ཁྱུང་སྤྲུལ་རིན་པོ་ཆེའི་ཞལ་གདམས།
རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།།
བསམ་དོན་དགེ་བ་འགྲུབ་པར་བྱིན་གྱིས་རློབས།།
འདི་ལྟར་བདག་གི་རྗེས་འཇུག་སློབ་འབངས་ལ།།
འདི་ཕྱི་གནིས་ཀར་ཕན་པའི་གཏམ་ཞིག་བཤད།།#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
བདག་གི་ཤུལ་འདུག་གུར་གྱམ་སེར་སྐྱའི་ཚོགས།།
བདག་ལ་དད་ན་བླང་དོར་འདི་བཞིན་མཛོད།།
བླ་གྲྭ་རྒན་རྣམས་དཀར་ནག་གྲོང་ཆོག་སྤོངས།།
དབེན་པར་ཉམས་ལེན་སྒྲུབ་མཛོད་གུར་གྱམ་པ།།
གང་མང་ཐོབ་ཀྱང་དཀར་ལ་སྙིང་པོ་མེད།།
དེ་མཁྱེན་ཆོག་ཤེས་མཛོད་དང་གུར་གྱམ་པ།།
གཞོན་རྣམས་བསྟན་དང་དགོན་པའི་ལས་བྱེད་ཀྱང་།།
གཙོ་བོ་སྤྱི་དོན་གྱིས་དང་གུར་གྱམ་པ།།
སྤྱི་དོན་བསྒྲུབ་ན་རང་དོན་ཤུགས་ལས་འོང་།།
དེ་ཤེས་བསྟན་ཞབས་བསྒྲུབ་དང་གུར་གྱམ་པ།།
ཆུང་བ་རྣམས་ཀྱིས་འབྲི་ཀློག་ཆོས་ལ་སྦྱོངས།།
གྲོང་པའི་རྫི་བོ་མ་བྱེད་གུར་གྱམ་པ།།
དགོན་པར་བསྡད་ཅིང་ཆོས་ལ་སྦྱངས་བརྩོན་ན།།
མིས་སྨོན་བདག་སྐྱིད་འོང་ངོ་གུར་གྱམ་པ།།
ཕ་མས་གྲྭ་བཙུན་ཁྱིམ་དུ་བཟུང་བཟུང་ན།།
ཐ་མས་སྐྱ་སར་ལྷུང་ངོ་གུར་གྱམ་པ།།
སྐྱ་སར་བབས་དུས་ཕལ་ཆེར་གཞན་རྗེས་འབྲངས།།
རང་ལ་པན་པ་མེད་དོ་གར་གྱམ་པ།།
སློབ་མ་རབ་རྣམས་དབེན་པའི་རི་ཁྲོད་འགྲིམས།།
སྒྲུབ་པའི་རྒྱལ་མཚན་ཟུངས་ཤིག་གུར་གྱམ་པ།།
སློབ་འབངས་འབྲང་རྣམས་བསྟན་པའི་དགོན་པ་འཚོས།།
བླ་གྲྭའི་སྤྱི་ནོར་མ་རློམས་གུར་གྱམ་པ།།
སློབ་བུ་དམངས་རྣམས་རང་འཁོར་ཆོས་ལ་སྤྱོད།།
སྨད་ར་གཏོང་རེས་མ་བྱེད་གུར་གྱམ་པ།།
ཟ་འདོད་སྐྱིད་འདོད་ཆེ་ན་ཆོས་མི་འགྲུབ།།
དཀའ་སྤྱད་སྙིང་རུས་གྱིས་ཤིག་གུར་གྱམ་པ།།
བླ་གྲྭ་ཆེ་རྣམས་ཆང་འཐུང་སྐྱུར་འགོང་རྒྱག།།
ཆུ་བོ་འགོ་ནས་མ་སྙོག་གུར་གྱམ་པ།།
ཆང་ཞེས་བྱ་བ་འཁྲུག་ལོང་བག་མེད་རྒྱུ།།
ཕལ་ཆེར་སྤངས་ན་དགའ་འོ་གུར་གྱམ་པ།།
ཧ་ཅང་ཆུང་ལ་དད་པ་ཆེ་གྱུར་ན།།
གྲགས་ཉམས་སྡོམ་པ་འཆོར་རོ་གུར་གྱམ་པ།།
ཆང་འཐུང་མི་ལ་བག་ཡོད་ཡོན་ཏན་མེད།།
བླ་མ་གྲྭ་པས་ཆང་སྤོངས་གུར་གྱམ་པ།།
བླ་གྲྭ་རྣམས་ཀྱིས་ཤ་ཟ་སྒོ་ཟོག་གསོད།།
སྲོག་གཅོད་སྡིག་རྒྱུན་མ་འཛུག་གུར་གྱམ་པ།།
ཤ་ཞེས་བྱ་བ་སྡུག་སྡིག་ངན་འགྲོའི་རྒྱུ།།
ཐུབ་ཚེ་སྤངས་ན་དགའ་འོ་གུར་གྱམ་པ།།
ཧ་ཅང་ཤ་ལ་ཟ་འདོད་ཆེ་གྱུར་ན་ཀྱང་།།
ཉིན་རེ་ལུག་སྡིག་མ་གསོག་གུར་གྱམ་པ།།
ཤ་ཟའི་མི་ལ་སྙིང་རྗེ་ཡོན་ཏན་མེད།།
བླ་གྲྭ་སྲོག་གཅོད་སྤོངས་ཤིག་གུར་གྱམ་པ།།
སྡུག་རྩ་ཐུག་ཀྱང་ཚེ་ཐར་ནོར་ལུག་རྣམས།།
མ་གསོད་རང་བཞིན་འཆིར་ཆུག་གུར་གྱམ་པ།།
ཇི་ཙམ་རྒས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན།།
བཙོང་ནས་ཟ་བར་མ་བྱེད་གུར་གྱམ་པ།།
གྲྭ་པ་རྣམས་ཀྱིས་ལྐོག་དུ་བུ་མེད་བསྟེན།།
སྡོམ་པ་ངོས་ལྐོག་མ་བྱེད་གུར་གྱམ་པ།།
བུད་མེད་བྱ་བ་ཤིན་ཏུ་མི་བཟང་བས།།
སུས་ཀྱང་མགུ་བར་མི་ནུས་གུར་གྱམ་པ།།
ཅིས་ཀྱང་བརྟེན་ན་རང་ཡོད་རོགས་ཐོབ་ནོར།།
ཟད་པར་བྱིན་ཀྱང་མིན་ནོ་གུར་གྱམ་པ།།
འཕྱོན་མ་བསྡུ་ལ་བདེ་བའི་ཡོན་ཏན་མེད།།
ཆོས་པས་བྱི་བྱེད་སྤོངས་ཤིག་གུར་གྱམ་པ།།
ཇོ་བཙུན་རྣམས་ཀྱིས་རང་རང་མཚམས་ཕུག་ཟུངས།།
ཚེ་དང་སྒྲུབ་པ་སྙོམས་ཤིག་གུར་གྱམ་པ།།
བླ་གྲྭའི་གཡོག་བྱེད་མེ་གཏོང་རྩམ་འཐག་སོགས།།
དོན་མེད་འགྲོ་འདུག་མ་གཡང་གུར་གྱམ་པ།།
དཀོར་པ་རྣམས་ནི་བླ་མ་འདས་པའི་རྗེས།།
དཀོར་འཁྱེར་གཞན་ལ་མ་འབྲོས་གུར་གྱམ་པ།།
དཀོར་ཟོག་ར་ལུག་བརྐུས་བཤས་ཟ་བ་དང་།།
ནོར་ལུག་བཟང་ངན་མ་འབྱེད་གུར་གྱམ་པ།།
མཆོད་སྦྱིན་གཏོང་སྒོ་ལོ་རིམ་མ་ཆད་ཕུལ།།
རང་ལ་ཡར་བསྐྱེད་དགའ་འོ་གུར་གྱམ་པ།།
མ་འཇལ་རང་གིས་ཟོས་ན་བསོད་ནམས་ཉམས།།
ལོ་རིམ་ཇེ་སྡུག་དབུལ་ལོ་གུར་གྱམ་པ།།
བཟའ་མིའི་ལྟོ་གོས་ཕྱིར་དུ་དཀོར་བླངས་ནས།།
དགོན་པའི་མཆོད་རྒྱུན་མ་གཅོག་གུར་གྱམ་པ།།
སྤྱི་ལས་རྣམས་ཀྱིས་རང་འདོད་ཕྱོགས་རིས་བྱེད།།
སྤྱི་དོན་ལུས་སུ་མཇུག་གུར་གྱམ་པ།།
རང་དོན་བསྒྲུབ་ན་མི་རིང་འཕྲལ་དུ་ཉམས།།
དེ་ཕྱིར་སྤྱི་དོན་གྱིས་ཤིས་གུར་གྱམ་པ།།
དེ་ལྟར་བྱེད་མཁན་ཐམས་ཅད་བདེ་ཞིང་སྐྱིད།།
སྐྱིད་ཐབས་དེ་ལྷག་མེད་དོ་གུར་གྱམ་པ།།
བདག་ནི་མི་གནས་ལན་གཅིག་མཁའ་སྤྱོད་འགྲོ།།
ཁྱེད་རྣམས་དེ་ལྟར་མཛོད་ཅིག་གུར་གྱམ་པ།།
ཚེ་འདིར་མཇལ་བ་སྐད་ཅིག་ཡུད་ཙམ་གདའ།།
ཕྱི་མར་མཇལ་ནས་འབྲལ་མེད་འགྲོགས་པར་སྨོན།།
གཏམ་འདིས་གུར་གྱམ་མི་ལ་ཕན་ཐོགས་ཤིང་།།
གནས་འདིསར་བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག།།
ཅེས་ཁྱུང་སྤྲུལ་རིན་པོ་ཆེས་གསུངས་པའོ།།