མཁར་ནག་སྐལ་བཟང་རྒྱལ་མཚོ།
མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།
མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།
མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།
མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།
ཕྱོགས་སུ་འཁྱམས་པའི་དབྱངས་རྟ།
མཁར་ནག་སྐལ་བཟང་རྒྱ་མཚོ།
མཚར་སྡུག་སྐུ་མཆོག་ལྟ་བས་མི་ངོམས་མཚན་དཔེ་གཟི་བྱིན་འོད་སྟོང་འབར།།
སྙན་འཇེབས་གསུང་དབྱངས་ཚངས་པ་དགྱེས་པའི་བཞི་ལྷག་དྲུག་ཅུའི་ཡོན་ཏན་རྫོགས།།
མཁྱེན་བརྩེ་ཐུགས་ཉིད་བོན་ཀུན་གཟིགས་ཤིང་འགྲོ་རྣམས་བྱམས་པས་སྐྱོང་མཛད་མ།།
རྒྱལ་ཡུམ་ཆེན་མོའི་གསུང་གི་རྣམ་རོལ་དབྱངས་ཅན་ལྷ་མོས་དུས་ཀུན་སྐྱོངས།།
དཀར་ནག་ལས་ལམ་གསུམ་བཞི་གསུམ་གྱི་ཉེར་ལེན་རྒྱུ་དག་སྔོན་སོང་ནས།།
དེ་ཡིས་དྲངས་པའི་རྒྱུ་མཐུན་རྣམ་སྨིན་དབང་སོགས་འབྲས་བུ་བདེ་སྡུག་གཉིས།།
ངེས་པར་སྨིན་ཞིང་ཆུད་མི་འཛའ་བ་ཟློག་ཏུ་མེད་པའི་བོན་ཉིད་ཅེས།།
རྣམ་འདྲེན་སྟོབས་བཅུ་མངའ་བ་གང་གི་མི་འཇིགས་བཞི་ལྡན་གསུང་ལས་ཐོས།།
དེ་ལྟར་ལེགས་ན་ཐོག་མ་མེད་པའི་འཁོར་བར་འཁྱམས་པའི་བདག་ཉིད་ཀྱང་།།
རྣམ་དཀར་བསོད་ནམས་ཚོགས་ལ་གོམས་པའི་ལས་འཕྲོ་ཅན་ཞིག་ཡིན་ལས་ཆེས།།
དེ་བཞིན་མིན་ན་དུག་ལྔའི་རྦ་རླབས་དྲག་ཏུ་འཕྱུར་པའི་སྲིད་མཚོ་ལས།།
བདེ་པར་བགྲོད་པའི་དལ་འབྱོར་རྟེན་བཟང་དེང་གི་དུས་ལ་ཐོབ་རེ་སྐན།།
དམ་པ་དག་ནི་ཞི་བར་གཤེགས་ཀྱང་འཁོར་བ་སྲིན་མོའི་མཚོ་གླིང་དུ།།
འཁྱམས་པའི་འགྲོ་བ་བདེ་བར་འགོད་ཕྱིར་བསམ་བཞིན་འཁོར་བར་སྐྱེས་སྲིད་ཀྱང་།།
དམན་པར་གྱུར་རྣམས་འདོད་ཡོན་ལྔ་ཡི་བསླུ་བྲིད་ཚོགས་ལ་རྗེས་ཆགས་ནས།།
ཡང་ནས་ཡང་དུ་འཁོར་བར་འཁྱམས་ཤིང་འཁྲུལ་བའི་རང་སྣང་གཅོད་ནུས་མིན།།
རབ་ཡངས་སྲིད་པ་གསུམ་གྱི་ཁྱོན་དུ་འཚོ་བའི་འགྲོ་བ་མཐའ་དག་ཀུན།།
མཆོག་དང་དམན་པ་གང་དུ་གྱུར་ཀྱང་སྡུག་བསྔལ་གསུམ་པོ་འབའ་ཞིག་ལས།།
བདེ་བའི་གོ་སྐབས་ཡེ་ནས་དབེན་ཞེས་འཁོར་བ་སྲིན་མོའི་འཛུམ་བག་ལ།།
ངེས་བར་འབྱུང་བའི་དགེ་སྦྱོང་ཚོགས་ནི་མི་ལྷུང་ཕྲེང་བའི་གྲངས་ལ་འཕྱ།།
ངུར་སྨྲིག་རྒྱལ་མཚན་སྲིད་རྩེར་བསྒྲེངས་པའི་མཚམས་སྤྲིན་གསར་བའི་རང་མདངས་ཀྱིས།།
འཛིན་མའི་ཁྱོན་ཀུན་དམར་སེར་བྱེད་པ་བགྲང་འདས་ཚངས་པར་སྤྱོད་པ་བཞིན།།
ཡབ་ཆེན་བཀའ་ལུང་ལྕི་མས་བསྐུལ་ཚེ་ཁྱིམ་མེད་རབ་ཏུ་བྱུང་ན་ཡང་།།
འཁོར་བའི་གནས་ལ་ངེས་འབྱུང་མ་སྐྱེས་བདེ་བར་སྒོམ་པའི་ངང་ཚུལ་བརྟན།།
ཚུལ་གོས་རྣམ་གསུམ་རྒྱན་དུ་ཐོགས་ནས་ཀུན་གྱིས་མཆོད་པའི་ཞིང་མཆོག་ཏུ།།
གྱུར་ཀྱང་ཡོན་ཏན་ནོར་གྱིས་ཕོངས་པའི་རང་མཚང་རང་གིས་རྟོགས་པའི་ཚེ།།
ཚ་བའི་བཞིན་ནི་རྒྱ་སྐྱེགས་ལ་འགྲན་ཀུན་ནས་དམར་བའི་སྐྱེངས་ཚུལ་བཅས།།
ཤེས་རིག་བསམ་འཕེལ་དབང་རྒྱལ་འཚོལ་བའི་གོམ་པའི་འདེགས་འཇོག་བསྒྱུར་ལ་བརྩོན།།
ཕ་ཡུལ་བདུད་ཀྱི་བཙོན་རྭར་བསྒོམས་ནས་རྒྱལ་ཁམས་འགྲིམ་འདོད་སྐྱེས་མིན་ཡང་།།
ལྔ་རིག་སྤོས་དཀར་ཟས་པའི་མཁས་དབང་ཕྱོགས་ཀྱི་གླང་པོ་བསྟེན་པའི་ཕྱིར།།
ལྟེ་མཚལ་དྲོན་མའི་རེ་ཁཱས་མཛེས་པའི་རང་གི་ཡུལ་ནི་རྒྱང་དོར་ནས།།
རྒྱུས་མེད་ཡུལ་དུ་འཁྱམས་པའི་བརྟུལ་ཞུགས་སྤྲོ་བའི་ཉམས་བཅས་ཉེ་བར་བླངས།།
དམ་པ་དག་ནི་དབེན་པར་གནས་ཀྱང་གྲགས་སྙན་ལྷ་ཡི་རྔ་ཆེན་སྒྲ།།
ཀུན་གསལ་བུ་མོའི་མཐའ་རུ་འགོངས་སྙམ་དེ་ཡི་བཀུགས་པའི་བློ་གསལ་ཚོགས།།
ཆུ་སྐྱེས་ཚལ་ལ་རྐང་དྲུག་དང་ནི་པད་མའི་མཚོ་ལ་ངང་མོ་བཞིན།།
ཕྱོགས་དང་ཕྱོགས་ནས་ཕེབས་པའི་གྲངས་ནི་བྱེ་རྙེད་ཞིང་གི་རྡུལ་ལ་བལྟ།།
མཐོང་བ་དོན་ལྡན་གསེར་ཞལ་མཇལ་བའི་རབ་དགའི་ས་ཆེན་ནོན་སྙམ་པའི།།
དགའ་བ་འབུམ་གྱིས་ལུས་སེམས་རབ་བརྟས་དད་པའི་སྤུ་ལོང་གཡོ་བའི་ཚེ།།
སྙིམ་པའི་པད་མོ་གནས་གསུམ་འཁོར་ལོར་དལ་གྱི་བསྐྱོད་པའི་མཛེས་སྡུག་དང་།།
ལང་ཚོའི་འཁྲི་ཤིང་དུད་པའི་ཟློས་གར་ཡང་ཡང་བསྒྱུར་ལ་དལ་མ་གྱུར།།
སྙན་པ་དྲི་ཟའི་དབྱངས་ལ་ཅོ་འདྲི་བརྗིད་པ་དབྱར་རྔར་སྐྱེངས་སྟེར་བ།།
ལེགས་བཤད་བརྒྱ་ཕྲག་འདོམས་པའི་གསུང་མཆོག་ཚངས་དབྱངས་དྲུག་བཅུའི་རྗེས་འགྲོ་ཅན།།
ཐོས་འཛིན་བུ་མོ་དབང་མེད་འགུགས་པ་སྙན་འཇེབས་རྣ་བའི་བདུད་རྩི་གང་།།
དེང་འདིར་ཐོབ་པའི་དགའ་བའི་དཔལ་ནི་དངོས་པོ་གཞན་གྱིས་སྦྱིན་ནུས་མིན།།
ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ནམ་མཁའི་ནོར་བུའི་གཟི་བྱིན་དང་།།
བརྩེ་ཆེན་ཐུགས་རྗེ་འཕྲུལ་གྱི་ཞགས་པས་སྐྱེ་རྒུ་གཞར་ཡང་མི་གཏོང་བ།།
ཕྱོགས་བཅུའི་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་གང་གི་ཐུགས་ཀྱི་ཀློང་།།
མཚོན་པའི་དཔེ་འོས་རང་ཉིད་ལས་གཞན་སྲིད་ན་དམིགས་པའི་གནས་མ་མཆིས།།
བསྐལ་སྟོང་རྣམ་འདྲེན་སྟོང་གི་བཀའ་དང་ཞང་བོད་མཁས་གྲུབ་བྱེ་བའི་ལུང་།།
མདོ་རྒྱུད་མན་ངག་ལེགས་བཤད་རྒྱུན་བཟང་གང་གའི་བུ་མོའི་དྭངས་གསལ་བཅུད།།
མ་ལུས་རྣམ་དཔྱོད་ཧུབ་ཀྱིས་བཞེས་མཛད་དུས་ཀྱི་ཛ་ཧུ་གཉིས་པ་ཞེས།།
འཆི་མེད་ཚལ་ན་ལྷ་དབང་གིས་ཀྱང་མཚར་བའི་སྤྱན་སྟོང་བསྒྲད་དེ་བལྟ།།
མི་བརྗེད་ཞིང་གི་འདུལ་དཀའི་འགྲོ་བ་སྲིད་པའི་ཕུན་ཚོགས་དོན་གཉེར་ཀུན།།
ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞིས་མྱ་ངན་མེད་པའི་ཞིང་མཆོག་ཏུ།།
ཁྲིད་པའི་མཛད་བཟང་ཟད་མི་ཤེས་པའི་དགེ་མཚན་སྟོང་ཕྲག་མངོན་གྱུར་ཚེ།།
ཕྱོགས་བཅུ་རྒྱལ་ཀུན་ངོ་མཚར་འཛིན་ན་མཁས་རློམ་ཚོགས་ནི་སྨྲོས་ཅི་འཚལ།།
དེ་ལྟར་མཁས་བརྒྱའི་རལ་བའི་ཁྲི་ལ་འཇིགས་མེད་ཞབས་ཀྱི་འཁོར་ལོ་རིས།།
བདེ་བླག་བཀོད་པ་སྨྲ་བའི་སེང་ཆེན་གངས་རིའི་ཞིང་གི་འདྲེན་པ་གང༌།།
སྤྱི་གཙུག་བདེ་ཆེན་འཁོར་ལོ་རྒྱན་དུ་དེང་འདིར་ཐོབ་པའི་སྐལ་བཟང་འདི།།
སྔོན་བསགས་བསོད་ནམས་མཐུ་ལས་གྲུབ་ཕྱིར་བྱིན་རླབས་ལེན་ལ་ངལ་བ་བྲལ།།
གང་གི་མཁྱེན་དཔྱོད་རལ་བའི་ཀློང་དུ་འཁྱིལ་བའི་ལེགས་བཤད་གང་གའི་རྒྱུན།།
བློ་གསལ་སྐལ་ལྡན་ཤིང་རྟའི་ཚོགས་ཀྱི་ཡིད་ཀྱི་རྐོམ་པ་སེལ་བའི་ཕྱིར།།
ཆུ་ཐིགས་ཙམ་ཞིག་གནངས་པའི་དཔལ་གྱིས་ས་གསུམ་སྐྱེ་དགུའི་འགྲོ་བ་ཀུན།།
མྱ་ངན་མེད་པའི་ཞིང་དུ་བཀོད་ཕྱིར་རྒྱལ་རྣམས་ཀུན་ཀྱང་གློ་བ་མཉེས།།
མཁྱེན་བརྩེ་ནུས་པའི་བདག་ཉིད་གང་ཞིག་གནས་གསུམ་འཁོར་ལོའི་ལྟེ་བ་རུ།།
སྒོམ་པའི་སྐལ་བཟང་མངོན་དུ་གྱུར་ཀྱང་ལྷན་སྐྱེས་མ་རིག་པ་ཡི་དཔུང་།།
ཆེས་ཆེར་འཁྲིགས་འདིས་བསམ་སྦྱོར་མཐའ་དག་ཐ་མལ་པ་ཡི་རང་གཤིས་ལས།།
ཐར་དུ་མ་བཏུབ་དམ་པའི་མཛད་བཟང་ནམ་ཡང་སྨོན་པའི་ཡུལ་དུ་ལུས།།
སྐྱེས་སྦྱངས་ཤེས་རབ་ཇི་ལྟར་ཆེ་ན་ཤེས་བྱའི་དཀྱིལ་འཁོར་དེ་ལྟར་དུ།།
ཟབ་ཅིང་ཡངས་པའི་མཐའ་མི་མངོན་ཕྱིར་བདག་འདྲ་བྱིས་བློ་འཆང་བ་རྣམས།།
ཤེས་བརྩོན་ཟུང་གི་སྟོབས་ཤུགས་བྲལ་ནས་བག་ཡངས་ངང་དུ་གནས་གྱུར་ན།།
རྨད་བྱུང་ཡོན་ཏན་དབང་གཞུ་ཇི་བཞིན་ལག་ཏུ་སོན་པའི་དུས་ནི་དབེན།།
ཚུལ་འདི་བསམ་ནས་བརྟུན་པ་བསྐྱེད་དེ་གང་གསུང་ལེགས་བཤད་མཐའ་དག་ལ།།
ཐོས་བསམ་སྒོམ་པའི་ངལ་བ་བརྟེན་ཀྱང་རང་གི་ཅོལ་ཆུང་སེམས་པ་འདི།།
འདོད་ཡོན་ལྔ་ཡི་རྗེས་སུ་འབྲང་ནས་རྟེན་མེད་རིག་པའི་རང་མདངས་ཀྱང་།།
ཆུ་ཡི་དབུ་བ་ཇི་བཞིན་གྱུར་ནས་དོན་གྱི་གསེར་ཞུན་ཐོབ་མ་གྱུར།།
ལྷག་པར་འཁོར་བའི་གནས་ལ་ཞེན་པའི་སེམས་འགྱུ་སྲབ་མེད་རྟ་རྒོད་གང་།།
དྲན་ཤེས་སྒྲོག་གིས་རྒྱ་ལས་འགོངས་ནས་མཐོ་དམན་སྲིད་པའི་གནས་ཀུན་ཏུ།།
ཐོགས་བྲལ་རླུང་གི་གཤོག་འགྱུར་དང་བཅས་མྱུར་བར་བསྐྱོད་པའི་གོམ་འགྲོས་ནི།།
ཤུགས་ཆེན་མདའ་དང་རྒྱུ་སྐར་སོགས་ཀྱིས་ཇི་བཞིན་གཞལ་བར་ནུས་སམ་ཅི།།
དྲན་འཛིན་ཡིད་ཀྱི་མེ་ལོང་ངོས་སུ་ཤར་བའི་ཕྱིར་དྲན་སྒྱུ་མའི་གཟུགས།།
ཁྲ་ཆུང་མིག་གི་མཐོང་བྱ་མིན་ཡང་ཝ་ལེར་སྣང་བའི་རེ་ཁཱ་ལས།།
ཆེས་ཆེར་ཞེན་པའི་ཁོར་ཡུག་དེ་ནི་རིང་ནས་དུངས་པའི་ཕ་ཡུལ་དེ།།
བྱེས་སུ་འཁྱམས་པའི་མགྲོན་པོ་ཀུན་ལ་ཐུན་མོང་སྣང་བའི་ངང་ཚུལ་ལེགས།།
རི་ཆུ་དུ་མས་བསྐལ་བའི་ཡུལ་ན་བྱམས་བརྩེ་ཐུགས་ཀྱི་ཞགས་པ་ཡིས།།
ཕྱོགས་སུ་འཁྱམས་པའི་རྣམ་ཤེས་འགུགས་མཁས་དྲིན་ཅན་ཕ་ལོ་མ་ལོ་ཡི།།
དབུ་སྐྲའི་མཛེས་སྡུག་ཁ་བ་དཀར་པོས་ཡོངས་སུ་འཕྲོག་པར་གྱུར་ཏམ་ཞེས།།
དུངས་པའི་འཕྲིན་པ་སྦྲེངས་པའི་དུས་འདིར་མཆི་མས་མིག་ལ་ཅི་ཕྱིར་འཚེས།།
དེ་ནི་ཡིད་ཀྱི་ཆུ་གཏེར་ཆེན་མོ་འགྱུ་དྲན་རླུང་གིས་བསྐྱོད་ཆེ་བས།།
སྣ་ཚོགས་རྟོག་པའི་རླབས་རྒྱུན་འཛད་མེད་གཅིག་རྗེས་གཉིས་མཐུད་གཡོ་བ་ཡི།།
འགྱུ་བ་མ་ནོན་ཕྱི་རུ་མངོན་པའི་སྐྱོ་གདུང་ཉམས་འགྱུར་སླད་མེད་པ།།
ཡིན་ཕྱིར་ཕྱོགས་སུ་འཁྱམས་པ་དག་ལ་རྟག་ཏུ་འབྱུང་གི་རེ་ཙམ་མིན།།
ཚུལ་འཆོས་སྤྱོད་པར་མོས་པ་མེད་ཀྱང་གཞན་ཡུལ་འགྲིམ་པའི་མགྲོན་པོ་ཡིས།།
གུས་དང་ཞུམ་པའི་སྤྱོད་པ་འཆང་ན་བདེ་བར་གནས་པའི་མཐུན་རྐྱེན་མཆོག།
གཅམ་བུའི་ཚིག་ནི་སྨྲ་མི་འདོད་ཀྱང་འགལ་རྐྱེན་ཟློག་པའི་གོ་ཆ་རུ།།
མི་ལེན་ཀ་མེད་བྱུང་འདིར་བསམ་ན་སྐྱོ་དང་དགོད་བྲོའི་གནས་སུ་ངེས།།
དེ་ལྟར་ལུས་ངག་སྤྱོད་ངན་འགའ་རེ་བསམ་བཞིན་དང་དུ་ལེན་དགོས་པས།།
འཇིག་རྟེན་ཆོས་བརྒྱད་འདོར་མི་ཐུབ་ཕྱིར་ནམ་ཡང་འཁོར་བའི་དྲྭ་རྒྱ་ལས།།
ཐར་དུ་མི་ནུས་ཕྱིས་ཀྱི་དོན་ཆེན་སྒྲུབ་པའི་ནུས་པ་ཕྲ་བའི་ཚུལ།།
བསམས་ཞིང་བསམ་ན་བྱེས་སུ་འཁྱམས་འདིའང་རྨད་དུ་བྱུང་བའི་ཐབས་མཆོག་མིན།།
ཚུལ་འདིས་རྐྱེན་བྱས་གོམ་པའི་འདེགས་འཇོག་ཕ་ཡུལ་ཕྱོགས་སུ་སྒྱུར་བའི་ཚེ།།
རིང་ནས་འདྲེས་པའི་མཆེད་གྲོགས་དུ་མས་སྐྱེལ་མ་བྱེད་པའི་དུས་ཉིད་ནས།།
ཡིད་སེམས་སྐྱོ་བས་རབ་ཏུ་གདུངས་ནས་ཕན་ཚུན་འབྲལ་མི་འདོད་པའི་ཚུལ།།
དར་ཅིག་བསམས་ན་ད་དུང་འཁོར་བར་ངེས་འབྱུང་མ་སྐྱེས་པ་ཡི་རྟགས།
དེ་ལྟར་གཉེན་ཉེ་འཁོར་བའི་གདོས་ཐག་དུམས་སེ་གཅོད་པར་མ་ནུས་པར།།
ལྔ་རིག་བདུད་རྩིའི་དཔལ་ལ་རོལ་བའི་གོ་སྐབས་བཟང་པོ་རྒྱང་དོར་ནས།
ཕ་ཡུལ་བདུད་ཀྱི་བཙོན་རྭའི་ནང་དུ་སླར་ཡང་ལོག་པའི་ངང་ཚུལ་འདིས།།
ཐ་མལ་པ་ཡི་རང་མཚང་རང་གིས་ད་ལྟ་བསྟན་པ་མ་ཡིན་ནམ།།
དམ་པ་དག་ནི་ངེས་མེད་ཡུལ་ན་བྱང་ཆུབ་སྒྲུབ་ལ་ཉིན་མཚན་འབྲེལ།།
རྣལ་འབྱོར་བ་དག་རྒྱལ་ཁམས་འགྲིམས་ནས་འགྲོ་དོན་མཛད་ལ་ངལ་བ་བྲལ།།
དཔྱོད་ལྡན་ཚོགས་ནི་ལྔ་རིག་གླིང་ན་ཤེས་རིག་འཚོལ་ལ་རྟག་ཏུ་བྲེལ།།
བདག་འདྲ་རིགས་ངན་ཚོགས་ནི་རྟག་ཏུ་བསླུ་བྲིད་ཁ་ནས་ཐར་མ་ནུས།།
དེ་ལྟར་ན་ཡང་ཐར་བའི་དཔལ་ལ་རེ་ཞིག་འདུན་པ་སྐྱེས་པའི་མཐུས།།
བཤེས་གཉེན་དམ་པའི་ཞབས་རྡུལ་རིན་ཆེན་སྤྱི་བོར་ལེན་པའི་སྐལ་བ་བཟང་།།
ལན་ཅིག་ཐོབ་འདིས་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མའི་གསེར་ཞལ་ཉིད།།
ཡང་ཡང་མཇལ་བའི་སྨོན་པའི་སེམས་འདི་བྱང་ཆུབ་བར་དུ་འདོར་ནུས་མིན།།
ཕུན་ཚོགས་སྦྱང་འབྲས་གཡུར་དུ་ཟ་བའི་བཤེས་གཉེན་བསམ་འཕེལ་ནོར་བུ་མཆོག།
སྟོང་སྙིང་ཟུང་འཇུག་ལྟར་མེད་རྟོགས་པའི་རྣལ་འབྱོར་ཆེན་མོའི་མཛད་འཕྲིན་ནི།།
ཚེ་འདིར་སྨོན་པའི་ཡུལ་དུ་ལུས་མོད་ནམ་ཞིག་རིག་པའི་རྩལ་རྒྱས་ནས།།
འབད་མེད་བརྩོན་པའི་སྐལ་བཟང་ཉིད་ནི་ཡི་དམ་ལྷ་ཡིས་བསྙེལ་མ་འཚལ།།
དེ་བཞིན་སྨོན་པའི་གསོལ་འདེབས་དྲག་པོ་དབྱངས་སུ་གྱེར་བའི་ཐུན་མཚམས་ནས།།
སྔོན་བྱུང་དོན་ལ་རྗེས་སུ་དྲན་པའི་ཕྱི་མིག་ལན་ཅིག་འཕང་བའི་ཚེ།།
སྙན་ཚིག་ལམ་ནས་ཕྲེང་དུ་བསྟར་འདི་དབྱངས་ཅན་ལྷ་མོའི་མཐུ་བྱིན་གྱིས།།
སྙན་ངག་མཁན་པོ་རྗེས་སུ་བཟུང་པའི་རིག་པའི་རྩེད་འཇོ་ཁོ་ན་འོ།།
- ཟིན་ཐོ་གོང་མ།སངས་རྒྱས་སྟོན་པ་གཤེན་རབ་མི་བོ།
- ཟིན་ཐོ་འོག་མ།སྟོན་པའི་རྣམ་ཐར་དྲི་མེད་རྩ་མདོའི་ངོ་སྤྲོད།