ཧི་བོན་ཟིན་བྲིས།
མཁར་ནག་པའི་ཟིན་བྲིས།
སྤྱི་བསྒྲགས།

    མཁར་ནག་སྐལ་བཟང་རྒྱལ་མཚོ།

    མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།

    མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།

    མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།

    མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།

     

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྣལ་འབྱོར་བ། | 2011/5/14 13:32:00

རྣལ་འབྱོར་བ།    ངའི་སེམས་ཁོང་གི་སྐར་མ་འོད་ཆེན།

                                   མཁར་ནག་སྐལ་བཟང་རྒྱ་མཚོ།།

ལོ་ཟླ་གྲངས་མེད་འདས་ཟིན་པའི་རྫོགས་ལྡན་གྱི་དུས་ལ།

སངས་རྒྱས་དང་བྱང་སེམས་གང་རུང་གི་ཐུགས་རྗེ་འོད་ཞགས་ཤིག

འཛམ་གླིང་གི་ཡང་རྩེ་ནས་འགྲེངས་པའི་ཞིང་འདིར་འཕོས་དུས།

རྣལ་འབྱོར་བ།   ཁྱེད་ཀྱི་སྐྱེ་རབས་ཀྱི་ཐོག་མ་དེ་ནས་བྱུང་ལ།

འགྲོ་དོན་གྱི་དང་པོའང་དེ་ནས་ཚུགས།

 

ཆགས་སྲེད་དང་ལོག་སྤྱོད་ཀྱིས་ཡོངས་སུ་ཁེངས་པའི་འཇིག་རྟེན་འདིར།

ཁྱེད་ནི་གསར་འཁྲུངས་ཀྱི་པད་དཀར་བཞིན་ཡིད་དུ་འོང་ལ།

ནག་ནོག་གི་དྲི་མ་བྲལ།

ངས་ཁྱེད་ཀྱི་ཞི་དུལ་གྱི་སྤྱོད་ལམ་ཁོ་ན་ལས་ཀྱང༌།

སྡོམ་ཁྲིམས་ཀྱི་མཛེས་སྡུག་དེ་མཐོང་ཐུབ།

རྣལ་འབྱོར་བ།  

 ཚུལ་ཁྲིམས་རྣམ་པར་དག་པའི་དོན་དམ་གྱི་ཚངས་སྤྱོད་པ།

 

ཟང་ཟིང་གི་འཁོར་བའི་ཕུན་ཚོགས་ཀྱིས་ཡོད་ཚད་བསླུས་པའི་ཞིང་ཁམས་འདིར།

ཁྱེད་ནི་གསེར་སྦྱངས་ཀྱི་ལྷུན་པོ་བཞིན་གཡོ་འགུལ་མེད་ལ།

འདུ་འཛི་ཡི་བྱ་བྱེད་དབེན།

ངས་ཁྱེད་ཀྱི་གོས་ཧྲུལ་གྱི་རལ་ཁུང་རྐྱང་བ་ལས་ཀྱང༌།

ཆོག་ཤེས་ཀྱི་ཡོན་ཏན་དེ་མཐོང་ཐུབ།

རྣལ་འབྱོར་བ།  

བསླུ་བྲིད་ཀྱི་རླུང་ཁ་ལས་ཐར་བའི་ངེས་དོན་གྱི་བྱ་བྲལ་བ།

      

སྡུག་བསྔལ་དང་མྱ་ངན་གྱིས་གདུངས་པའི་སྲིད་པ་འདིར།

ཁྱེད་ནི་བྱང་སེམས་ཀྱི་གཏེར་མཛོད་མངའ་བའི་རྒྱལ་སྲས་འཕགས་པ་བཞིན།

འཕང་མེད་ཀྱི་གཏོང་ཕོད་ཆེ་ལ་སྙིང་རྗེ་ཡི་རང་གཤིས་ལྡན།

ངས་ཁྱེད་ཀྱི་མཉམ་རྗེས་དབྱེར་མེད་དུ་གྱུར་བའི་སྤྱན་ཟུང་གི་གཟི་འོད་ལས་ཀྱང༌།

སྟོང་སྙིང་ཟུང་དུ་འཇུག་པའི་བླ་མེད་ཀྱི་རྟོགས་པ་དེ་མཐོང་ཐུབ།

རྣལ་འབྱོར་བ།  

དོན་དམ་གྱི་གནས་ལུགས་འཚོལ་བའི་ཟླ་བྲལ་གྱི་རྫོགས་ཆེན་པ།

 

འཁོར་བ་རུ་གཏན་སྡོད་ཀྱི་གཞི་བཅའ་བ་ལུས་ཅན་གྱི་ཁྲོད་དུ།

ཁྱེད་ནི་དྲི་བཞོན་གྱིས་ཕྱོགས་སུ་ཁྱེར་བའི་སྟོན་ཁའི་སྡོང་ལོ་བཞིན།

ཞེན་ཆགས་ཀྱི་སེམས་པ་མེད་ལ་འདི་སྡོད་ཀྱི་འདུན་པའང་མེད།

ངས་ཁྱེད་ཀྱི་ཕྱག་འཁར་གྱི་གོས་སྲུབས་རེ་རེ་ལས་ཀྱང༌།

ཡེ་གྲོལ་གྱི་རྟོགས་པ་དེ་མཐོང་ཐུབ།

རྣལ་འབྱོར་བ།   

ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་པའི་སྙིགས་དུས་ཀྱི་རྒྱལ་ཁམས་པ།

 

སྨག་རུམས་ཀྱིས་ཡོངས་སུ་བསྒྲིབས་པའི་ས་ཕྱོགས་འདིར།

ཁྱེད་ནི་ཟླ་ཤེལ་གྱི་དཀྱིལ་འཁོར་བཞིན་གཟི་བྱིན་གྱི་འོད་དཀར་ལྡན་ལ།

ཕན་བདེ་ཡི་བསིལ་ཟེར་འཛོམས།

ངས་ཁྱེད་གཤེགས་ཤུལ་གྱི་ཞབས་རྗེས་ལས་ཀྱང༌།

མཁའ་སྤྱོད་ཀྱི་ཞིང་ཁམས་དེ་མཐོང་ཐུབ།

རྣལ་འབྱོར་བ།

ངའི་སེམས་ཁོང་ན་འོད་དུ་འཚེར་བའི་ཕྱོགས་སྟོན་གྱི་སྐར་མ་འོད་ཆེན།།

 

 

 

 

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:རྣལ་འབྱོར་བ། | 2011/5/16 21:13:25
སྐུ་མགྲོན་8d6Fwj(སྐུ་མགྲོན)ཁྱེད་རང་ཕེབས་པར་དགའ་བསུ་ཞུ། ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་8d6Fwj(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྣལ་འབྱོར་བ། | 2011/5/16 11:42:21
tenzin3909ཁྱོད་བདེ་མོ། དེ་རིང་ཁྱོད་དང་འཇལ་བས་དགའ་པོ་བྱུང་ཡོད།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.