ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟོན་པའི་རྣམ་ཐར་དྲི་མེད་རྩ་མདོའི་ངོ་སྤྲོད།  | 2011/5/11 15:09:00

སྟོན་པའི་རྣམ་ཐར་བསྡུས་པ་དྲི་མེད་རྩ་མདོའི་ངོ་སྤྲོད་མདོར་བསྡུས།

མཁར་ནག་སྐལ་བཟང་རྒྱ་མཚོ།

འདུས་བ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་རྩ་བའི་མདོ་འདི་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་བསྡུས་ཤོས་ཡིན་མོད།    འོན་ཀྱང་ཆེས་བསྡུས་ཤོས་ནི་མདོ་བསྡུས་ཡིན་པས།  ནམ་རྒྱུན་སྟོན་པའི་གཤེན་རབ་ཀྱི་རྣམ་ཐར་གླེང་དུས།  མི་རྣམས་ཀྱིས་དྲི་མེད་དང་གཟེར་མིག་མདོ་བསྡུས་གསུམ་རྒྱས་འབྲང་བསྡུས་གསུམ་དུ་ངོས་འཛིན་གྱིན་ཡོད་ལ་དྲི་མེད་རྩ་མདོ་ནི་རྣམ་ཐར་ཡིན་པ་གླེང་མི་འདུག།  དེར་བརྟེན་འདི་ནས་དེའི་སྐོར་རེགས་ཙམ་ངོ་སྤྲོད་ཞུ་ན།  དྲི་མེད་རྩ་མདོ་ནི་མདོ་དྲི་མེད་གཟི་བརྗིད་དང་མཚུངས་པར་དུས་རབས་བཅུ་བཞི་བའི་སྨད་ཙམ་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་དུ་བརྒྱུད་པའི་བཀའ་ཡིན་ལ།  དེ་དེང་སྐབས་བོན་གྱི་བཀའ་འགྱུར་གྱི་པོད་ཉེར་དྲུག་པར་བསྒྲུགས་འདུག  དེབ་འདི་ནི་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་ཅན་གྱི་རྩ་བ་ལྟ་བུ་ཡིན་ལ་དེ་ལ་ལེའུ་བཅོ་ལྔ་ཡོད།

དེ་དག་ནི་ལེའུ་དང་པོ།སྟོན་པ་ལྷ་ལས་བབས་པའི་ལེའུ།

གཉིས་པ་ནི་སྟོན་པས་ལྷ་མིན་སྡེ་ལྔ་དབང་དུ་བསྡུས་ནས་བོན་བསྟན་པའི་ལེའུ།

གསུམ་པ་ནི་སྟོན་པ་སྐྱེ་བ་བཞེས་པའི་ལེའུ།

བཞི་བ་སངས་རྒྱས་གཞོན་ནུ་རོལ་རྩེད་ཀྱི་ལེའུ།

ལྔ་བ་རྒྱལ་བུས་བཀའ་ཁྲིམས་བསྩལ་ནས་ལོ་མཛད་བཅུ་གཉིས་ཀྱི་བསྟན་པ་བཞག་པའི་ལེའུ།

དྲུག་པ་སྟོན་པས་བསྟན་པ་སྤེལ་ཅིང་འོད་ཟེར་བཀྱེས་ནས།རྒྱུ་འབྲས་རྣམ་པར་འབྱེད་པའི་བོན་བསྟན་པའི་ལེའུ།

བདུན་པ་གདུལ་དཀའི་སེམས་ཅན་ཐར་པར་དྲངས་ནས་བདེ་ལ་བཀོད་པའི་ལེའུ།

བརྒྱད་པ་ཁབ་ཀྱི་དཔལ་འབར་བཞེས་པའི་ལེའུ།

དགུ་བ་འགྲོ་འདུལ་འོད་ཟེར་གྱི་སྲས་སྤྲུལ་བའི་ལེའུ།

བཅུ་བ་སྟོན་པས་ལྷ་ཀླུ་མི་གསུམ་ལ་བསྟན་པ་བཞག་པའི་ལེའུ།

བཅུ་གཅིག་པ་སྟོན་པས་བདུད་འདུལ་བར་ཆད་བསལ་བའི་ལེའུ།

བཅུ་གཉིས་པ་སྟོན་པས་བསྟན་པ་རྣམ་པ་གསུམ་རྗེས་སུ་བཞག་པའི་ལེའུ།

བཅུ་གསུམ་པ་སྟོན་པ་ཁྱིམ་སྤང་རབ་ཏུ་བྱུང་ནས།དཀའ་བ་ཐུབ་པའི་དོན་དང་ལྡན་ཏེ།འདུལ་བ་ཁྲིམས་ཀྱི་མཛད་པའི་ལེའུ།

བཅུ་བཞི་བ་སྟོན་པས་འཁོར་སྤང་དགོན་པའི་ལེའུ།

བཅོ་ལྔ་བ་སྟོན་པས་བསྟན་པ་བོན་གྱི་གཏད་གཉེར་མཛད་པའི་ལེའུ༌།  བཅས་ཁྱོམ་བསྡོམས་ཤོག་ལྷེ་༡༨༧ཡོད་པའི་དེབ་གཅིག་ཡིན།  གཤམ་ནས་ལེའུ་རེ་རེའི་བསྡུས་དོན་ངོ་སྤྲོད་ཞུ་ན།

དང་པོ་སྟོན་པ་ལྷ་ལས་བབས་པའི་ལེའུ་ལ་ཤོག་ལྷེ་བརྒྱད་ཡོད་ལ་དེ་ནང་དོན་ནི་ཚེ་ལོ་སྟོང་བའི་སྟོན་པ་ས་སྟོང་དཔལ་འབྱོར་གྱི་བསྟན་པ་རྫོགས་ནས་ཚེ་ལོ་བརྒྱ་བ་ལ་ཐུག་པའི་སྐབས་སུ།  སྲིད་པ་ཡེ་སངས་ཀྱི་ཡུལ།  བར་ལྷ་འོད་གསལ་གྱི་གནས།  མགོན་བཙུན་ཕྱྭའི་གྲོང་ཁྱེར་ནས་སྟོན་པ་ས་སྟོན་དཔལ་འབྱོར་གྱིས་གཅུང་བློ་གསལ་འཆི་མེད་གཙུག་ཕུད་ལ་འགྲོ་བ་འདྲེན་པའི་སྟོན་པ་རུ་གཤེགས་དགོས་ཚུལ་གྱི་ལུང་གནང་བ་དང༌།  དེ་ནས་བློ་གསལ་འཆི་མེད་གཙུག་ཕུད་འོག་མིན་ལྷའི་ཕོ་བྲང་རིན་པོ་ཆེ་འོད་ཀྱི་གཞལ་ཡས་སུ་སོང་ནས།  རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་མདུན་ནས་བར་ལྷ་འོད་གསལ་ནས་རིམ་བཞིན་མར་བབས་ནས་གཤེགས་དགོས་ཚུལ་དང༌།  མཐའ་འཁོབ་ལ་སོགས་རིགས་དྲུག་གི་ཞིང་དུ་སྟོན་པར་གཤེགས་མི་རུང་བ་དང༌།  ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དཀྱིལ་རྡུལ་མེད་རྡུལ་དང་བྲལ་བའི་ཚངས་རྒྱུང་གི་ལྷོ་འཛམ་བུ་གླིང་གི་གནས་མཆོག་དམ་པ་འོལ་མོ་ལུང་རིང་དུ་སྟོན་པ་ལ་གཤེགས་དགོས་ཚུལ་གྱི་བཀའ་ཐོབ་ནས།  སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སྲིད་མཁར་སྔོ་བ་གཡུ་རྩེ་ནས་སྲིད་པ་སངས་པོ་འབུམ་ཁྲི་དང་མཇལ་ནས་འགྲོ་བ་གང་ལ་གང་འདུལ་གྱིས་འགྲོ་དོན་མཛད་དགོས་ཚུལ་གྱིས་ལུང་ཐོབ་ནས།བར་ལྷ་འོད་གསལ་གྱི་གནས་ནས་རིམ་བཞིན།  དགའ་ལྡན་ལྷ་ཡུལ་བར་དུ་བབས་ནས་བོན་གྱི་འཁོར་ལོ་རྒྱ་ཆེ་བསྐོར།  དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བྱོན་ནས།  ལྷ་རྣམས་ལ་ཕ་རོལ་དུ་བྱིན་པ་བཅུའི་བོན་རྣམས་བསྟན་ནས།  གསས་ཁང་གཡུང་དྲུང་ལྷ་རྩེ་ཞེས་པར་དཔལ་ལྷ་ལས་བབས་པའི་མཆོད་རྟེན་བཞེངས་ཤིང་ལྷ་ཡི་བུ་གཡུང་དྲུང་ལེགས་པའི་བློ་གྲོས་རབ་ཏུ་བྱུང་བ་དེ་རྒྱལ་ཚབ་ཏུ་བསྐོས་ཚུལ་སོགས་བཀོད་ཡོད།

གཉིས་པ་སྟོན་པས་ལྷ་མིན་སྡེ་ལྔ་དབང་དུ་བསྡུས་ནས་བོན་བསྟན་པའི་ལེའུ་ལ་ཤོག་ལྷེ་གཉིས་ལས་མེད་པས།  དེ་ནི་སྟོན་པ་རི་རབ་ཀྱི་ཁ་ཁྱེར་དུ་བྱོན་ནས་འཇིག་རྟེན་གྱི་ལྷ་མཐུ་ཆེན་དང་ལྷ་མ་ཡིན་གྱི་སྡེ་ཚོགས་དབང་དུ་བསྡུས་ནས།  ལྷ་དང་ལྷ་མིན་གྱི་སོ་མཚམས་སུ་གསས་ཁང་ལྷ་རྩེ་དགུང་ནམ་བཞེངས་ནས།  ལྷ་མིན་གྱི་བུ་གཏུམ་པ་དྲག་རྩལ་རྗེ་རབ་ཏུ་བྱུང་བ་ལ་ལྷ་མིན་གྱི་གཤེན་པོ་མུ་ལ་འོད་འབར་དུ་བཏག་སྟེ། གཡེན་འདུལ་གྱི་བོན་པོ་སུམ་ཅུ་རྩ་གསུམ་དང་བཅས་པ་བསྟན་པའི་གཉེར་དུ་བསྐོས་ཚུལ་སོགས་བཀོད་ཡོད།

གསུམ་པ་སྟོན་པ་སྐྱེ་བ་བཞེས་པའི་ལེའུ་ལ་ཤོག་ལྷེ་བཅུ་ཡོད།  དེ་ནི་སྟོན་པས་དགོངས་ཚད་རྣམ་པ་དྲུག་གིས་འཛམ་བུ་གླིང་སོགས་ལ་དགོངས་པ་དང༌།  གནས་མཆོག་འོལ་མོ་ལུང་རིང་གི་ཞིང་གི་བཀོད་པ་དང༌།གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གི་གདུང་ཁུངས་དང༌།  སྟོན་པ་རབས་བདུན་བྱོན་ཚུལ།  དམུ་རིགས་ཀྱི་གདུང་རབས་རིམ་བྱོན་དང༌།  སྟོན་པས་སྐུ་སྐྱེ་བ་བཞེས་ཚུལ་སོགས་བཀོད་ཡོད།

བཞི་བ་སངས་རྒྱས་གཞོན་ནུ་རོལ་རྩེད་ཀྱི་ལེའུ་ལ་ཤོག་ལྷེ་བཅོ་བརྒྱད་ཡོད་ལ།  དེ་ནི་སྟོན་པས་ལྷ་ཀླུ་མི་ཡི་ཁྱེའུ་དང་བུ་མོ་བཅུ་དྲུག་དང་ལྷན་དུ་དགོང་ལོ་གསུམ་གྱི་བར་དུ་ནགས་ཚལ་སོགས་ནས་རོལ་རྩེད་མཛད་ཚུལ་ཡིན་ལ།  འཁོར་རྣམས་ལ་སྔོན་གྱི་རྒྱུ་འབྲས་གསུང་བ་དང༌།  སྤྲེའུ་གཏམ་རྒྱུད།  བདུད་ཀྱིས་ཆོ་འཕྲུལ་བསྟན་པའི་སྔོན་གྱི་ལས་འབྲས་བསྟན་པའི་གཏམ་རྒྱུད།  ཀླུ་ཁྱུང་གཉིས་ཀྱི་གཏམ་རྒྱུད།སྲིན་ལ་སྔོན་གྱི་ལས་འབྲས་བཤད་པའི་གཏམ་རྒྱུད།  འདབ་ཆགས་བྱ་རིགས་ཀྱི་གཏམ་རྒྱུད་དང་འབྲེལ་ནས་གླིང་བཞི་མིའི་གྲོལ་ཚུལ།  སེང་འབྲུག་འཐབ་ཚུལ་དང་རི་དགས་ཀྱི་གཏམ་རྒྱུད་སོགས་གཏམ་རྒྱུད་འབའ་ཞིག་ལས་གྲུབ་པ་ཞིག་ཡིན།

 ལྔ་བ་རྒྱལ་བུས་བཀའ་ཁྲིམས་བསྩལ་ནས་ལོ་མཛད་བཅུ་གཉིས་ཀྱི་བསྟན་པ་བཞག་པའི་ལེའུ་ལ་ཤོག་ལྷེ་ཉེར་གཅིག་ཡོད།དེ་ནི་སྟོན་པ་རྒྱལ་སར་ཕྱུང་བ་དང༌།  བཟོ་རིག་པ་སོགས་རིག་པའི་གནས་ལྔ་གཏན་ལ་ཕབ་ཚུལ།  ཕྱ་སྣང་འཕྲུལ་གསུམ་གྱི་ཐེག་པ་གསུངས་ཚུལ།  རྒྱ་མཚོ་ལ་ཁྲུས་སུ་གཤེགས་པ་དང་ལྷན་ཅིག་ཞང་མེས་ས་ལ་ལ་ཞེ་ས་ཕུལ་པ་དང༌།  གྲོང་ཁྱེར་ལང་ལིང་གི་དབུས་སུ་གསས་ཁང་ཁྲི་སྨོན་རྒྱལ་བཞེད་བཞེས་ནས་རབ་གནས་མཛད་ཚུལ།  སྲིད་གཤེན་ཐེག་པ་གཏན་ལ་ཕབ་ཚུལ།  རྒྱ་མཚོ་ལ་ཁྲུས་བྱས་ནས་གཞལ་ཡས་ཁང་ཁོ་མ་རུ་རིང་བཞེས་ནས་ཀུན་དབྱིངས་རྒྱལ་བའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་གནས་མཛད་ཚུལ།  དེ་ནས་ཐེག་པ་ལྔ་བ་དགེ་བསྙེན་གྱི་ཐེག་པ་ནས།  དྲང་སྲོང༌།  ཨ་དཀར།  ཡེ་གཤེན།  བླ་མེད་ཀྱི་ཐེག་པ་སོགས་རྒྱུ་འབྲས་གཉིས་སུ་མེད་པའི་དོན་གཏན་ལ་ཕབ།དེ་ནས་གཡུང་དྲུང་དགུ་བརྩེགས་རི་ཡི་རྩ་བ་ནས་སྐད་རིགས་སུམ་བརྒྱ་དྲུག་ཅུ་སྒྲ་བསྒྱུར་མཛད་ནས་སྐད་ཀྱི་གྲོལ་ཁུངས་བསྟན་པ་དང༌།  དེ་ནས་སྟོན་པ་ཁྱི་ཁྱོན་རྒྱལ་པོས་གདན་དྲངས་ནས་གསས་ཁང་བ་གམ་ལྷ་རྩེ་བཞེས་ནས་བྱམས་ལྡན་རྒྱལ་བའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་མངའ་དབུལ་རབ་གནས་མཛད་ཚུལ།  ས་ཡི་ལྷ་མོ་བརྟན་མོས་ཞུས་པ་ལྟར་ས་བདག་གི་ཡུལ་དུ་བྱོན་ནས་གསས་ཁང་བ་རབ་ཡོངས་འདུལ་བཞེངས་ནས།དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་གནས་མཛད་ཚུལ་སོགས་བཀོད་ཡོད།

དྲུག་པ་སྟོན་པས་བསྟན་པ་སྤེལ་ཅིང་འོད་ཟེར་བཀྱེས་ནས།  རྒྱུ་འབྲས་རྣམ་པར་འབྱེད་པའི་བོན་བསྟན་པའི་ལེའུ་ལ་ཤོག་ལྷེ་དགུ་ཡོད།  འདི་ནང་ནས་ལོ་རེས་བཅུ་གཉིས་བྱུང་ཚུལ་གྱི་གཏན་ཚིགས་དང༌།  བེའུ་ཙེ་རྣམ་པ་གསུམ་གྱི་བོན་དང༌།  སྟོན་པའི་སྐུ་ལས་འོད་ཟེར་རིགས་དྲུག་གི་ཞིང་དང་གླིང་བཞི་སོགས་སུ་བཀྱེས་ནས་འགྲོ་དོན་མཛད་ཚུལ་བཀོད་ཡོད།

 

བདུན་པ་གདུལ་དཀའི་སེམས་ཅན་ཐར་པར་དྲངས་ནས་བདེ་ལ་བཀོད་པའི་ལེའུ་ལ་ཤོག་ལྷེ་སོ་ལྔ་ཡོད།  དེ་ནི་ཡིད་ཀྱི་ཁྱེའུ་ཆུང་གིས་སྲིད་པ་སངས་པོ་འབུམ་ཁྲིའི་འཕྲིན་ཁྱེར་ནས་སྟོན་པ་ལ་གཏོ་བུ་དོད་དེའི་འགྲོ་དོན་མཛད་དགོས་ཚུལ་ཞུས་པ་ལྟར།  སྟོན་པ་ཉིད་ཡུལ་འོལ་མ་འབྱམས་སྐྱ་རུ་བྱོན་ནས་གཏོ་བུ་དོད་དེ་ལ་བོན་གསུངས།དེ་དུས་གཏོ་བུ་ལ་དག་སྣང་མ་འཁྲུངས་ནས་ཕྱི་ཚུལ་ཙམ་གྱིས་བོན་ཉན་ཁུལ་བྱས་ཀྱང་སེམས་ན་དད་པ་མེད་པས་འདུལ་མ་ཐུབ།  དེ་ནས་གཏོ་བུ་ཚེ་ཡི་དུས་བྱས་ཚེ་སྟོན་པས་བག་ཆགས་རྗེས་སུ་དྲན་པའི་བོན་བསྟན་ནས།  བདེར་གཤེགས་ལྷ་གཤེན་བརྒྱའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རིགས་དྲུག་གི་ཞིང་ནས་དྲངས་ཚུལ་དང༌།  ཡང་སྟོན་པ་ཉིད་གྲོང་ཁྱེར་དབང་སྒྱུར་བཀོད་པའི་དབུས་སུ་བྱོན་ཏེ་ཀུན་རིག་སྒྲོན་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རྗེ་རིགས་ཀྱི་རྒྱལ་པོ་ཁྲི་ཤིང་དབང་རྒྱལ་གྱི་འགྲོ་དོན་མཛད་ཚུལ།ཡང་གྲོང་ཁྱེར་ཤ་འབལ་ཁྲི་རྩེ་རུ་བྱོན་ནས་རྒྱལ་པོ་དྲག་བྱེད་ཧ་ལ་ར་ཙའི་འགྲོ་དོན་མཛད་ནས།ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་བསྟན་ཚུལ་སོགས་གཏམ་རྒྱུད་གསུམ་ཅུང་ཞིབ་རྒྱས་སུ་བཀོད་ཡོད།

བརྒྱད་པ་ཁབ་ཀྱི་དཔལ་འབར་བཞེས་པའི་ལེའུ་ལ་ཤོག་ལྷེ་བརྒྱད་ཡོད།དེའི་ནང་དུ་སྟོན་པ་ཡུལ་ཧོས་མོ་གླིང་དྲུག་ཏུ་བྱོན་ནས།  སྔར་ཧོས་དང་བ་ཡིད་རིང་གི་བཙུན་མོ་འགུ་ལིང་མ་ཏིང་གིས་སློབ་དཔོན་གཙུག་གཤེན་རྒྱལ་བ་ལ་བསྐུལ་བ་བཏབ་པའི་རྣམ་སྨིན་གྱིས་ནད་ཙི་ཏ་ཙ་ལས་ཟིན་པའི་འགྲོ་དོན་མཛད།  དེ་རུ་གསས་ཁང་པད་མ་བཀྲག་གླིང་བཞེས་ནས་ལྷ་མོ་སུམ་བརྒྱའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་གནས་མཛད་ཚུལ།  དེས་ནས་ཧོས་བཟའ་རྒྱལ་མེད་མ་ཁབ་ཀྱི་དམ་པ་རུ་བཞེས་ཚུལ་སོགས་བཀོད་ཡོད།

དགུ་བ་འགྲོ་འདུལ་འོད་ཟེར་གྱི་སྲས་སྤྲུལ་བའི་ལེའུ་ལ་ཤོག་ལྷེ་ཕྱེད་དང་བཅུ་ཡོད། དེའི་ནང་ན་ཧོས་བཟའ་རྒྱལ་མེད་མ་ལ་སྲས་རྒྱལ་བུ་གཏོ་བུ་འབུམ་སངས་དང་དཔྱད་བུ་ཁྲི་ཤེས།  གཤེན་ཟ་ནེའུ་ཆེན་འཁྲུངས་ཚུལ་དང༌།སྟོན་པ་གླིང་བཞི་རུ་བྱོན་ནས་གསས་ཁང་བཞེངས་ནས་བོན་སྤེལ་ཚུལ།  རྒྱལ་པོ་དཔོ་རྒྱལ་འབར་བའི་སྒྲོན་མ་ཅན་གྱི་འགྲོ་དོན་མཛད་ནས།  སྡུག་ཅན་མི་དགུ་སོགས་དྲངས་ནས་དཔོ་ཟ་ཐང་མོ་ཁབ་ཏུ་བཞེས་ཚུལ།  དཔོ་ཟ་ཐང་མོ་ལས་སྲས་རྒྱལ་བུ་ལུང་འདྲེན་གསལ་བ་དང་རྒྱུད་འདྲེན་སྒྲོན་མ།  གཤེན་ཟ་ནེའུ་ཆུང་འཁྲུལ་ཚུལ་སོགས་བཀོད་ཡོད།

བཅུ་བ་སྟོན་པས་ལྷ་ཀླུ་མི་གསུམ་ལ་བསྟན་པ་བཞག་པའི་ལེའུ་ལ་ཤོག་ལྷེ་ཉེར་གཉིས་ཡོད།  དེའི་ནང་ན་སྟོན་པས་ལྷ་ལ་བོན་བསྟན་ཚུལ་དང༌།  ཡུལ་ནེ་སེང་དྲ་བའི་གྲོང་ཁྱེར་དུ་བྱོན་ནས་ཁྲོ་བོ་རྣམ་པར་འཇོམ་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རྒྱལ་པོ་འོད་ལྡན་དུང་སྐྱོང་གི་འགྲོ་དོན་མཛད་ཚུལ།  ཡང་ཡུལ་འདབ་བ་རུ་སྟེང་གི་གྲོང་ཁྱེར་བིང་ཐང་དུ་བྱོན་ནས།  སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རྒྱལ་བུ་སྒྲ་གཅན་འཁོར་ལོའི་འགྲོ་དོན་མཛད་ཚུལ།  དེས་ནས་སྟོན་པ་ཡུལ་ཚངས་སྤྱོད་བྲམ་ཟེའི་གླིང་གྲོང་ཁྱེར་ཚངས་པ་འབུམ་གླིང་དུ་བྱོན་ནས་རྒྱལ་བུ་རིག་ལྡན་འཁོར་ལོ་རྒྱལ་སར་ཕྱུང་བ་དང་ཡུལ་ཁམས་བདེ་ལ་བཀོད་ནས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས།  རྒྱལ་བུས་གཅེན་མོ་སྟོན་པའི་ཁབ་ཏུ་ཕུལ་ཚུལ་དང༌།  ཡང་སྟོན་པ་ཀླུ་ཡི་ཡུལ་དུ་བྱོན་ནས་ཀླུ་རྣམས་ལ་ཕ་རོལ་ཕྱིན་པའི་འབུམ་སྡེ་སོགས་བོན་བསྟན་ནས།  གསས་ཁང་གེ་སར་འབུམ་གླིང་བཞེངས་ནས་རྣམ་དག་པད་མ་ཡུམ་གྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་གནས་མཛད།  ཀླུ་མོ་འོད་ལྡན་ཉི་མ་ཁབ་ཏུ་བཞེས་ཚུལ་སོགས་བཀོད་འདུག

བཅུ་གཅིག་པ་སྟོན་པས་བདུད་འདུལ་བར་ཆད་བསལ་བའི་ལེའུ་ལ་ཤོག་ལྷེ་ཕྱེད་དང་བཅོ་ལྔ་ཡོད།  འདི་ནང་དུ་བདུད་ཁྱབ་པ་ལག་རིང་གིས་སྟོན་པ་ལ་ཆོ་འཕྲུལ་སྣ་དགུ་བསྟན་ཚུལ།  ཡང་སྟོན་པ་ཕྱ་ཡུ་ཡུལ་དུ་བྱོན་ནས་ཕྱ་སྲས་ལེགས་གྲུབ་ལ་སོགས་པའི་འཁོར་ལ་རྒྱུ་འབྲས་ཀྱི་བོན་བསྟན་ནས༌།  གསས་ཁང་གཡུ་རྩེ་འོད་འབར་བཞེང་ཚུལ།  ཕྱ་ཟ་གོང་དྲུག་མ་ཁབ་ཏུ་བཞེས་ནས་སྲས་རྒྱལ་བུ་མུ་ཆོ་ལྡེམ་དྲུག་འཁྲུངས་ཚུལ།  བདུད་ཁྱབ་པ་ལག་རིང་གི་གཤེན་ཟ་ནེའུ་ཆུང་མ་བསླུས་ནས་བདུད་ཡུལ་དུ་ཁྲིད་ཚུལ།  སྟོན་པས་གཤེན་ཟ་ནེའུ་ཆུང་མ་བུ་གསུམ་པོ་བདུད་ཡུལ་ནས་ཕྱིར་འོལ་མོ་ལུང་རིང་དུ་དྲངས་ཚུལ།  ཡང་བདུད་ཀྱིས་སྟོན་པའི་རྟ་བདུན་བརྐུས་ནས་རྐོང་པོར་བྲོས་པར་རྟེན།  སྟོན་པ་གཙོ་འཁོར་རྐོང་པོའི་ཡུལ་དུ་བྱོན་ཚུལ།  དེས་ནས་སྟོན་པ་རྒྱལ་བུ་གཙུག་ཏོར་རྒྱལ་བའི་འགྲོ་དོན་དུ་གར་ཆེན་གསས་ཀྱི་ཡུལ་དུ་བྱོན་ནས།  འཕན་ཡུལ་འདོན་མཆོད་ཀྱི་བོན་རྣམས་གཏན་ལ་ཕབ་ཅིང་གསས་ཁང་ཁྱུང་རུམ་གཡུ་རྩེ་བཞེངས་ནས་གསས་ཟ་ཟང་དྲུག་མ་ཁབ་ཏུ་བཞེས་ཚུལ།  བདུད་ཀྱིས་སྟོན་པའི་གཏོ་སྒྲོམ་བསྲེགས་ནས་ཆོས་ལོག་སྤེལ་ཚུལ།  གསས་ཟ་ཟང་དྲུག་ལ་སྲས་རྒྱལ་བུ་འོལ་དྲུག་ཐང་པོ་འཁྲུངས་ཚུལ་སོགས་བཀོད་ཡོད།  

བཅུ་གཉིས་པ་སྟོན་པས་བསྟན་པ་རྣམ་པ་གསུམ་རྗེས་སུ་བཞག་པའི་ལེའུ་ལ་ཤོག་ལྷེ་བཅུ་དྲུག་ཡོད།  དེའི་ནང་དུ་སྟོན་པའི་བཙུན་མོ་རྐོང་ཟ་ཁྲི་ལྕམ་ལ་སྲས་རྒྱལ་བུ་གཡུང་དྲུང་དབང་ལྡན་འཁྲུངས་ཚུལ།  དེས་ནས་སྟོན་པ་ཤག་རིགས་ཀྱི་གྲོང་ཁྱེར་ཀུན་དགའ་ར་བར་བྱོན་ནས།  ཤག་རིགས་ཀྱི་རྒྱལ་པོ་གཙུག་ཐོར་རྣམ་རྒྱལ་གྱི་འགྲོ་དོན་དུ།  ཐེག་པ་རིམ་དགུ་བསྟན་ནས་སྒྲོན་མ་དགུ་ཐོག་གི་གསས་ཁང་སོགས་གསས་ཁང་ཆེན་པོ་དགུ་བཞེངས་ཚུལ།  ཡང་སྟོན་པ་གྲོང་ཁྱེར་བཀྲ་ཤིས་དཔལ་འབར་གྱི་དབུས་སུ་བྱོན་ནས།  རྒྱལ་བུ་དགེ་བ་འཁོར་ལོའི་འགྲོ་དོན་དུ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ་ནས་ཏེ་བཞེངས་ནས་མངའ་དབུལ་ཞལ་སྲོས་མཛད་ཚུལ།  ཡང་སྟོན་པས་རྨང་རིགས་ཀྱི་རྒྱལ་པོ་ཁྲི་སྐྱོང་དོན་བཟང་ལ་བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་གཏན་ལ་ཕབ་ཚུལ།  འཁོར་དུ་གཏོགས་པའི་ལྷ་ཀླུ་མིའི་སློབ་མ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་གཏན་ལ་ཕབ་ཚུལ།  དགེ་རྒྱས་ཡོན་ཏན་གྱི་གླིང་ནས་གསས་ཁང་པད་མ་གླིང་ཆེན་བཞེངས་ནས་ཐེག་པ་ཆེན་པོ་ཡུམ་གྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་མངའ་དབུལ་བྱས་ཚུལ།  ཡང་གནོད་སྦྱིན་ནོར་གླིང་དུ་བྱོན་ནས་བཻཌཱུརྱ་འོད་དམ་པའི་གཟུངས་སྡེ་ཆེན་པོ་བཤད་ཚུལ། ཡང་སྟོན་པ་ཡུལ་སྣང་ལྡན་འབུམ་གླིང་དུ་བྱོན་ནས་གཉེན་རིགས་ཀྱི་རྒྱལ་པོ་གཞོན་ནུ་བློ་གྲོས་ཀྱི་འགྲོ་དོན་མཛད་ནས།  གསས་ཁང་ཆེན་པོ་བཀྲ་ཤིས་དཔལ་འབར་ལྷུན་པོ་རྩེ་ཞེས་པ་བཞེངས་ནས་བྱམས་པ་རྩ་བའི་དཀྱིལ་འཁོར་གྱིས་རབ་གནས་མཛད་པ་དང་བྱམས་མ་ཉེར་གཅིག་གི་བསྟོད་པ་བཅས་གཏན་ལ་ཕབ།ཡང་སྟོན་པ་རྒོད་རྗེ་རྒྱའི་ཡུལ་དུ་བྱོན་ནས།  གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ལ་བར་ཆད་རྩོམ་པའི་བདུད་སྲིན་གྱི་རིགས་དམ་ལ་བཏགས་ཤིང༌།  མདོ་འབུམ་རྒྱུད་མཛད་ཀྱི་གླེགས་བམ་བཞེངས་ནས་བསྟན་པ་རྗེས་སུ་བཞག་ཚུལ་སོགས་བཀོད་ཡོད།

བཅུ་གསུམ་པ་སྟོན་པ་ཁྱིམ་སྤང་རབ་ཏུ་བྱུང་ནས།  དཀའ་བ་ཐུབ་པའི་དོན་དང་ལྡན་ཏེ།  འདུལ་བ་ཁྲིམས་ཀྱི་མཛད་པའི་ལེའུ་ལ་ཤོག་ལྷེ་བཞི་ཡོད་ལ།  འདི་ནང་དུ་སྟོན་པ་རབ་ཏུ་བྱུང་ནས་བྱ་སྤྲེའུ་མི་གསུམ་གྱི་དཀའ་ཐུབ་ལ་ལོ་རེ་བཞུགས་ཚུལ།  སྟོན་པས་འཁོར་སྡེ་བཞི་ཡ་བརྒྱད་ལ་འདུལ་ཁྲིམས་ཀྱི་བོན་རྣམས་བཤད་པ་དང༌།  ཕོ་གླིང་ཁྲི་སྨོན་རྒྱལ་བཞེད།  མོ་གླིང་ཁོང་མ་ནེའུ་ཆུང་རུ་དབྱེས་ནས་དགེ་སྤྱོད་རྣམ་པར་དག་པའི་མདོ་དང༌།  སྤ་ཀོང་རྒྱལ་པོ་ན་རག་སྒྲིབ་སྦྱང་གི་མདོ་སོགས་བཤད་ཚུལ་ཁོད་ཡོད།

བཅུ་བཞི་བ་སྟོན་པས་འཁོར་སྤང་དགོན་པའི་ལེའུ་ལ་ཤོག་ལྷེ་གཉིས་ཡོད།  དེའི་ནང་ན་སྟོན་པ་ནུབ་ཕྱོགས་མི་གཡོ་བསམ་གཏན་གླིང་དུ་བྱོན་ནས་སྒོམ་པ་མཛད་ཚུལ།  ཐེག་པ་ཆེན་པོའི་རྒྱུད་སྡེ་བཞི་སོགས་རྩ་བ་དང་ཡན་ལག་ཉིང་ལག་གི་རྒྱུད་སྡེ་ཆེན་པོ་བཅུ་གཉིས་གཏན་ལ་ཕབ་ཚུལ་སོགས་བཀའ་ཐ་མ་གསུངས་ཚུལ་བཀོད་ཡོད།

བཅོ་ལྔ་བ་སྟོན་པས་བསྟན་པ་བོན་གྱི་གཏད་གཉེར་མཛད་པའི་ལེའུ་ཤོག་ལྷེ་དགུ་ཡོད།  དེའི་ནང་དུ་སྟོན་པས་བསྡུ་འཁོར་བཅུ་གསུམ་སོགས་ལ།  ཐེག་པ་རིམ་དགུ  སྒོ་བཞི་མཛོད་ལྔ།  ཕྱི་ནང་གསང་གསུམ་གྱི་བོན་ཐམས་ཅད་མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུ་དགོས་ཚུལ་དང་གཏད་གཉེར་མཛད་ཚུལ།  ལྷ་བུ་དམ་པ་དོག་དཀར་སོགས་ལ་ལུང་བསྟན་ཚུལ་དང༌།  མུ་ཆོ་ལྡེམ་དྲུག་གི་སློབ་མ་མཁས་པ་རྒྱན་དྲུག་བྱོན་ཚུལ་གྱི་ལུང་བསྟན་སོགས་བཀོད་ཡོད།

གཞན་སྟོན་པའི་རྟ་བདུན་ནི། སྲིད་པ་སངས་པོ་འབུམ་ཁྲིས་གནང་བའི་རང་བཞིན་སྤྲུལ་བའི་ཆིབས་ལྔ་སྟེ།  ལྷ་རྟ་གེ་རུ་སྙན་དཀར་དང༌།  གར་རྟ་འཕྱོ་བ་བང་མགྱོགས།  རྒོད་རྟ་ལྡེང་པ་གསེར་ལོ་དང༌།  གསས་རྟ་མཚལ་བུ་བང་ཆེན་དང༌།  གནམ་རྟ་གྱི་ལིང་འགྲོས་ཆེན་དང་ལྔ། དབང་རྟ་སྤྲིན་གྱི་ཤུགས་ཆེན་དང་དྲུག འབྲུག་རྟ་སྔོན་པོ་དང་བདུན་ཡིན་པ་དྲི་མེད་རྩ་མདོ་ལྡེབ་༢༢༧ན་གསལ།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.