གདོད་མའི་ཀུན་བཟང་ཡ།
མཁར་ནག་སྐལ་བཟང་རྒྱ་མཚོ།།
བསྐལ་བ་ཁྲི་ཕྲག་གི་སྔོན་རོལ་ནས།
བསླུ་བྲིད་ཀྱི་བརྩེ་དུངས་ཤིག་གི་སླད་དུ།
ཁྱེད་ཉིད་དང་གྱེས་ནས་རིགས་དྲུག་ཏུ་འཁྱམས།
བསྐལ་བ་ཁྲི་ཕྲག་གི་རིང་ལ།
འཐོབ་འདོད་པའི་ལྷད་མེད་ཀྱི་བརྩེ་དུངས་ཐོབ་མྱོང་ལ།
འཆོར་སྲིད་པའི་ལང་ཚོའི་མཛེས་སྡུག་ཀྱང་ཤོར་ཟིན།
ཕྱི་དྲན་གྱི་བསམ་ཡན་ཁྲོད་རྟག་ཏུ་འཁོར་བ་ནི།
བརྩེ་དུངས་ཀྱི་མངར་ཁ་ཡོད་ལ།
ཆགས་སྡང་གི་སྐྱུར་ཁའང་ཡོད།
ད་ནི་ངེས་འབྱུང་གི་མཛའ་གྲོགས་དང་ལྷན་དུ།
སྐྱ་ཐིང་ཐིང་གི་དབེན་གསུམ་གྱི་འབྲོག་དགོན་དུ་ཁྱེད་རང་འཚོལ་དུས།
གདོད་མའི་ཀུན་བཟང་ཡ།
ཁྱེད་ཀྱི་ཐུགས་རྗེ་ལས་གྲུབ་པའི་སྤྱན་རས་ཀྱིས་བདག་ལ་མི་གཟིགས་དོན་ཅི།
བདག་གི་ངེས་འབྱུང་དེ་རྣལ་མ་རང་མ་ཡིན་ནམ།
ཡང་ན་ད་དུང་བརྩེ་དུངས་ཀྱི་ལས་དབང་ཟབ་མོ་ཞིག་ལུས་ཡོད།
ཡོད་ཚད་སྒྱུ་མ་རུ་མཐོང་བའི་རི་ཁྲོད་ཀྱི་ཡང་རྩེ་ནས།
རྐང་གླིང་གི་སྒྲ་སྐད་དང་མཉམ་དུ།
ངས་ཉམས་རྟོགས་ལས་ཐོབ་པའི་མགུར་ཚིག་དེ་སྙན་དབྱངས་སུ་གྱེར་དུས།
གདོད་མའི་ཀུན་བཟང་ཡ།
ཁྱེད་ཀྱིས་ལྐོག་གྱུར་གྱི་སེང་རས་དེ་ལན་གཅིག་ཕྱོས་རོགས།
ངས་ཁྱེད་ཀྱི་དག་པ་གཉིས་ལྡན་གྱི་ཞལ་རས་དེ་ཐེངས་གཅིག་མཇལ་འདོད།།
- ཟིན་ཐོ་གོང་མ།རྣལ་འབྱོར་བ།
- ཟིན་ཐོ་འོག་མ།གྲུབ་མཐའ་ཕྱི་ནང་གི་ཁྱད་པར།