ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མདོ་བསྡུས་ཀྱི་ངོ་སྤྲོད། | 2011/5/11 15:13:00

སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཆེས་བསྡུས་ཤོས་མདོ་བསྡུས་ཀྱི་ངོ་སྤྲོད།

མཁར་ནག་སྐལ་བཟང་རྒྱ་མམཚོ།

དེ་ཡང་མདོ་བསྡུས་ནི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཆེས་བསྡུས་ཤོས་ཡིན་ལ་གཡུང་དྲུང་བོན་གྱི་བཀའ་ཆེན་པོ་ལས་གླགས་བམ་ཨང་སུམ་ཅུ་བ་ཡིན།  དེ་ལ་ལེའུ་ཉེར་བཞི་ཡོད།  དང་པོ་གླེང་གཞི་ཕུན་སུམ་འཚོགས་པའི་ལེའུ་ལ་ཤོག་ལྷེ་བཞི་ཡོད་ལ།  དེའི་ནང་དོན་ནི་སྟོན་པ་རི་གཡུང་དྲུང་དགུ་བརྩེགས་ན་བཞུགས་དུས་འཁོར་རྣམས་ཀྱིས་བོན་ཞུས་པའིགླེང་སློང་བའི་ལེའུ་ཡིན།

གཉིས་པ་ཕྱི་སྣོད་ཅི་ལྟར་ཆགས་པའི་ལེའུ་ལ་ཤོག་ལྷེ་བཞི་ཡོད།  དེའི་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ཅི་ལྟར་ཆགས་ཚུལ་དང་འཇིག་རྟེན་གྱི་གླིང་སོགས་དང་ཁྱད་པར་འོལ་མོ་ལུང་གང་དུ་ཡོད་པའི་སྐོར་བཀོད་ཡོད།

གསུམ་པ་ནང་བཅུད་སེམས་ཅན་སྐྱེ་འཆི་ལས་འབྲས་བསྟན་པའི་ལེའུ་ལ་ཤོག་ལྷེ་དྲུག་ཡོད།  དེའི་ནང་དོན་ནི་ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་གྲོལ་ཚུལ་དང་ཡེ་སྨོན་རྒྱལ་བས་འབྲི་བགོས་པའི་གཏམ་རྒྱུད་དང་རིགས་དྲུག་གི་གནས་དང་ཚེ་ཚད་སོགས་རེགས་ཙམ་བསྟན་ཡོད།

བཞི་བ་བདེར་གཤེགས་སྟོང་གིས་ལུང་བསྟན་པའིལེའུ་ལ་ཤོག་ལྷེ་གཉིས་ཙམ་ཡོད༌།  དེ་ནི་བསྐལ་བ་འདི་མ་ཆགས་གོང་གསེར་གྱི་པད་མ་འདབ་མ་སྟོང་དང་ལྡན་པ་ཞིག་འཁྲུངས་དུས།  བདེར་གཤེགས་རྣམས་ཀྱིས་དེ་ནི་བསྐལ་སྟོང་སངས་རྒྱས་སྟོང་འབྱོན་པའི་ལུང་བསྟན་པའི་ལེའུ་ཡིན།

ལྔ་བ་གྲུབ་པའི་གཤེན་དགུ་སེམས་སྐྱེད་ལུང་བསྟན་ཐོས་པའི་ལེའུ་ལ་ཤོག་ལྷེ་གཉིས་ཡོད།  དེ་ནི་མཚན་རབས་དང་པོ་སངས་རྒྱས་རབས་དགུ་བྱུང་ཚུལ་དང༌།  སྟོན་པ་ལ་འབུམ་ཁྲི་གློག་གི་ལྕེ་ཅན་གྱི་ལུང་བསྟན་ཚུལ་ཡིན།

དྲུག་པ་དུས་གསུང་སྟོན་པ་ཇི་ལྟར་བྱུང་བའི་ལེའུ་ལ་ཤོག་ལྷེ་བཞི་ཡོད།  དེ་ནི་ཚེ་ལོ་འབུམ་པའི་དུས་ནས་བཟུང་སངས་རྒྱས་རབ་བདུན་བྱོན་ཚུལ་དང༌།  སྟོན་པ་གཤེན་རབ་འཁྲུངས་ཚུལ་ཁབ་ཏུ་བཙུན་མོ་གང་བཞེས་པ་དང་སྲས་གང་འཁྲུངས་པ།  མཐར་སངས་རྒྱས་གང་འབྱོན་པ་སོགས་ཤིན་ཏུ་བསྡུས་པའི་སྒོ་ནས་བཀོད་ཡོད།  ལེའུ་འདིའི་ནང་དུ་སྟོན་པ་ལ་སྤུན་མཆེད་དགུ་དང་སྲིང་མོ་ཞིག་ཡོད་ཚུལ་བཀོད་ཡོད་ལ།  སྲིང་མོ་གཤེན་ཟ་ངང་རིང་མ་ཕྱ་ཨན་ཙེ་ལན་མེད་ཕྱ་ཀེང་ཙེ་ལན་མེད་ཀྱང་ཟེར་དང་རོལ་ནས་སྲས་ཡིད་ཀྱི་ཁྱེའུ་ཆུང་འཁྲུངས་ཞེས་ཀྱང་བཀོད་ཡོད།

བདུན་པ་སྟོན་པ་གཤེན་རབ་ཀྱི་སྐྱེས་རབས་ཀྱིལེའུ་ལ་ཤོག་ལྷེ་གསུམ་ཡོད།  དེའི་ནང་དུ་སྟོན་པ་སྔོན་དམྱལ་བ་གྱད་བུ་ཐུང་དུ་སྐྱེས་པ་ནས་བཟུང་མ་དག་པ་དང་དག་པའི་སྐྱེ་བ་མང་པོ་བཞེས་ནས་ཚོགས་བསགས་སྒྲིབ་སྦྱང་བྱས་ཚུལ་བཀོད་ཡོད།

བརྒྱད་པ་གཤེན་རབ་སྟོན་པ་ཅི་ལྟར་འཁྲུངས་བའི་ལེའུ་ལ་ཤོག་ལྷེ་བཞི་ཡོད།  དེའི་ནང་དུ་སྟོན་པས་རི་རབ་ཀྱི་རྩེ་ནས་གཟིགས་དགོངས་ཐུགས་ལ་བཀྲམ་ནས་འོལ་མོ་ལུང་རིང་དུ་འཁྲུངས་ཚུལ་བཀོད་ཡོད།  དེའི་ནང་དུ་སྟོན་པ་གཤེན་རབ་དགུང་ལོ་བཅུ་ལ་རྒྱལ་སར་ཕྱུང་ཞེས་བཀོད་ཡོད་པ་དྲི་མེད་ཀྱི་ལོ་གསུམ་ནས་རྒྱལ་སར་ཕྱུང་ཞེས་པ་དང་གཉིས་མི་མཐུན།

དགུ་བ་ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས་ནས་སྲས་གཏོ་བུ་འཁྲུངས་བའིལེའུ་ལ་ཤོག་ལྷེ་དྲུག་ཡོད།  དེའི་ནང་དུ་ཧོས་དང་བ་ཡིད་རིང་གིས་སློབ་དཔོན་གཙུག་གཤེན་རྒྱལ་བ་མཆོད་གནས་སུ་གདན་དྲངས་ནས།  བཙུན་མོ་འགུ་ལིང་མ་ཏིས་སློབ་དཔོན་ལ་བསྐུལ་བ་བཏབ་པ་དང༌།  སྟོན་པ་བྱོན་ནས་དེའི་འགྲོ་དོན་མཛད་ཚུལ།  ཧོས་ཟ་རྒྱལ་མེད་མ་ཁབ་ཏུ་བཞེས་ནས་སྲས་གཏོ་བུ་སོགས་འཁྲུངས་ཚུལ་བཅས་བཀོད་ཡོད།

བཅུ་བ་དཔོའ་ཟ་ཐང་མོ་ཁབ་ཏུ་བཞེས་པའི་ལེའུ་ལ་ཤོག་ལྷེ་དྲུག་ཡོད་ལ།  དེའི་ནང་དུ་སྡིག་ཅན་མི་དགུའི་དོན་དུ་དཔོ་རྒྱལ་འབར་བའི་སྒྲོན་མ་ཅན་གྱིས་སྟོན་པས་ཞུས་པ་དང༌།  དཔོའ་ཟ་ཐང་མོ་ཁབ་ཏུ་བཞེས་ནས་སྲས་ལུང་འདྲེན་སོགས་འཁྲུངས་ཚུལ་བཀོད་ཡོད།

བཅུ་གཅིག་པ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ལེའུ་ལ་ཤོག་ལྷེ་གསུམ་ཡོད།  དེའི་ནང་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཕྱ་ཨན་ཙེ་ལན་མེད་ཀྱིས་གྲོགས་བྱས་པ་ལ་བརྟེན་ནས་གསས་ཁང་དཀར་ནག་བཀྲ་གསལ་བཞེས་ནས།  སྟོན་པས་བདུད་སྲིན་བཏུལ་པ་དང་བསྟན་པ་རྣམ་གསུམ་རྗེས་སུ་བཞག་ཚུལ་ཀོང་ཟ་འཕྲུལ་བསྒྱུར་མ་ལ་སྲས་བུ་འཕྲུལ་བུ་ཆུང་འཁྲུངས་པ་སོགས་བཀོད་ཡོད།  འདི་སྐབས་སུ་ཕྱ་ཀེང་ཙེ་ལན་མེད་ལ་ཨན་ཙེ་ལན་མེད་ཅེས་བྲིས་ཡོད་པ་འདི་གཞན་དང་མི་མཐུན་པ་ཙམ་དུ་སྣང༌།

བཅུ་གཉིས་པ་སྟོན་པ་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་ནས་བཏུལ་བའི་ལེའུ་ལ་ཤོག་ལྷེ་བཅུ་ཡོད་ལ།  དེའི་ནང་དུ་བདུད་ཁྱབ་པ་ལག་རིང་གི་ཡུལ་དང་དེའི་གྲོལ་ཁུངས།  དེས་སྟོན་པ་ལ་ཆོ་འཕྲུལ་བསྟན་ཚུལ།  གཏོ་སྒྲོམ་བསྲེགས་ཚུལ།  བཙུན་མོ་དཔོའ་ཟ་བསླུས་ནས་དེ་ལ་བདུད་བུ་གོ་བོ་ཆུང་སྐྱེས་ཚུལ།  ནེའུ་ཆུང་བདུད་ཀྱིས་ཁྲིད་ཚུལ།  སྟོན་པ་རྟ་བདུན་བདུད་ཀྱིས་བརྐུས་ནས་སྟོན་པ་རྐོང་པོ་ཡུལ་དུ་བྱོན་ཚུལ།  རྐོང་ཟ་ཁྲི་ལྕམ་ཁབ་ཏུ་བཞེས་ནས་ལྷ་རི་གྱང་དོར་ཞག་བདུན་བཞུགས་ཚུལ།  ཡར་གཤེགས་ཁར་ཁྱུང་ལུང་རྔུལ་མཁར་བརྩིགས་ནས་དེ་རུ་སྲས་བུ་རྐོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས་ཚུལ།  སྟོན་པ་ལ་མ་རྟག་པའི་དགྲ་བཞི་ཡོད་ཚུལ།  དེ་ནི་ཕ་སྤུན་མ་བརྟགས་པའི་དགྲ་བདུད་ཁྱབ་པ། ཆུང་མ་མ་བརྟགས་པའི་དགྲ་རྐོང་ལྕམ་དཀར་མོ་དེ་རྒྱའི་གེ་མོའི་ཟླ་ལ་སོང་ཞེས་བཀོད་ཡོད།  སློབ་བུ་མ་བརྟགས་པའི་དགྲ་གཉེན་ཐེའུ་ནག་པོ།  གྲོགས་པོ་མ་བརྟགས་པའི་དགྲ་ཧོར་ཕྲུག་ཤོར་བ་རྟ་བདུན།  སྟོན་པའི་རྟ་བདུན་ཁྱེར་ནས་སོང་ཞེས་བཀོད་ཡོད་པས་བདུད་ཕྲུག་ཤོར་བ་རྟ་བདུན་འདི་སྟོན་པའི་གྲོགས་ཡིན་པ་ལྟར་བརྗོད་ཡོད།

བཅུ་གསུམ་པ་སྟོན་པས་ཁྱིམ་སྤངས་རབ་ཏུ་བྱུང་ནས་མངོན་པར་རྫོགས་པའི་སངས་རྒྱས་ཚུལ་གྱི་ལེའུ་ལ་ཤོག་ལྷེ་ཕྱེད་དང་དྲུག་ཡོད།  དེའི་ནང་དུ་སྟོན་པ་གཤེན་རབ་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་ཚུལ་སོགས་བཀོད་ཡོད།

བཅུ་བཞི་བ་སྟོན་པས་བོན་གྱི་འཁོར་ལོ་བསྐོར་བའི་ལེའུ་ལ་ཤོག་ལྷེ་ཕྱེད་དང་དྲུག་ཡོད།  དེའི་ནང་དུ་སྟོན་པས་ཁམས་ཆེན་པོ་བརྒྱད་དང་འདུལ་བ་རྒྱུད་དྲུག་སོགས་གསུངས་ཚུལ་སོགས་བཀོད་ཡོད།

བཅོ་ལྔ་བ་གཏོ་བུ་འབུམ་སངས་ཀྱི་གྱེར་དོན་ཞུས་པའི་ལེའུ་ལ་ཤོག་ལྷེ་ལྔ་ཡོད། དེའི་ནང་དུ་སྟོན་པས་གཏོ་བུ་འབུམ་སངས་ལ་ཕྱ་སྣང་འཕྲུལ་སྲིད་ཀྱི་དོན་རེགས་ཙམ་གསུངས་ཡོད།

བཅུ་དྲུག་པ་མཛོད་གནས་ལེའུ་ལ་ཤོག་ལྷེ་གཉིས་ཡོད།  དེའི་ནང་དུ་མཛོད་གནས་བཅུ་བདུན་གྱི་སྤྱི་དོན་ཙམ་གསུངས་ཡོད།  དེའི་རྒྱས་དོན་སྲིད་པའི་མཛོད་ཕུག་ཡིན།

བཅུ་བདུན་པ་སྟོན་པས་གསང་བ་མདོ་སྡུད་ལ་ལུང་བསྟན་པའི་ལེའུ་ལ་ཤོག་ལྷེ་བཞི་ཡོད།  དེའི་ནང་དུ་སྟོན་པས་གསང་བ་མདོ་སྡུད་ལ་ད་དུང་བོན་ཅི་ཙམ་གསུང་རྒྱུད་ཡོད་པ་དང༌།  སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དྲུག་ཅུ་དུས་ལྷ་ཀླུ་མི་ཡུལ་དུ་བསྟན་པ་དར་ཚུལ་སོགས་བཀོད་ཡོད།

བཅོ་བརྒྱད་པ་བདེར་གཤེགས་ཀུན་འདུས་ཡོངས་རྫོགས་པའི་མཆོད་པའི་ལེའུ་ལ་ཤོག་ལྷེ་བཅུ་བདུན་ཡོད།  དེའི་ནང་དུ་ཀུན་འདུས་བདེར་གཤེགས་ལ་མཆོད་པ་འབུལ་ཚུལ་གྱི་ཆོ་ག་བསྡུས་པ་ཞིག་བཀོད་ཡོད།

བཅུ་དགུ་བ་དགེ་བའི་རྩ་བ་རྒྱ་ཆེར་བསྔོ་བའི་ལེའུ་ལ་ཤོག་ལྷེ་གཉིས་ཡོད་དེ་ནི་བསྔོ་བའི་ཚིག་བཤད་འགའ་ཡིན།

ཉི་ཤུ་བ་ཞལ་དྲོ་བཀྲ་ཤིས་ཀྱི་ལེའུ་ལ་ཤོག་ལྷེ་གཉིས་ཡོད་དེ་ནི་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཤིག་ཡིན།

ཉེར་གཅིག་པ་ཆོ་འཕྲུལ་བསྟན་པའི་ལེའུ་ལ་ཤོག་ལྷེ་གསུམ་ཡོད།  དེའི་ནང་དུ་སྔར་སྟོན་པས་རྫུ་འཕྲུལ་ཅི་ལྟར་བསྟན་པ་སོགས་བརྗོད་འདུག

ཉེར་གཉིས་པ་གཤེན་རབ་ཞིང་གི་བཀོད་པ་འོལ་མོ་གླིང་བཀོད་པའི་ལེའུ་ལ་ཤོག་ལྷེ་དྲུག་ཡོད།  དེའི་ནང་དུ་འོལ་མོ་གླིང་ཞིང་གི་བཀོད་པ་བརྗོད་ཡོད་ལ་ཡོངས་གྲགས་ཀྱིས་རྒྱུན་པར་འདྲེན་བཞིན་པའི་ལུང༌།  གཤེན་ཡུལ་འོལ་མོ་ལུང་རིང་ནི།  དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ།  ཞེས་པའང་ལེའུ་འདི་ནང་དུ་འདུག

ཉེར་གསུམ་པ་ཁྱབ་པ་རབ་ཏུ་བྱུང་ནས་སྟོན་པའི་བསྟན་པ་རྗེས་སུ་བསླབ་པའི་ལེའུ་ལ་ཤོག་ལྷེ་ཕྱེད་དང་བཞི་ཡོད།  དེའི་ནང་དུ་སྟོན་པས་བདུད་ཁྱབ་པ་ལ་སྔར་སྐྱེ་བ་གོང་མ་མང་པོ་ལ་བདུད་ཁྱབ་པ་སྟོན་པའི་དགྲ་རུ་ལང་ཚུལ་སོགས་གསུངས་ནས་བདུད་ཁྱབ་པ་རང་ཏུ་བྱུང་བ་སོགས་བཀོད་ཡོད།

ཉེར་བཞི་བ་སྟོན་པ་མྱ་ངན་ལས་འདས་པའི་ལེའུ་ལ་ཤོག་ལྷེ་ཕྱེད་དང་བརྒྱད་ཡོད། དེའི་ནང་དུ་བདུད་ཀྱིས་སྟོན་པ་ལ་མྱ་ངན་ལས་འདའ་བར་ཞུས་པ་དང་སྟོན་པ་མྱ་ངན་ལས་འདས་ནས།  འཁོར་རྣམས་ཀྱིས་གདུང་བསྲེགས་ཚུལ།  དེའི་རྗེས་ནས་བསྡུ་འཁོར་རྣམས་ཀྱིས་བོན་བཤད་ཚུལ།  སྟོན་པ་འདས་ནས་ལོ་ཉེར་བརྒྱད་ནས་ལྷ་ཀླུ་མི་གསུམ་གྱིས་བོན་འོལ་མོ་གླིང་དུ་བྱུང་ཚུལ།  བོན་འདིའི་ལོ་རྒྱུས་སོགས་བཀོད་ཡོད།

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.