བར་གྱི་ལྡིང་གཉིས་སྐོར་གླེང་བ།
བོད་རྒྱལ་བརྒྱད་པ་གྲི་གུམ་(རུམ་)བཙན་པོ་ནི་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་སྦྲང་བཟའ་ལྷ་རྒྱན་མ་གཉིས་ཀྱི་སྲས་སུ་ཕྱི་ལོའི་ཡར་སྔོན་(༧༡༠)ལོར་སྐུ་འཁྲུངས། འདི་ལ་“གྲི་གུམ་བཙན་པོ་”ཞེས་མཚན་ཐོགས།
སྤྱིར་དེ་སྔོན་རྒྱལ་པོ་རིམ་བྱོན་ལ་ཡབ་ཡུམ་གྱི་མཚན་དང་འབྲེལ་བའི་མཚན་གནས་རེ་འདོགས་པའི་ཚུལ་ཞིག་མངོན་ཡང་འདི་ནི་དེ་ལས་ལྡོག་ཏེ་མཚན་མཁན་གྱིས་རྒྱལ་སྲས་ཀྱི་ལུས་སེམས་ཀྱི་རང་གཤིས་ལས་དགོངས་ཏེ་མཚན་ཅིག་གསོལ་བའི་ཚུལ་ནི། “སྐྲ་རྩ་དམར་བ།
མིག་ཟླུམ་པ། ལག་མཐིལ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསོད་གཅོད་ཅེས་སྨྲ་བ།
སྡིག་ལ་མོས་ཤིང་གོ་མཚོན་ལ་དད་པ། མའི་རུམ་ནས་གྲི་རྟགས་སྣ་དགུ་ཚང་བ་ཞིག་བྱུང་བ་ནི།”ཞེས་དང་། “ཅིའི་ཕྱིར་གྲི་གུམ་བཙན་པོ་བྱ།
ལུས་ལ་གྲི་རྟགས་བཅུ་གསུམ་ཡོད། དཔྲལ་བར་ཁྲག་གི་སྨེ་བ་ཡོད།
དཀོར་དུ་མཚོན་ཆ་སྣ་ཚོགས་ཡོད། དྲག་རྩུབ་ལོག་ཆོས་སྣ་དགུ་སྤྱོད།
ལྷ་རུ་ཚངས་པ་བརྒྱ་བྱིན་བསྟེན། ལུས་པ་གྲི་རྟགས་ཡོད་པས་ན།
དེ་ཡི་ཕྱིར་ན་གྲི་རུམ་ཞེས་བྱ།”དང་“ནམ་གྱི་གུང་ལ་བཙས་པས་ན།
དེ་ཡི་ཕྱིར་ན་རུམ་ཞེས་བྱ།”སོགས་ལོ་རྒྱུས་དག་ལས་གསལ། གཞན་ཡང་གྲི་གུམ་ཞེས་པ་ནི་ལོ་ངམ་གྱིས་གྲིར་བཀྲོངས་པས་“གྲི་གུམ་”ཞེས་ཐོགས་ཚུལ་ཅིག་དང་། “འོན་ཀྱང་ཆུ་དགུའ་སྲིད་དགུམ་གྱིས་“དྲི་གུམ་བཙན་པོ་”ཞེས་ཐོག་ཤིག་ཆེས་མཆི་ནས། “གྲི་གུམ་”མཚན་པར་བཏགས་ནས་མཚན་བཏགས་ནོར་”བ་བཅས་བཤད་སྣང་དུ་མ་ཞིག་མཆིས། སྐུ་གཤེན་ནི་ཕ་བ་མཚེ་གཅོ་ཡིས་མཛད།
གསས་ཁང་ས་ལེ་བྱིའུ་ཚང་བཞེངས།
གྲི་གུམ་ནོར་མ་སོན་བར་དུ་སྐུ་གཤེན་དང་བློན་པོ་ཚོས་ལམ་སྟོན་ལས་རྒྱལ་པོ་གོང་མ་རིམ་བྱོན་བཞིན་དུ་རྒྱལ་སྲིད་བོན་བཞིན་བསྐྱོངས།
དགུང་ལོ་ཉེར་བརྒྱད་ནས་སེམས་ལ་གདོན་(སྤྱིར་ན་རྒྱལ་པོ་གྲི་གུམ་ནི་བདུད་ཀྱི་སྲས་སམ་བདུད་ཀྱི་སྤྲུལ་པ་ཞིག་ཡིན་ཚུལ་ཞིག་སྣང་།)ཞུགས་(བློན་པོ་ལི་བཙན་བཞེར་དང་།
རད་ན་སི་ཏི་སོགས་ཀྱིས་བོན་ཆོས་ལ་ཕྲག་དོག་ལས་སོགས་ཀྱིས་རྐྱེན་བྱས།)ཏེ་སྐུ་གཤེན་རྣམས་ཀྱི་གོ་སར་རྒྱལ་པོ་དང་དོ་མཉམ་དུ་འདུག
ནམ་ཞིག་རྒྱལ་སྲིད་ཀྱི་དབང་ཡང་སྐུ་གཤེན་རྣམས་ལ་ཤོར་དྭོགས་ཀྱིས་འགྲན་སེམས་ཅིག་དང་ལྷན་ཏུ་བོན་གསང་བ་སྔགས་རྫོགས་ལས་སོགས་ལ་ཉམས་ལེན་དང་དད་པ་གུད།
བོན་བསྟན་ལོ་བདུན་རིང་བསྣུབས་པའི་ལོ་རྒྱུས་ཐོག་མར་བྱུང་། འོད་ཀྱི་དམུ་ཐག་དང་དམུ་སྐས་ཡར་དེ་སོང་།
སྡིག་ལས་ལ་དད་པའི་ནང་ཁར་རྙོག་གླེང་མང་དུ་ཕྱིན་སྟབས།
ཕྱིས་སུ་གདུང་ཡང་ས་ལ་ལས་པའི་ལོ་རྒྱུས་བྱུང་། འབངས་གྱེན་ལངས་བྱུང་ཏེ་མཐར་རྟ་རྫི་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་ཕྱི་མར་བརྫངས།
ལོ་ངམ་རང་གིས་རྒྱལ་སྲིད་བཟུང་ནས་སྲས་སྤུ་ལྡེ་དང་བློན་པོ་འགའ་དྭགས་ཀོང་ཕྱོགས་སུ་སྤྱུགས།
བློན་དྲག་གྲས་རིགས་བསད་གཞན་བློན་པོ་མི་ཉུང་བ་ཞིག་ཁྲིམས་ལ་སྦྱོར་དེ་དབང་བསྒྱུར་ལོ་ངོ་བཅུ་གསུམ་ལ་མཛད།
།
བོད་རྒྱལ་དགུ་པ་སྤུ་ལྡེ་(དེ)གུང་རྒྱལ་ནི་ཡབ་རྒྱལ་པོ་གྲུ་གུམ་(རུམ་)བཙན་པོ་དང་ཡུམ་དཔལ་(བལ)བཟའ་ཁྲི་བཙན་མ་གཉིས་ཀྱི་སྲས་བྱ་ཁྲི་དང་ཉ་ཁྲི་ཤ་ཁྲི་སྤུན་གསུམ་འཁྲུངས་པ་ལས་སྤུན་རྒན་པ་བྱ་ཁྲི་ཡིན།
སྤུ་ལྡེ་ཞེས་པའི་མཚན་ནི་“བྱ་རྟ་སྤྱང་གསུམ་གྱི་སྤུ་ལས་སྐྲ་དང་བ་སྤུ་བྱས་པ་གཅིག་བྱུང་བས།
མིང་ཡང་སྤུ་དེ་གུང་རྒྱལ་བཏགས་སོ།”ཞེས་དང་“དེ་དང་དཔལ་བཟའ་ཁྲི་བཙུན་སྲས།
བྱ་དང་རྟ་དང་སྤྱང་ཀུ་གསུམ་གྱི་སྤུ་ལས་སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་བས་མིང་ཡང་སྤུ་ལྡེའུ་གུང་རྒྱལ་བཏགས་སོ།”ཞེས་གསལ་ལ། སྤྱིར་ན་“སྤུ་”ཞེས་པ་དེ་“རྗེ”བོ་དང་“རྒྱལ་པོ་”ལ་སྐབས་ལ་ལེར་འཇུག་པ་སྣང་ཡང་འདིར་“སྤུ་ལྡེའུ་”ཞེས་པའི་“སྤུ་”དེ་དེ་ལྟར་ཐོགས་པ་མ་ཡིན་པར་ལོ་རྒྱུས་དག་ལས་གསལ་བ་ལྟར་ན་གཟུགས་སྟེང་གི་བ་“སྤུ་”དང་འབྲེལ་བའི་མཚན་བཏགས་པའི་ཚུལ་ཞིག་ཏུ་མངོན་ལ།
ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་(རུམ)ཕྱི་མར་བརྫངས་ཏེ་ཡུམ་བལ་(དཔལ་)བཟའ་རྫི་བོར་མངགས་སྲས་མོ་མེ་ཏོག་མར་འདོད་པར་སྤྱད་པ་བཅས་འཇིག་རྟེན་མི་ཆོས་ལས་བརྒལ་བའི་བྱ་སྤྱོད་དང་བོད་ཁམས་ན་བཀྲ་མི་ཤིས་པའི་བྱུང་བ་དེ་དག་སྤུ་ལྡེ་གུང་རྒྱལ་ཀྱི་གཅུང་པོ་རུ་ལས་སྐྱེས་ཀྱི་ཐུགས་ལ་མ་བཟོད་པར་ཤུམ་པོ་མཁར་རྩེར་ཕྱིན་ནས་ལོ་ངམ་བསད།
ལོ་ངམ་གི་འཁོར་བཅས་རེ་འགའ་བསད་ནས་ཡུལ་ལུང་དབང་དུ་བསྡུས།
གསོན་ལ་བཀྲ་མི་ཤེས་པ་བྱུང་བ་ནི་“མོ་དང་རྨི་ལྟས་ལ་བརྟགས་པའི་ཀུན་གྱིས་རྒྱལ་པོའི་པུར་ཆུ་ལ་བསྐུར་བའི་ལན་པ་ཡིན་ཟེར།
དེ་ལོན་པའི་ཐབས་ཤེས་བྱས”ནས་རྙེད་སོན་བྱུང་། (གཤེན་པོ་རྣམས་ཀྱིས་ཀོང་ཡུལ་བྲེ་སྣ་རུ་རྒྱལ་གྱི་གྲི་འདུར་མཛད།) དེ་ནས་རིམ་གྱིས་རྒྱལ་བའི་བསྟན་པ་ལྡིང་། བོད་ཁམས་སུ་བཀྲ་ཤིས་པའི་སྔ་སྟས་བྱུང་།
འདི་ལ་མི་མཐུན་པ་ནི་“བང་སོ་ཡར་ལུང་དྲང་མོ་དྲང་ཆུང་གི་གཡའ་ལ་བཏབ”པའི་བཤད་སྣང་ཞིག་དང་“བང་སོ་ཀོང་པོ་མི་ཡུལ་སྐྱིད་མཐིང་ལ་བཏབ”ཟེར་བའི་བཤད་རྒྱུན་ལུགས་གཉིས་སུ་མཆིས་མོད་ཀྱང་ཁོ་བོས་“ཀོང་ཡུལ་དུ་བང་སོ་བཏབ་”པར་སྙམ། རྒྱུ་མཚན་ནི་“དྲན་པའི་ལུང་བསྟན་ཆུང་བ་”དང་ནམ་རྒྱུན་བཤད་སྣང་དུ་མ་ཞིག་མཐུན་པར་རློམ་པ་ཙམ་ཡིན་ཡང་དཔྱད།
བཅུང་པོ་རུ་ལས་སྐྱེས་ནས་རྒྱལ་སྲས་བྱ་ཁྲི་འམ་སྤུ་ལྡེ་གུང་རྒྱལ་ཀོང་ཡུལ་ནས་གདན་ཞུས་ཏེ་ཕྱི་ལོའི་ཡར་སྔོན་(༦༦༧)ཆུ་གླང་ལོར་བོད་ཀྱི་རྒྱལ་སྲིད་གཏད།
དེ་ནས་བཟུང་སྤུ་ལྡེའུ་གུང་རྒྱལ་མཆོག་ནས་ཡབ་གྲི་གུམ་(རུམ་)བཙན་པོའི་འཁྲུལ་བའི་བྱ་སྤྱོད་དག་གིས་གཡུང་དྲུང་བོན་གྱི་བསྟན་པ་ལ་གོད་ཆགས་དང་གཤེན་པོ་དང་འབངས་མི་སེར་ལ་དཀའ་སྡུག་སྣ་ཚོགས་ཅིག་མྱོང་ཚོར་སྟེར་ཡོད་པ་ལེགས་རྟོགས་བྱུང་ནས་གནངས་འགྱོད་ཅིག་དང་ལྷན་དུ་སྔར་གྱི་མེས་པོ་གོང་མ་རྣམས་ཀྱིས་རྒྱལ་སྲིད་བོན་བཞིན་སྐྱོང་པ་ཅི་བཞིན་བོན་ཁྲིམས་སྲིད་པའི་ཐོ་ཆེན་བཛུགས་ཏེ་ཁམས་བརྒྱད་དང་འབུམ་སྡེ་ལྔ་ལ་སོགས་ཞང་ཞུང་ཡུལ་ནས་གདན་དྲངས་ཏེ་བོན་བསྟན་སླར་གསོ་མཛད་དེ་གསས་མཁར་ཁྲི་རྩེ་དགུ་བརྩེགས་བཞེངས་ལ་སྐུ་གཤེན་ཞང་ཞུང་བ་ཚེ་ཡི་རྒྱལ་པོ་མཛད།
།
གྲི་གུམ་(རུམ)་བཙན་པོ་དང་སྤུ་ལྡེའུ་གུང་རྒྱལ་གཉིས་ཀྱི་བར་དུ་བསྟན་པ་ཅུང་ཟད་ལྡིང་བས་བར་གྱི་ལྡིང་གཉིས་ཐོགས་པའི་བཤད་སྣང་ཡང་འདུག
།
དཔྱད་གཞིའི་ཕྱག་དཔེ་ཁག་ཅིག
ཁྲོ་འགྲེལ།
བསྒྲགས་བྱུང་དང་ཉི་སྒྲོན།
ཡང་རྩེའི་འགྲེལ།
དགའ་སྟོན་གྱི་ཐེག་འགྲེལ། ལེགས་བཤད་མཛོད། དར་རྒྱས་གསལ་སྒྲོན། ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད།
སྔ་འགྱུར་རྙིང་མའི་ཆོས་འབྱུང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།
བྱམས་མ་རིགས་ཀྱི་འཇིག་སྐྱབས། ཞ་ལུ་པའི་ཆོས་འབྱུང་། དྲུང་མུའི་ཞབས་རྗེས།
ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་།
བོན་སྒོ་འདོན་ཐེངས་བཅུ་དྲུག་པ། བོད་ཀྱི་གདུང་རུས་ཞིབ་འཇུག
བོད་ཀྱི་གྲུབ་མཐའི་རྣམ་བཤད།