་སྣང་མཛད་རིང་བའི་རྒྱུ། ཞེས་དང༌། བོན་ལུགས་བཀའ་རྟེན་སུམ་བརྒྱ་བ་ལས་ཀྱང༌། ཕྱི་ནང་ཁྱད་པར་ཕྱེས་ན་ཕྱི་རོལ་བ། དངོས་མེད་ཆ་མཐུན་སྐྱོན་མེད་འགའ་སྲིད་ཙམ། དངོས་ལའང་སྨད་མི་རུང་བ་རྒྱལ་བས་གསུངས། ཞེས་གསུང་བའི་ཕྱིར། ཅེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུར་འབོད་པས་ལྷག་བསམ་རྣམ་དག་གིས་བྲིས་པ་དགེ་ལེགས་འཕེལ།
༢༠༠༨ལོའི་དཔྱོད་ལྡན་མཆོད་པའི་མེ་ཏོག་སྟེང་དུ་སྤེལ།
- ཟིན་ཐོ་གོང་མ།གདོད་མའི་ཀུན་བཟང་།
- ཟིན་ཐོ་འོག་མ།གསོལ་འདེབས་པད་དཀར་ཕྲེང་བ།